སྲིད་སྐྱོང་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་གསུང་བཤད་གནང་བ།

1154ཕྱི་ལོ ༢༠༡༤ ཟླ ༨ ཚེས ༡༣ ཉིན། བཞུགས་སྒར་དྷ་ས་ན་ཡོད་པའི་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སྐབས་དང་པོ་དང་། གཉིས་པའི་དབུ་མ་རམ་འབྱམས་པའི་བསླབ་པ་མཐར་སོན་དང་། སྐབས་གསུམ་པ་དང་བཞི་པའི་ཕར་ཕྱིན་གྱི་བསླབ་པ་མཐར་སོན། དེ་བཞིན་འབྲིང་རིམ་རིག་གནས་བསླབ་པ་མཐར་སོན་པའི་མཛད་སྒོ་དེ་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོགས་ཁང་ནང་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་ཀིརྟི་དགོན་པའི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སོ་རུ་བློ་བཟང་དར་རྒྱས་ལགས་ཀྱིས་སློབ་གཉེར་ཁང་གི་ལས་བསྡོམས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་ ༡༤ ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་གསུངས་རྒྱུར། སྤྱིར་བཏང་ཤེས་ཡོན་གལ་ཆེན་པོ་ཡིན་པར་བརྟེན། བསླབ་པ་མཐར་སོན་བྱུང་བ་དེ་ཧ་ཅང་ཡག་པོ་རེད། ལྷག་པར་བརྒྱ་ཆ་ ༧༥ ལོན་པ་ནི་དེ་བས་ཀྱང་ཡག་པོ་རེད། འོན་ཀྱང་སྤུས་ཚད་ལྡན་པའི་ཐོག་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མཐོ་སློབ་ནང་བོད་པ་ཚོ་འདྲ་འདྲའི་ནང་ནས་མི་འདྲ་ཞིག་ཐོན་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངས་དུས་རྟག་ཏུ་བོད་པའི་སློབ་ཕྲུག་ཚོར་རྗོད་བཞིན་ཡོད། དེ་བཞིན་དགེ་འདུན་པ་རྣམས་ནས་ཀྱང་སློབ་སྦྱོང་བྱེད་སྐབས། རང་ཉིད་ཀྱི་མི་ཚེའི་བསྐྱལ་རྒྱུ་ཁོ་ནའི་ཆེད་དུ་སློབ་སྦྱོང་གནང་བ་མིན་པར། བོད་ཀྱི་ཛ་དྲག་གནས་སྟངས་སྐབས་ལ་བོད་སྤྱི་དོན་སླད་ལས་དོན་སྒྲུབ་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། སློབ་སྦྱོང་ཆོས་ཕྱོགས་ཐོག་ནས་ཏན་ཏན་ཡག་པོ་གནང་དང་གནང་མུས་ཡིན་པ་ལྟར། དེང་དུས་ཀྱི་ཤེས་ཡོན་ཐོག་ལ་ཡང་སྔར་ལྷག་འབད་བརྩོན་གནང་དགོས། འཛིན་སྐྱོང་བཀའ་ཤག་ངོས་ནས་སྤྱིར་ཀིརྟི་དགོན་པ་ནི་རིས་མེད་ཐོག་དོ་སྣང་གནང་མཁན་བོད་རྔ་པའི་དགོན་ཆེན་ཁྱད་པར་བ་ཞིག་དང་། ཡང་སྒོས་དགོན་བདག་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནི་ཆོས་སྲིད་གང་ཅིའི་ཐོག་ཐུགས་འགན་བཞེས་མཁན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།་ཅེས་སོགས་ཀྱི་གསུང་བཤད་གནང་འདུ

སྤྱིར་བཏང་ཀིརྟི་དགོན་པར་དགེ་ལས་བསྡོམས་པའི་དགེ་འདུན་པ་ ༡༧༣ ཡོད་ཅིང་། དེ་ཁོངས་སུ་སློབ་གཉེར་བ་ ༨༥ དང་། དགེ་རྒན་ ༡༧ ཡོད།

སྤྱིར་བཏང་བཤད་ན། བོད་བཙན་པོའི་གཞུང་དེ་བཙན་བྱོལ་གྱི་ངོ་བོར་གནས་ཡོད་ཀྱང་། བོད་དོན་གྱིས་གཙོས་ཕྱོགས་གང་ཅིའི་ཐད་གྲུབ་འབྲས་རླབས་ཆེན་བླངས་ཡོད་པ་རྩོད་མེད་ཡིན། ཡིན་ན་ཡང་། དེང་རབས་སློབ་གསོའི་ལས་དོན་ཐད་ཆབ་སྲིད་དང་འགྲོས་མཉམ་གྱིས་འགྲོ་ཐུབ་མེད་པ་འདྲ། སྟབས་ཡག་པོ་ཞིག་ལ་ལོ་ཤས་སྔོན་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལྟར་རང་གཞུང་གིས་གཞི་ནས་སློབ་གསོའི་ལས་དོན་ལ་དོ་སྣང་བྱས་ཡོད་པས། ནམ་ཡང་རྗེས་ལུས་མི་ཐེབས་པ་ནང་བཞིན་རང་གཞུང་གི་སློབ་གསོའི་ལས་དོན་ཡང་རྗེས་ལུས་ཐེབས་མེད།

འོན་ཀྱང་། འོས་འཚམ་གྱི་སྲིད་ཇུ་ཞིག རྒྱང་རིང་གི་འཆར་གཞི་ཞིག གཏོང་ཕོད་ཀྱི་རྒྱབ་སྐྱོར་ཞིག རིགས་ཞེན་གྱི་ལྷག་བསམ་ཞིག་ཡོད་ན་ནམ་ཡང་རྗེས་སུ་ལུས་མི་སྲིད།

མི་རིགས་ཤིག་གི་མ་འོངས་པ་དེ། དེ་རིང་གི་སློབ་གསོས་ཐག་གི་གཅོད་ཀྱིན་ཡོད་པས། དེ་རིང་གི་སློབ་གསོ་དེ་ཀུན་པོའི་དང་པོར་འཇོག་རུང་། སློབ་གསོ་དེ་མི་ལ་རག་ལས་ཡོད་པ་དང་། མི་ཡང་བརྩོན་འགྲུས་ལ་རག་ལས་ཡོད།

གང་ལྟར་དགོན་པའི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ་གང་ཡིན་ཡང་། རང་རེའི་གངས་ཅན་བོད་ཀྱི་མ་འོངས་པའི་སླད་དུ་འབད་པ་བྱས་ན། དེ་དང་བསྟུན་པའི་འབྲས་བུ་ཐོབ་རྒྱུ་ནི་ཆོས་ཉིད་ཡིན།

Advertisements