རྒྱ་ནག་སྤྱི་ཚོགས་ཀྱི་ཅི་བྱ་གཏོལ་མེད་དང་ངང་སྒུག་ཁྲོད། ཕྱི་ཟླ་༧ཚེས་༢༩ཉིན། རྒྱ་ནག་གཞུང་གིས་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་བ་དང་། རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་བ་ཀྲུག་ཡོན་ཁཱང་གིས་སྒྲིག་ཁྲིམས་དང་འགལ་འཛོལ་ཀྱི་བྱས་ཉེས་ཚབས་ཆེན་བསགས་ཡོད་པར་གྱོད་དོན་ཐོ་འགོད་ཀྱིས་ཞིབ་དཔྱོད་བྱེད་ཀྱིན་ཡོད་ལུགས་ཁྱབ་བསྒྲགས་བྱས་ཡོད། ཀྲུག་ཡོན་ཁཱང་གི་གྱོད་དོན་བསྒྲགས་བ་དེས་རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕེང་གིས་ཆབ་སྲིད་ཀྱི་དབང་ཆ་བཟུང་རྗེས་ཚ་ཚ་འུར་འུར་དུ་སྤེལ་བའི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་ཡང་རྩེར་སོན་པ་མཚོན་ཡོད།
རྒྱ་ནག་དམར་པོའི་གཞུང་གིས་རྒྱ་ནག་དབང་བསྒྱུར་ནས་ལོ་༦༠ལྷག་གི་རིང་། ཀྲུག་ཡོན་ཁཱང་ནི་ལྐོག་ཟ་རུལ་སུངས་དང་སྒྲིག་ཁྲིམས་དང་འགལ་བའི་ཉེས་པ་ཕོག་མཁན་དཔོན་རིགས་མཐོ་ཤོས་དེ་ཡིན།
ལོ་རབས་༩༠ནས་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་དུ་ཞི་བདེའི་ངང་དབང་ཆ་བརྗེ་སྤོའི་བརྒྱུད་རིམ་ཞིག་ཆགས་པ་དང་། དེའི་སྔོན་གྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟོས་ན། དཔོན་རབས་དང་པོ་མའོ་ཙེ་ཏུང་ནས་དཔོན་རབས་གཉིས་པ་ཏིན་ཞའོ་ཕེང་བར་རིག་གནས་གསར་བརྗེ་ཆེན་མོ་དང་མི་བཞི་ཤོག་ཁག་གི་དོན་རྐྱེན་བྱུང་བ་དང་། ཏིན་ཞའོ་ཕེང་ནས་ཅང་ཚེ་མེན་བར་༨༩ལོའི་སློབ་མའི་དམངས་གཙོ་ལས་འགུལ་བྱུང་ཡོད། གོང་ཞུས་དབང་ཆ་བརྗེ་སྤོའི་དེ་གཉིས་གར་ཁྱོད་ཤི་ང་གསོན་གྱི་ཁྲག་དྲིས་ཁེངས་ཡོད་པས། མེ་མདའི་ཁ་ནས་སྲིད་དབང་ཐོན་ཞེས་བའི་མའོ་ཙེ་ཏུང་གི་སྐད་ཆ་དེ་ར་སྤྲོད་བྱས་པ་དང་ཀུན་ནས་མཚུངས།
ཏིན་ཞའོ་ཕེང་གི་རྗེས་སུ་རྒྱ་ནག་ཆེས་མཐོའི་དབང་ཆའི་རིམ་པར་འཇོན་ཐང་ཅན་གྱི་ཆབ་སྲིད་མི་སྣ་མེད་པའི་གནས་སྟངས་ཤར་ནས། ཐུན་མོང་འགོ་ཁྲིད་ལམ་ལུགས་དེ་ཆེས་མཐོའི་དབང་ཆ་འཁོར་རྒྱུགས་ཀྱི་མ་དཔེ་རུ་གྱུར། དེ་བས་ན། རུལ་སུངས་ལ་རྒོལ་རྡུང་དེ་དབང་ཆ་འཐབ་རྩོད་ཀྱི་ལག་ཆ་གསར་བ་རུ་གྱུར་བ་མ་ཟད། རུལ་སུངས་ལ་རྒོལ་རྡུང་གི་དར་ཆ་དགུང་ལ་འཕྱར་ནས་རང་རང་གི་དགྲ་ཡ་འགྲན་ཡ་སོགས་ལ་འཁོན་ལན་ལེན་པ་དང་ཕམ་པར་རྒྱག་རྒྱུའི་གོ་སྐབས་ཤིག་ཏུའང་གྱུར་ཡོད། དེ་འདྲའི་རྣམ་པའི་ཆ་ཡི་བྱེད་སྟངས་ལ་ཆབ་སྲིད་ཀྱི་ཆ་ནས་དྲང་བདེན་གྱི་རང་བཞིན་ལྡན་ཞིང་། དམངས་ཁྲོད་དུ་རྒྱབ་སྐྱོར་ཡང་རེག་ཡོད།
དེའི་སྟབས་ཀྱིས་ཅང་ཙེ་མེན་དུས་རབས་ནས་བཟུང་། དབང་ཆ་བརྗེ་སྤོ་དང་མཉམ་དུ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་སྤེལ་རྒྱུའི་སྲོལ་དར་བ་དང་། དམངས་ཁྲོད་དུ་དབང་ཆ་བརྗེ་སྤོའི་དུས་སུ་ཆབ་སྲིད་འཐུས་མི་ཁག་ཅིག་ལོག་ངེས་ཡིན་ཞེས་བཤད་སྲོལ་ཡོད། དོན་དངོས་སུའང་དེ་འདྲ་ཡིན་ལ། དཔེ་ན། དབུས་ཆབ་སྲིད་འཐུས་མི་དང་པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཞས་ཐོན་ལྐོག་ཟ་རུལ་སུངས་དང་འབྲེལ་ནས་ཕམ་པར་བརྒྱབ་རྗེས་ཅང་ཙེ་མེན་གྱི་ད་གཟོད་དབང་ཆ་ཟིན་པ་དང་། དེ་བཞིན་ཏུ་དབུས་ཆབ་སྲིད་འཐུས་མི་དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཁྲིན་ལཱང་ཡས་ལྐོག་ཟ་རུལ་སུངས་ལ་འབྲེལ་ནས་ཕམ་པར་བརྒྱབ་རྗེས་ཧོའུ་ཅིན་ཐའོ་ཡིས་གཞི་ནས་དབང་ཆ་ཟིན་པ་ལྟ་བུ་རེད།
ཕྱི་ལོ་༢༠༡༢ལོའི་ཚོགས་ཆེན་༡༨པའི་རྗེས་སུ་ཞི་ཅིན་ཕེང་རྒྱ་ནག་གི་དཔོན་རབས་ལྔ་བར་གྱུར་ནས་དབང་ཆ་ཡོད་ཚད་གཅིག་ལྕོགས་གནང་བ་དང་། འདས་པའི་ལོ་གཉིས་ཙམ་རིང་གི་རྒྱ་ནག་གི་དབང་ཆ་འཁོར་རྒྱུགས་བྱེད་སྟངས་ལ་གཞིགས་ན། ཐུན་མོང་འགོ་ཁྲིད་ལམ་ལུགས་དེ་གཏོར་ནས་འཇོན་ཐང་ཅན་གྱི་ཆབ་སྲིད་མི་སྣས་གཅིག་བསྡུས་ཀྱི་ལམ་ལུགས་ལ་ཡང་བསྐྱར་ཞུགས་ཀྱིན་པའི་རྣམ་པ་ཞིག་ཤར་ཡོད། ལྷག་དོན་སྐབས་༡༨པའི་ཚོགས་ཐེངས་༣པའི་རྗེས་སུ། དབང་ཆ་གཅིག་བསྡུས་ཀྱི་རྣམ་པ་ཇེ་གསལ་ལ་སོང་ནས། བཅོས་བསྒྱུར་ཚོགས་ཆུང་དང་བདེ་འཇགས་ཚོགས་ཆུང་ཞེས་པ་གཉིས་གསར་དུ་བཙུགས་ནས་རྒྱལ་ཁབ་ཡོངས་ཀྱི་ལས་དོན་མཐའ་དག་ལ་གཅིག་གྱུར་གྱིས་དོ་དམ་བདག་སྐྱོང་བྱས་པ་མ་ཟད། ཞི་ཅིན་ཕེང་གིས་ཚོགས་ཆུང་དེ་གཉིས་ཀའི་འགོ་ཁྲིད་གྱི་འགན་བཞེས་ཡོད། འདི་འདྲའི་རྒྱབ་ལྗོངས་འོག་སྔོན་ཆད་བྱུང་མྱོང་མེད་པའི་རུལ་སུངས་ལ་རྒོལ་རྡུང་གི་དྲག་རླུང་གཡུག་པར་ཡ་མཚར་སྐྱེ་མི་དགོས་ལ། དབུས་ཆབ་སྲིད་རྒྱུན་ལས་ཟུར་བ་ཀྲུག་ཡོན་ཁཱང་གི་ཞིབ་དཔྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་པར་དེ་བས་ཀྱང་ཡ་མཚར་མིན།
ཚོགས་ཆེན་༡༨པའི་རྗེས་སུ་ཞི་ཅིན་ཕེང་གིས་སྟག་དང་སྦྲང་མ་མཉམ་གསོད་བྱེད་རྒྱུའི་ངར་སྐད་བསྒྲགས་པ་ནས་དེ་རིང་བར། དབུས་ཆབ་སྲིད་རྒྱུན་ལས་ཟུར་བ་གཅིག་དང་འཐུས་མི་གཉིས། དེ་མིན་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་ཉི་ཤུ་ལྷག་ཚོགས་ཁོངས་ནས་ཕྱིར་ཕུད་དང་གོ་ས་ནས་གནས་དབྱུང་བཏང་ཡོད། ཀྲུག་ཡོན་ཁཱང་བཟང་བཙོན་དུ་བཀག་ཡོད་ལུགས་ཀྱི་གནས་ཚུལ་ཕྱི་རུ་ཐོན་ནས་ལོ་གཅིག་ལྷག་གི་རྗེས་སུ་ད་གཟོད་ཁྱབ་བསྒྲགས་བྱེད་ཐུབ་པ་དེས་ཞི་ཅིན་ཕེང་གིས་གཞི་ནས་དབང་ཆ་ཡོངས་རྫོགས་ཟིན་ཡོད་པ་དང་ད་ལྟ་ཁོང་ལ་སྐྲག་ས་འཇིགས་ས་མེད་པ་མཚོན་ཡོད་པ་མ་ཟད། ཀྲུག་ཡོན་ཁཱང་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་དཔྱོད་བྱེད་རྒྱུར་ཕྱོགས་སོ་སོ་དང་སྒོས་སུ་ཞི་ཅིན་ཕེང་དང་། དབུ་ཁྲིད་ཟུར་བ་ཅིང་ཙེ་མེན་དང་ཧོའུ་ཅིན་ཐའོ་བར་ཆབ་སྲིད་ཀྱི་ཉོ་ཚོང་འགྲིག་ནས་ཁོང་གཉིས་ཀྱི་མུས་མཐུན་རེག་ཡོད་པའང་མཚོན།
མི་མང་པོ་ཞིག་གིས་སྟག་བསད་རྗེས་ད་གཟོད་སྦྲང་མ་ཚར་གཅོད་བྱེད་ཐུབ་རྒྱུར་ཡིད་ཆེས་བྱས་ཡོད། ཡིན་ན་ཡང་། གནད་དོན་ནི་འདི་ལྟ་བུའི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་ཏེ། ཁ་གསར་བོ་བཤད་ན་འདི་ལྟ་བུའི་དབང་ཆ་གཅིག་བསྡུས་འཁོར་རྒྱུགས་མ་དཔེས་རྒྱ་ནག་གི་ད་ལྟའི་དངོས་ཡོད་གནད་དོན་རིགས་སེལ་ཐུབ་བམ།
དོན་དངོས་སུ། རྒྱ་ནག་གི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་ལྡོག་ཕྱོགས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད། རུལ་སུངས་ལ་རྒོལ་རྡུང་རང་སྟེང་ན་དབང་ཆ་ལོག་སྤྱོད་ཀྱི་ཆ་ཡོད་པས། བལྟོས་མེད་གྱི་དབང་ཆ་ལས་བལྟོས་མེད་གྱི་རུལ་སུངས་བྱུང་གི་ཡོད་པ་ཇི་བཞིན་རེད། རུལ་སུངས་ལ་སྔོན་འགོག་དང་ཚར་གཅོད་བྱ་རྒྱུའི་གནད་འགག་ནི་དབང་ཆར་ཚོད་འཛིན་བྱ་རྒྱུ་ལས་མ་འདས། དབང་ཆ་ཚོད་འཛིན་བྱེད་དགོས་ན་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་འགྱུར་བ་བཏང་ནས་དམངས་གཙོ་ཆབ་སྲིད་དང་། གོ་རིམ་ཁྲིམས་སྐྱོང། གསར་འགྱུར་དང་སྨྲ་བརྗོད་རང་དབང་ཡོད་པར་བྱས་ན། ད་ལྟའི་གནད་དོན་དེ་དག་མང་པོ་ཞིག་རང་བཞིན་གྱིས་སེལ་ཐུབ། དེ་ལས་ལྡོག་དེ་གདུག་རྩུབ་ཆེ་ཞིང་ཡ་ང་མེད་པའི་ཀུན་སྤྱོད་དག་ཐེར་རང་བཞིན་ཅན་གྱི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཙམ་གྱིས་གནད་དོན་གྱི་རྩ་བ་སེལ་མི་ནུས་པ་མ་ཟད། སྐབས་འཕྲལ་སྟེང་ལྤགས་ཙམ་སེལ་ཐུབ་མིན་ལའང་ཐེ་ཚོམ་ཡོད།
ཀྲུག་ཡོན་ཁཱང་གིས་གཙོས་ལྐོག་ཟ་རུལ་སུངས་བ་སྐོར་ཞིག་ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་པ་བདེན་ཡང་། གལ་སྲིད་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་དབང་ཆ་འཐབ་རྩོད་གྱི་ལག་ཆའི་ལས་དབང་ལས་ཐར་མ་ནུས་ཚེ། རྒྱ་ནག་དམར་ཤོག་དེང་གཞུང་འདི་དབང་ཆ་གཅིག་བསྡུས་ཅན་གྱི་ལོག་ལམ་སྟེང་ཕར་སོང་གི་ཐག་ཇེ་རིང་ལས། མཇུག་མཐར་རྒྱ་ནག་སྤྱི་ཚོགས་སུ་ལྷག་པའི་དངོས་ཡོད་གནད་དོན་རིགས་སེལ་ཐབས་མེད།