བོད་མིའི་རང་སྲེག་སྐོར་རྒྱ་རིགས་ཤེས་ལྡན་པར་བཅར་འདྲི་བྱས་པ།

aརྒྱ་རིགས་བོད་དོན་རྒྱབ་སྐྱོར་མཁན་ལྕམ་ཞི་ཝེ་མིན་ལ་བོད་ནང་བསྟུད་མར་བྱུང་བའི་རང་ལུས་མེ་སྲེག་གི་ལས་འགུལ་ཐད་རྒྱ་སྐད་ཀྱི་ལམ་ནས་བཅར་འདྲི་བྱས་པ་དང་། དེ་ནས་བོད་ཡིག་ཏུ་ཕབ་བསྒྱུར་གྱིས་འདིར་བཀོད་པ་ཡིན།

གཤམ་དུ་བཅར་འདྲི་ཞུ་མཁན་ལ་འབྲོག་དང་། བཅར་འདྲི་ཞུ་ཡུལ་ལ་ཞི་ཞེས་མིང་བཏགས་ནས་བཀོད་ཡོད།

 

འབྲོག༽ རྒྱུན་ལྡན་གྱི་རང་ཤི་དང་རང་སྲེག་གཉིས་ལ་གཞི་རྩའི་ཁྱད་པར་ཅི་ཞིག་ཡོད་དམ།

ཞི༽ རང་སྲེག་སྟེ། ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པའི་ཆ་ནས། དེ་ཡིས་དབང་བསྒྱུར་བར་ཆེས་མཐར་ཐུག་དང་། ཆེས་ལྷིང་འཇགས་གྱི་ངོ་རྒོལ་མངོན་ཡོད། འདི་ནི་འཛམ་གླིང་གང་སའི་རང་སྲེག་རྣམ་པའི་ཐུན་མོང་གི་མཚུངས་ཆོས་ཡིན། བྱང་ཨ་ཧྥི་རི་ཀའི་ཐོའུ་ཉེ་ཞི་ཡ་དང་། ཐེ་ཝན། ཡང་ན་བོད་གང་ཡིན་ཡང་། ང་ཚོས་མཐོང་ཐུབ་པ་ཞིག་ནི་རང་སྲེག་མཁན་ཚོས་ལམ་ལུགས་དང་སྒྲིག་སྲོལ་དྲང་བདེན་མིན་པས་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བའི་རྣམ་པས་དགོས་འདུན་གང་ཞིག་མངོན་པར་གྱུར་ཆེད་རང་མོས་ངང་སྤེལ་བའི་ཆེས་མཐོ་བའི་ངོ་རྒོལ་གྱི་རྣམ་པ་དེ་རེད།

རྒྱུན་ལྡན་གྱི་རང་ཤི་སྟེ། སེམས་ཁམས་མི་བདེ་བ་དང་། འཚོ་བར་རེ་ཐག་ཆད་པ། ཡང་ན་འཐབ་འཁྲུག་དང་། སྤྱི་ཚོགས། ཁྱིམ་ཚང་སོགས་ཀྱི་གནོན་ཤུགས་མ་ཐེགས་པར་ལུས་སེམས་གཉིས་སུ་དཀའ་ངལ་ལ་ཕྲད་པ་དང་། འཇིགས་སྐྲག  གྲོགས་མེད་ཁེར་རྐྱང་གི་སེམས་པ་སོགས་མ་བཟོད་པར་རང་གི་ཚེ་སྲོག་རང་གིས་བཅད་ནས་ཐམས་ཅད་མཇུག་བསྡུས་པའི་རྣམ་པ་ཞིག

གནས་སྟངས་གཞན་ཞིག་ནི། མཉམ་ལས་མི་བྱེད་པ་དང་ངོ་རྒོལ་མཚོན་ཆེད་རང་སྲོག་གཅོད་མཁན་ཡང་ཡོད་ལ། དཔེར་ན། རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདས་པའི་ཆབ་སྲིད་ལས་འགུལ་སྣ་ཚོགས་ཁྲོད་དང་སྒོས་སུ་རིག་གསར་སྐབས་སུ། ཐེགས་དཀའ་བའི་གནོན་ཤུགས་འོག མི་གང་མང་ཞིག་གིས་རང་སྲོག་གཅོད་པའི་ལས་ལ་ཞུགས་ནས་མཉམ་ལས་མི་བྱེད་པའི་སེམས་ཁམས་མངོན་ཡོད།

མཚམས་ལ་ལར་ཆབ་སྲིད་ངོ་རྒོལ་མཚོན་ཆེད་རང་ཤི་རྒྱག་མཁན་ཡང་ཡོད། དེ་འདྲ་ཡིན་མོད་ཀྱང་། འཛམ་གླིང་སྟེང་གི་རང་སྲེག་ལས་འགུལ་ཕལ་ཆེ་བ་ཆབ་སྲིད་ལས་འགུལ་ལ་གཏོགས། ནམ་རྒྱུན་གཞུང་དང་། སྤྱིའི་དབང་ཤུགས། ཉེན་རྟོག་དམག་མིས་མི་དམངས་ལ་དྲག་གནོན་དང་གནོད་འཚེ་གཏོང་དུས་སུ་རང་སྲེག་གི་དོན་རྐྱེན་བྱུང་གིན་ཡོད། ནམ་ཀུན་རང་སྲེག་པས་ཤིན་ཏུ་ནས་མ་བསྐུལ་རང་མོས་ངང་རང་སྲེག་གི་རྣམ་པས་རང་ཉིད་ཀྱི་ཚེ་སྲོག་དང་འགྲོ་ལུགས་མཚན་ཉིད་རིག་པའི་ལྟ་ཚུལ་མངོན་ཐབས་བྱས་ཡོད།

རང་སྲེག་པས་ངོ་རྒོལ་གྱི་རྣམ་པ་འདི་འདམ་དུས། འབྲས་བུ་ཅི་བྱུང་དང་ཤུགས་རྐྱེན་ཅི་ཐེབས་ཐད་བསམ་བློ་ཞིབ་མོ་བཏང་ཡོད། རང་ཉིད་ཀྱི་ཤི་བ་དེས་མཐའ་འཁོར་གྱི་མི་རྣམས་ལ་སྡུག་བསྔལ་ཅི་ཞིག་བསྐྲུན་སྲིད་པ་དང་། གསར་འགྱུར་སྨྱན་བྱད་རིགས་ཀྱིས་དྲང་བདེན་དང་དགེ་ཕྱོགས་ཀྱི་གནས་ཚུལ་སྤེལ་མི་སྲིད་པའང་གསལ་བོར་ཤེས་ཡོད། འདི་དག་གིས་མཚོན་པའི་ལྡོག་ཕྱོགས་ཀྱི་དོན་དག་ཡོད་བཞིན་དུ།  རང་ཉིད་ཀྱི་ཚེ་སྲོག་བཏང་བ་ཙམ་གྱིས་འགྲོ་བའི་ཁེ་ཕན་ལ་ཕན་པ་ཡོད་པ། མི་རིགས་ཀྱི་ཆོད་སེམས་དང་སྐྱེས་ཐོབ་ཀྱི་ཤེས་ནུས་རྨོངས་གཉིད་ལས་སློང་ནུས་པ། དབང་བསྒྱུར་བར་མ་དགའ་བ་སྟོན་ནུས་པ། ཤི་བ་དོན་དང་ལྡན་ཞིང་རིན་ཐང་ཡོད་པར་བསམ་ནས་འཇིགས་ཞེད་མེད་པར་རང་སྲེག་གི་ལས་ལ་ཞུགས་པ་གདོན་མི་ཟ།

འབྲོག༽ བོད་མིས་རང་ལུས་མེ་སྲེག་གི་ལམ་ནས་རྒྱ་ནག་མི་སེར་དེང་གཞུང་གིས་བོད་ལ་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་སྲིད་ཇུས་ལ་མ་དགའ་བའི་རྣམ་འགྱུར་མངོན་དོན་ཅི་ཡིན་ནམ།

ཞི༽ བོད་མིས་དེང་ཐོག་འདི་ལྟ་བུའི་ལས་ལ་ཞུགས་དགོས་དོན་ཐད་དེ་རིང་ད་དུང་ང་ཚོས་ཤེས་རྟོགས་ཐུབ་མེད། ཡིན་ན་ཡང་། ཕྱི་ལོ་༢༠༠༩ལོར་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རྒྱ་ནག་ཉེན་རྟོག་དམག་མིའི་མདུན་དུ་བྱ་སྤྱོད་དེ་སྤེལ་ཡོད་པས། དེ་ནི་ཆབ་སྲིད་ཀྱི་ངོ་རྒོལ་ཡིན་པ་གསལ་བོ་རེད།

བོད་ལ་རང་དབང་ལྡན་པའི་གསར་འགྱུར་སྨྱན་བྱད་རིགས་མེད་པ་དང་། རང་དབང་དམངས་གཙོའི་སྒྲིག་འཛུགས་རིགས་ཀྱང་མེད་པ། སྲིད་ཇུས་ལ་མི་དགའ་བའི་རྣམ་འགྱུར་སྟོན་ས་དང་བཤད་ས་གཅིག་ཀྱང་མེད་པ། ༢༠༠༨ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ། རྒྱ་དམར་གཞུང་གིས་བོད་ས་ཡོངས་སུ་དྲག་གནོན་དང་། བདེ་འཇགས་སྲུབ་སྐྱོབ་སོགས་ཀྱི་ལས་འགུལ་ཉིན་མཚན་དུས་དྲུག་ཏུ་བར་མེད་དུ་སྤེལ་གྱིན་ཡོད་པ་སོགས་ལ་གཞིགས་ན། རང་ལུས་མེ་སྲེག་ནི་བོད་མི་རྣམས་དབང་བསྒྱུར་བར་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། མི་རིགས་རང་དབང་སྒེར་ལངས་དང་རང་སྐྱོང་གི་རེ་འབོད་བྱེད་སའི་ཐབས་ལམ་དང་སྐྱོད་ལམ་ཁོ་ན་དེར་གྱུར་ཡོད།

འབྲོག༽ བཙན་བྱོལ་བོད་གཞུང་གིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་རང་སྲེག་ལ༼ཐབས་ཟད་འུ་ཐུག༽ཅེས་ངོས་འཛིན་བྱས་པར་ཁྱེད་རང་ལ་དེའི་ཐད་དཔྱད་བརྗོད་སྤེལ་རྒྱུ་ཅི་ཞིག་ཡོད།

ཞི༽ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས༼ཐབས་ཟད་འུ་ཐུག༽ཅེས་ངོས་འཛིན་བྱེད་དོན་ནི་བཙན་བྱོལ་བོད་གཞུང་གིས་དེ་ལྟར་ངོས་འཛིན་བྱས་པས་ཡིན། རྒྱུ་མཚན་གང་ལ་ཞེ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ནི་བོད་མི་ཡོངས་ཀྱི་སྐུ་ཚབ་དང་ཡང་ན་འཐུས་ཚབ་ཏུ་རང་བཞིན་གྱིས་ངོས་འཛིན་བྱས་ཡོད་པས་ཡིན།

བཙན་བྱོལ་བོད་གཞུང་གིས་བོད་མི་རང་སྲེག་མཁན་ཚོའི་སེམས་ཁམས་ལ་ཡང་བསྐྱར་བསམ་ཤེས་བྱ་རྒྱུར་ཧ་ཅང་དགོས་གལ་ཆེ། སྒོས་སུ་བོད་ནང་གི་བོད་མི་མང་ཚོགས་ཀྱི་ངོ་རྒོལ་ལ་ཐུག་ཚེ། གནས་བབ་འཕེལ་ཕྱོགས་དང་མཐུན་པའི་བསམ་བློ། ཐུགས་ཁུར། ལམ་སྟོན་གནང་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བར་སྙམ།

བོད་མི་རྣམས༼ཐབས་ཟད་འུ་ཐུག༽པ་མིན་ལ། རྒྱ་ནག་དེང་གཞུང་གི་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་དབང་བསྒྱུར་ལ་ད་དུང་ཡང་བློ་འཚབ་ཡོད་པ་དང་མི་འདོད་པ་དང་། ཁོང་ཚོས་མངོན་པ་ནི་བོད་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཡིད་སྐྱོ་བའི་ལས་དབང་དང་། རང་སྲིད་རང་སྐྱོང་། རང་ས་རང་སྲུང་། མི་གཞན་པས་གང་འདོད་དེ་བྱེད་དང་གཉའ་གནོན་ལས་གྲོལ་རྒྱུའི་སེམས་པ་དེ་རེད། ཁོང་ཚོས་བོད་མི་རིགས་ཀྱི་མདུན་ལམ་བོད་མི་རང་གིས་ཐག་གཅོད་ནུས་རྒྱུའི་རེ་སྨོན་བཅངས་ཡོད། ངས་བལྟས་ན་འདི་ནི་ད་གཟོད་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེ་སྲེག་གི་རྒྱུ་རྐྱེན་གཙོ་བོ་དེ་རེད་བསམ་བྱུང་།

གལ་སྲིད་བཙན་བྱོལ་བོད་གཞུང་གིས་དེ་ཤེས་མི་ཐུབ་པ་དང་། བོད་མའི་སེམས་འདུན་ནོར་མེད་འཕྱུགས་མེད་ཡང་དག་པའི་ལམ་ནས་རྒྱལ་སྤྱིའི་སྟེང་སྤེལ་མི་ནུས་ན། ངས་བལྟས་ན་བཙན་བྱོལ་བོད་གཞུང་གི་དམིགས་ཡུལ་འོས་འཚམ་མིན་པས་བོད་མི་དམངས་ཀྱི་མགྲིན་ཚབ་པ་དང་སྐུ་ཚབ་ཡིན་ཞེས་བཤད་སྲོལ་མེད་ལ། སྒོ་བརྒྱབ་ནས་ཨ་རི་དང་། སུད་སུ། རྒྱ་གར་སོགས་ཀྱི་མི་སེར་བྱས་ན་བཟང་།

འབྲོག༽རྩ་བའི་ཆ་ནས་བཤད་ན། ཕྱི་ལོ་༡༩༥༩ལོ་དང་། ༡༩༨༩ལོ། ༢༠༠༨ལོ་བཅས་ཀྱི་བོད་མིའི་ངོ་རྒོལ་ལས་འགུལ་ལ་རྒྱལ་ཁའི་གྲུབ་འབྲས་ལས་ཕམ་ཁའི་མཇུག་འབྲས་མང་།  དེའི་ཁར་བཙན་བྱོལ་བོད་གཞུང་གིས་རེ་ཐག་ཆད་པའི་འོས་མིན་བསྟུན་ཐབས་རབ་དང་རིམ་པ་བྱས་པ་དང་། ད་དུང་ལོ་དུ་མའི་རིང་གི་བོད་རྒྱའི་གྲོས་མོལ་ལ་འབྲས་བུ་སྤུ་རྩེ་ཙམ་ཡང་བྱུང་མེད། གཅིག་བགྱིས་ན་འདི་དག་ནི་བོད་མི་རྣམས་མཐའ་མར་རང་སྲེག་གི་ལས་ལ་ཞུགས་པའི་རྐྱེན་རྩ་ཡིན་ཡང་སྲིད། ཡིན་ན་ཡང་། བོད་ནང་གི་བོད་མི་ས་ཡ་དྲུག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་བཅངས་པའི་རེ་བ་ལྷོད་མྱོང་མེད། ཁྱེད་ཀྱི་རྟོགས་དཔྱོད་ལྟར་ན། བཙན་བྱོལ་བོད་གཞུང་གིས་ངེས་པར་དུ་སྒྲུབ་དགོས་པའི་ཁ་ཚ་དགོས་གཏུག་གི་དོན་དག་དེ་གང་རེད།

ཞི༽ ངས་བལྟས་ན། རང་སྲེག་དང་བོད་རྒྱ་གྲོས་མོལ་གཉིས་ལ་འབྲེལ་བ་མེད་པ་འདྲ། ཡིན་སྲིད་པ་ཞིག་ནི། བོད་མི་མང་པོ་ཞིག་གིས་འདས་པའི་ངོ་རྒོལ་ལས་འགུལ་ཁྲོད་བོད་མི་ངོ་རྒོལ་བ་མང་པོ་ཞིག་གི་ལས་དབང་མཐོང་ཡོད་པས། ཁོང་ཚོར་ངོ་རྒོལ་གྱི་གནས་རིམ་ཇེ་མཐོར་གཏོང་ན་མ་གཏོགས་དོ་སྣང་འགུག་མི་ནུས་པའི་ངེས་ཤེས་སྐྱེས་ཡོད། མདོར་ན་བོད་རྒྱལ་ཁབ་སླར་གསོའི་ལས་དོན་དེ་ནམ་ཡིན་ཡང་བོད་མིའི་སེམས་གཏིང་དུ་ཉར་ཡོད་པ་ནི་བོད་ཀྱི་ད་ལྟའི་གནས་སྟངས་ཡིན།

བཙན་བྱོལ་བོད་གཞུང་གིས་བོད་ཀྱི་ཕྱི་རོལ་དུ་ལོ་མང་རིང་བསགས་པའི་དོན་དག་ཁག་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས། ལྷག་དོན་དུ་བོད་གཞུང་གི་སྲིད་ཇུས་དེ་དུས་དེ་རིང་ལ་བསླེབས་ཚེ་བོད་མི་མང་གི་སེམས་ཁམས་རེ་འདུན་དང་ཐ་དད་དུ་གྱུར་བའི་གནད་དོན་ཐད་བསམ་གཞིག་གཏོང་དགོས། ཁྱེད་ནི་བོད་མི་མང་གི་ལས་ངག་ཡིད་གསུམ་གྱི་འཐུས་ཚབ་ལས་བོད་མི་མང་གི་བོད་རྒྱལ་ཁབ་སླར་གསོའི་རེ་སྨོན། མི་རིགས་རང་ཚུགས་གྱི་རེ་སྙེག རང་གི་ལས་དབང་རང་གིས་སྟངས་འཛིན་བྱ་རྒྱུའི་རེ་འདུན་བཅས་ཀྱི་འགོག་རྡོ་རུ་གྱུར་ག་ལ་རུང་།

བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ལ་ལས་བོད་ནང་དུ་ཆོས་ལུགས་དད་མོས་ལ་བཀག་འགོག་ཚད་ལས་བརྒལ་བ་བྱས་སྟབས་བོད་མིས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བ་རེད་ཟེར། དེ་ནི་བོད་མི་རང་སྲེག་མཁན་ལ་དམའ་འབེབས་དང་རྗེས་སུ་ཡི་རངས་མེད་པའི་རྟགས་མཚན་ཡིན་པ་མ་ཟད། བོད་ཀྱི་སྔོན་བྱོན་མུས་པོ་དང་ཕྱི་རབས་པ་ཚོར་དགོངས་འགལ་བྱས་ཡོད།

མ་འོངས་པའི་བོད་དོན་དེ་བོད་ནང་ཁུལ་གྱི་བོད་མི་དང་ཕྱི་རོལ་གྱི་ཀླད་པ་གསལ་བོ་ཅན་གྱི་བོད་མི་ཚོར་བརྟེན་དགོས། ཡོད་ཚད་འགྱུར་བའི་རང་བཞིན་ཅན་ཡིན་པས་འཛམ་གླིང་འགྱུར་གྱིན་ཡོད་ལ་རྒྱ་ནག་ཀྱང་འགྱུར་གྱིན་ཡོད། དེ་བཞིན་བོད་དོན་ཡང་འགྱུར་གྱིན་ཡོད་པས། བོད་དོན་ཐག་གཅོད་ཀྱི་ཐབས་ལམ་ལ་འདི་ནི་ཁོ་ན་དེ། འདི་ནི་ཡག་ཤོས་དེ་ཞེས་ཐག་གིས་བཅད་པ་ནི་སྐབས་བབ་ཀྱི་ལེའུ་དེའི་དགོས་དབང་ཙམ་གྱི་ཆེད་དུ་བཏོན་པའི་ཐབས་ཇུས་ཡིན། གང་ལྟར་སྔ་ཕྱི་ཙམ་ལས་དོན་དག་མཐའ་དག་ཐག་གིས་ཆོད་རྒྱུ་ཡོད་པ་ཇི་བཞིན་དུ་བོད་དོན་ཡང་རིམ་གྱིས་ཐག་གིས་ཆོད་ངེས་ཡིན།

འབྲོག༽ བོད་ནང་གི་བོད་མི་ཚོས་རྒྱ་ནག་མི་སེར་དེང་གཞུང་གི་དྲག་གནོན་སྲིད་ཇུས་ལ་གདོང་ཐུག་དུས། མགོ་བོ་གཏན་ནས་མི་སྒུར་བའི་ཆོད་སེམས་བརྟན་པོ་དང་གཅེས་པའི་ཚེ་སྲོག་ཡིན་ཡང་བློས་གཏོང་ནུས་པའི་སྙིང་སྟོབས་དང་སྤོབས་པ་མངོན་ཡོད། ཕྱི་ལོ་༢༠༠༩ལོར་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷ་ཡིས་རྒྱ་དམག་གི་མདུན་སར་ཐེངས་དང་པོར་རང་ལུས་མེར་བསྲེགས་ནས་ངོ་རྒོལ་བྱས་པ་ནས་བཟུང་། བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཚ་ཚ་འུར་འུར་གྱིས་ངོ་རྒོལ་བྱས། དེ་འདྲའི་ཛ་དྲག་གི་གནས་སྟངས་ཤར་ཚེ། བཙན་བྱོལ་གྱི་བོད་མི་རྣམས་རྐང་འཁུམས་ལག་འཁུམས། ངག་ཆད་ལྕེ་ལྐུགས། རིག་པ་ཉམས། སྟོབས་ཤུགས་ཟད། སྙིང་སྟོབས་ཞུ་ནས་བོད་མིའི་རང་སྲེག་གི་དོན་རྐྱེན་རེ་རེ་བྱུང་དུས་བཤད་ཕོད་པ། སྤེལ་ནུས་པ་ཞིག་ནི༼གདུང་སེམས་མཉམ་སྐྱེད༽། ༼མཆོད་འབུལ་བསྔོ་སྨོན༽། དེ་ལས་རབ་ན༼གསར་འགོད་གསལ་བསྒྲགས༽ཤིག་གིས་འབྱོལ་ཐབས་བྱས་དང་བྱེད་ཀྱིན་ཡོད་པར་ཁྱེད་ལ་དགོངས་ཚུལ་ཅི་ཞིག་ཡོད།

ཞི༽ བོད་མི་བྱེས་པ་ཚོའི་སེམས་ཚོར་དེར་ངས་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད། ཡིན་ན་ཡང་། རང་སྲེག་གི་བྱ་སྤྱོད་ཐད་ནས་བཤད་ན། བོད་མི་བྱེས་པ་ཚོའི་ངོ་རྒོལ་ནི་ད་གཟོད་རང་སྲེག་ལས་འགུལ་གྱི་འབྱུང་རྩ་ཡིན། ཕྱི་ལོ་༡༩༩༨ལོའི་ཟླ་༤པའི་ཚེས་༢༧ཉིན་རང་སྲེག་གིས་གྲོངས་པའི་ཐུབ་བསྟན་དངོས་གྲུབ་ལགས་ནི་བོད་དོན་ཆེད་རང་སྲེག་མཁན་དང་པོ་དེ་ཡིན། ངས་འདྲི་འདོད་པ་ཞིག་ནི། ༡༩༩༨ལོའི་སྐབས་དེར། བཙན་བྱོལ་བོད་མི་ཚོས་ཀྱང༼རྐང་འཁུམས་ལག་འཁུམས། ངག་ཆད་ལྕེ་ལྐུགས། རིག་པ་ཉམས། སྟོབས་ཤུགས་ཟད། སྙིང་སྟོབས་ཞུ༽ཡོད་དམ། གལ་ཏེ་མེད་ན། བཙན་བྱོལ་བོད་མིས་དངོས་གནས་རང་སྐྱོན་རང་བརྟག་གིས་དེ་དུས་དང་དེབ་སྐབས་གཉིས་ལ་ཁྱད་པར་ཅི་ཡོད་དཔྱད་དགོས།

གལ་ཏེ་ཡིན་ཚེ། བཙན་བྱོལ་བོད་གཞུང་གིས་དངོས་གནས་བསམ་ཤེས་དགོས་པའི་དུས་ལ་བསླེབས་འདུག དུས་བབ་ཀྱིས་མིར་མི་སྒུག་པ་ཆོས་ཉིད་ཡིན། ངེས་པར་དུ་གང་ཐུབ་ཐུབ་ཀྱིས་སྔ་ས་ནས་གནས་སྟངས་ལ་སྟངས་འཛིན་དང་། དཔའ་ངར་ཞུམ་མེད་ངང་རང་ས་དང་རང་གི་མི་དམངས་ལ་གདོང་གཏད་ནས་ལམ་ཁ་གཞན་བཙལ་ནས་བོད་དོན་ཐག་གཅོད་ཀྱི་ཐབས་ཤེས་གཞན་འཐེན་དགོས།

བཙན་བྱོལ་བོད་གཞུང་གི་རྒྱ་རིགས་ཤེས་ལྡན་མི་སྣ་བློ་འགུག་གི་སྲིད་ཇུས་དེར་བསྒྱུར་བཅོས་གཏོང་རན་འདུག མི་སྐོར་ཞིག་གིས་བོད་ནང་ཁུལ་དུ་བོད་མིར་རོགས་འདེགས་བྱེད་ཀྱིན་ཡོད། མི་སྣ་སྐོར་ཁག་དེ་ནི་རྒྱ་རིགས་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པའི་སྡེ་ཁག་རེད། ཡང་སྒོས་ལོ་མང་རིང་སྨྲ་བརྗོད་རང་དབང་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པ་དག མི་ཚོགས་དེའི་ཆེད་ལས་ཤེས་ཡོན་ནི་དྷ་རམ་ས་ལར་ཤིན་ཏུ་དཀོན་པོ་ཡིན། དེའི་སྟབས་ཀྱིས། ཐབས་ལམ་སྣ་ཚོགས་ཀྱི་ལམ་ནས་ཇི་ལྟར་མི་འདི་ཚོའི་རོགས་རམ་ཐོབ་ཐབས་བྱ་རྒྱུ་ནི་སྐབས་སུ་བབ་པའི་ཁ་ཚ་དགོས་གཏུག་གི་དོན་དག་ཡིན། རྒྱ་རིགས་ཤེས་ལྡན་མི་སྣ་གཞན་རྣམས་ཀྱང་བོད་མའི་རང་སྲེག་ཐད༼རྐང་འཁུམས་ལག་འཁུམས། ངག་ཆད་ལྕེ་ལྐུགས། རིག་པ་ཉམས། སྟོབས་ཤུགས་ཟད། སྙིང་སྟོབས་ཞུ༽ཡོད་ན་བློ་འགུག་བྱེད་དགོས་དོན་མེད།

དེ་ལས་གཞན་ཞིག་ནི། འཛམ་གླིང་ས་ཁུལ་གཞན་དག་ནས་ཡར་ཐོན་གྱི་ཉམས་མྱོང་དང་བསླབ་བྱ་ལེན་རྒྱུར་བསམ་བློ་གཏོང་དགོས། ལྷག་པར་དུ་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ལྟ་བ་ལངས་ཕྱོགས་མི་མཐུན་པའི་མི་སྣ་སྟེ། ཐོའུ་ཉེ་ཞི་ཡ། ཨེ་ཇིབ། ཅེ་ཁེ་དང་ཐེ་ཝན་གང་ཡིན་ཡང་། ཕྱོགས་འགལ་མི་སྣ་དང་མཉམ་ལས་བྱས་ནས་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་ཇི་ལྟར་ངོ་རྒོལ་གདོང་ལེན་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས། གསར་འགྱུར་སྨྱན་བྱད་རིགས་བཀག་འགོག་གི་དྲྭ་རྒྱ་ལས་བརྒལ་རྒྱུའི་ཐབས་ཇུས་སོགས་བཙལ་ན་ད་གཟོད་བཙན་བྱོལ་སྤྱི་ཚོགས་ཀྱི་མ་འོང་པའི་ཆབ་སྲིད་མདུན་ལམ་ལ་རོགས་འདེགས་བྱ་ནུས་ལ། དེ་བཞིན་དུ་བོད་ནང་ཁུལ་གྱི་བོད་མི་ཚོར་ཡང་རམ་འདེགས་ཀྱི་ནུས་པ་ཐོན་སྲིད།

འབྲོག༽ རང་སྲེག་ལས་འགུལ་སྤེལ་མཁན་བོད་མི་མང་ཆེ་བས་ཡིག་ངག་གཉིས་ཀའི་ཐོག་ནས་ཁ་ཆེམས་བཞག་ཡོད་ལ། དེ་མིན་རང་སྲེག་མཁན་ཕལ་ཆེ་བས་རང་ལུས་མེར་བསྒྲོན་རྗེས་མེ་ལྕེའི་ཁྲོད་སྐད་འབོད་བྱས་འདུག ཁ་ཆེམས་དང་སྐད་འབོད་དུ་དགོས་འདུན་མང་པོ་ཡོད་ཀྱང་ང་ཚོས་གཙོ་བོ་རིགས་གཉིས་སུ་བསྡུས་ཆོག་པར་བསམ། ༡༽༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་རྒྱུ་དང ། ༢༽བོད་རང་དབང་། དེ་གཉིས་རེད། འོ་ན། ང་ཚོས་གོང་ཞུས་དགོས་འདུན་དེ་གཉིས་བོད་མི་ཡོངས་ཀྱི་དགོས་འདུན་དུ་ངོས་འཛིན་བྱ་རུང་ངམ།

ཞི༽ ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་རྒྱུ་དང་བོད་རང་དབང་། འདི་གཉིས་ཀ་ཧ་ཅང་གསལ་བོ་རེད། དང་པོ་དེས་དེང་སྐབས་བོད་ཁམས་དབང་བསྒྱུར་མཁན་རྒྱ་ནག་དེང་གཞུང་ལ་མི་འདོད་པའི་སེམས་པ་མངོན་འདུག ནང་སྒོས་སུ། ཉེ་བའི་ལོ་ཤས་སུ། ཏཱ་ལའི་བླ་མ་མཆོག་རྒྱ་ནག་དེང་གཞུང་གི་མཚན་དམོད་བྱེད་ཡུལ་མི་སྣ་རུ་གྱུར་ཡོད་ལ། དྲིལ་བསྒྲགས་ཡིག་ཆ་དང་རྒྱ་ནག་གཞུང་གི་མགྲིན་ཚབ་སྨྱན་བྱད་ཁག་ཏུ་དམའ་འབེབས་བརྙས་བཅོས་དང་མཐོང་ཆུང་བྱས་དང་བྱེད་ཀྱིན་པ་མ་ཟད། ད་དུང་བོད་མི་རིགས་ནང་ཁུལ་དུ་སེམས་སྒྱུར་སློབ་གསོ་སྤེལ་ནས་བཙན་ཤེད་ཀྱིས་བསམ་བློ་བཅོས་བསྒྱུར་ཆེད་རྒྱལ་གཅེས་ཆོས་གཅེས་ལ་སོགས་པས་མཚོན་པའི་མཚུངས་སྒྱུར་དང་བླུན་སྒྱུར་གྱི་སློབ་གསོ་བསྟུད་མར་སྤེལ་གྱིན་ཡོད། དེའི་རྐྱེན་གྱིས། བོད་མི་ཚོས་༧གོང་ས་མཆོག་ཕྱིར་རང་ཡུལ་བོད་དུ་ཕེབས་རྒྱུར་འབོད་སྐུལ་བྱས་པ་དེ་ནི་རྒྱ་ནག་དེང་གཞུང་ལ་ངོ་རྒོལ་བྱས་པ་གདོན་མི་ཟ།

བོད་རང་དབང་གི་སྐད་འབོད་དེས་མ་མཐའ་ཡང་དེང་སྐབས་བོད་ལ་རང་དབང་མེད་པ་དེ་མཚོན་ཡོད་ལ། རང་དབང་མེད་པས་ད་གཟོད་འབོད་སྐུལ་བྱས་པ་རེད།

ངས་བལྟས་ན། འབོད་སྐུལ་འདི་གཉིས་ལ་དམིགས་བསལ་ཁྱད་པར་བའི་ངོ་བོ་ལྡན་པས། དོན་གྱིས་བོད་མི་རིགས་ཀྱིས་ཕྱི་རོལ་ནས་ཡོང་བའི་སྲིད་དབང་ལ་ངོ་རྒོལ་དང་ཆབས་ཅིག་རང་སྲིད་རང་སྐྱོང་དང་། རང་ཁ་རང་གསོ། གཞན་གྱིས་གཉའ་གནོན་ལས་གྲོལ་ནས་རང་དབང་བདེ་སྐྱིད་ལ་མོས་པའི་སེམས་ཁམས་མཚོན་ཡོད།

འབྲོག༽ ད་ལྟ་ལག་སྣེ་ན་ཡོད་པའི་ཧ་ཅང་གལ་གནད་ཆེ་བའི་གནད་དོན་ནི་བོད་མིའི་རང་སྲེག་མཚམས་འཇོག་དང་མི་འཇོག་གི་གནད་དོན་དེ་རེད། དེ་མཚུངས་སུ་ཤིན་ཏུ་དཀའ་ཚེགས་ཆེ་བའི་དུས་ཚོད་ཅིག་ཀྱང་ཡིན་ལ། མཚམས་འཇོག་ན་འཇོག་སྟངས་ཅི། མི་འཇོག་ན་ཡང་ཇི་ལྟར་བྱ། དེ་བས་ན། ཁྱེད་ཀྱི་ལྟ་ཚུལ་ལྟར་ན། བོད་མིའི་རང་སྲེག་གི་ལས་འགུལ་མཚམས་འཇོག་གམ་མི་འཇོག མ་བཞག་ན་འབྲས་བུ་ཅི་ཞིག་འབྱུང་སྲིད། བཞག་ན་འཇོག་སྟངས་ཅི་ཡིན།

ཞི༽བོད་མའི་རང་སྲེག་མཚམས་འཇོག་དང་མི་འཇོག་དེ་ངས་ཐག་ག་ལ་ཆོད། ཡང་ཐག་གིས་གཅོད་མཁན་དེ་སུ་ཡིན་ནམ། སང་ཉིན་རྒྱ་ནག་གི་སྲིད་གཞུང་མདུན་རང་སྲེག་བྱེད་དགོས་མིན་ཐག་གིས་གཅོད་མཁན་ནི་གཞིས་སྲུང་བོད་མི་ཚོ་ཡིན།

ད་ལྟ་འཚོ་བཞུགས་ཀྱི་མི་ཞིག་གིས་བསྒྲུབ་འོས་པ་དང་བསྒྲུབ་དགོས་པ་ནི་ཐབས་བརྒྱ་ཇུས་སྟོང་གིས་བོད་པ་ཚོས་ཐ་ན་རང་གི་གཅེས་པའི་ཚེ་སྲོག་ཡིན་ཡང་བློས་བཏང་ནས་ཡོངས་ཁྱབ་ཏུ་མངོན་པའི་སེམས་འདུན་དེ་ཡིན། སེམས་འདུན་དེ་ནི་བོད་མི་རིགས་རང་དབང་དང་། རང་བཙན། ཕྱིའི་དབང་བསྒྱུར་བས་གཉའ་གནོན་ལས་དགྲོལ་རྒྱུ་དེ་རེད།

བཙན་བྱོལ་བོད་གཞུང་གིས་ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་དུ་སོང་ནས་བོད་ཁུལ་གྱི་གནས་སྟངས་དངོས་རྒྱུས་ལོན་བྱ་རྒྱུར་འབད་བརྩོན་བྱེད་དགོས།

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དེང་གཞུང་དང་གྲོས་མོལ་བྱ་རྒྱུའི་སྟོང་སེམས་དོར་ནས་བོད་མིའི་དགོས་འདུན་ཇི་བཞིན་དང་། བོད་ནང་གི་གནས་སྟངས་ངོ་མ་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བཤམས་ཐབས་བྱེད་དགོས། རྒྱ་ནག་དེང་གཞུང་གི་སྲིད་ཇུས་ལ་རིགས་རྒྱུད་རྨེག་མེད་དུ་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་གསལ་བོ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་ཕྱོགས་ནས་བཀག་བསྡོམས་བྱ་རྒྱུར་རེ་སྐུལ་ཞུ་དགོས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་ལ་གཏུག་བཤེར་ཡང་བྱེད་དགོས།

ངས་བལྟས་ན། རྒྱ་ནག་དེང་གཞུང་གིས་བོད་མི་རིགས་ལ་དྲག་གནོན་དང་གཉའ་གནོན་གྱི་སྲིད་ཇུའི་ལ་འགྱུར་བ་ནམ་བཏང་ཚེ། ནམ་བོད་མིའི་རང་སྲེག་གི་ལས་འགུལ་མཚམས་འཇོག་སྲིད་པ་རེད།

གལ་འགངས་ཆེ་ཤོས་དེ་ནི། བོད་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཡིད་སྐྱོའི་ལས་དབང་ལ་ཁ་ལོ་བསྒྱུར་རྒྱུ་དང་། དུས་རབས་ཉེར་གཅིག་པར་ངེས་ཤེས་སྐྱེ་རྒྱུ། ཡང་སྒོས་བོད་མི་རིགས་ཀྱི་ངོས་འཛིན་གནད་དོན་ནི་རབ་ཏུ་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཡིན། བྱེས་པ་བོད་མི་དང་བོད་དོན་བརྒྱབ་སྐྱོར་བ་ཚང་མས་ཁོང་ཚོའི་ཚབ་ཏུ་འབོད་སྐུལ་བྱེད་དགོས་ལ་ཁོང་ཚོའི་མགྲིན་ཚབ་པའང་བྱེད་དགོས

ང་ཚོས་ཁོང་ཚོའི་ཆོད་སེམས་དང་བྱ་སྤྱོད་འགོག་མི་ནུས་མོད། འོན་ཀྱང་ང་ཚོས་གནས་སྟངས་ལ་འགྱུར་བ་གཏོང་ནུས། རང་སྲེག་མཁན་ཚོས་རྣམ་པ་འདིས་སེམས་འདུན་མཚོན་མི་དགོས་པར་བརྩོན་ལེན་བྱེད་དགོས།

འབྲོག༽བོད་མིའི་རང་སྲེག་གི་དོན་སྙིང་དང་ཤུགས་རྐྱེན་ལ་གདེང་འཇོག་ཇི་ལྟར་བྱེད།

ཞི༽ བོད་མིའི་རང་སྲེག་གི་དོན་སྙིང་དང་ཤུགས་རྐྱེན་ལ་ངོས་འཛིན་ཇི་ལྟར་བྱེད་རྒྱུ་དེ་རང་སྲེག་མཁན་མིན་པའི་མི་གཞན་དག་ཚོར་རག་ལས་ཡོད།

རྒྱ་རིགས་ཤེས་ལྡན་མི་སྣ་ཚོས་ད་ནས་བཟུང་རྒྱ་ནག་ལ་བཙན་རྒྱལ་རིང་ལུགས་པའི་མིང་ངན་འཁུར་དུ་འཇུག་མིན། ཕྱོགས་ཡོངས་ནས་རྒྱ་རིགས་ཀྱི་རང་མཆོག་གཞན་དམན་གྱི་ང་རྒྱལ། ཉམ་ཆུང་ལ་ཐུབ་ཚོད་ཀྱི་སྤྱོད་ངན། གཅིག་གྱུར་ཆེན་མོའི་ཧམ་སེམས་སོགས་ཁུངས་མེད་བབ་བཅོལ་ལ་ཞིབ་བཤེར་བྱེད་དགོས།

བཙན་བྱོལ་བོད་གཞུང་གིས་ཀྱང་སྔར་བྱུང་ནོར་འཁྲུལ་ཡོ་བསྲང་མཐིལ་ཕྱིན་བྱ་རྒྱུ་དང་། བོད་མི་རང་སྲེག་མཁན་ཚོའི་འགྲན་ཟླ་བྲལ་བའི་སྙིང་སྟོབས་དང་གཏོང་ཕོད་ལ་ཐུག་ཚེ། དགོས་ངེས་གྱི་འགན་འཁྲི་ཞིག་བཏོན་ལོས་དགོས། བོད་མི་རིགས་ཀྱི་མདུན་ལམ་ཆེད་འོད་སྟོང་འབར་ཞིང་རང་ཚུགས་ཅན་གྱི་འགྲོ་ལམ་ཆེན་པོ་ཞིག་བཙལ་རྒྱུའང་འགན་འཁྲི་ཡིན།

འགྲོ་བ་མི་རིགས་ཚང་མས་སྐྱེས་ཐོབ་ཀྱི་ཤེས་པ་དང་སྤོབས་པ་བཏོན་ནས། རང་སྲེག་མཁན་ཚོས་རང་སྲེག་གི་བྱ་སྤྱོད་སྤེལ་བའི་འགྲོ་ལུགས་མཚན་ཉིད་རིག་པར་བརྩི་བཀུར་དང་། རང་སྲེག་མཁན་ལ་རྒྱབ་སྐྱོར་དང་གཅེས་སྲུང་། བོད་ཁུལ་དུ་ལག་བསྟར་བྱེད་ཀྱིན་པའི་དྲག་གནོན་སྲིད་ཇུས་མཚམས་འཇོག་ཆེད་འབོད་སྐུལ། རྒྱ་ནག་གཞུང་གིས་བོད་སྐྱོང་སྲིད་ཇུས་ཟེར་བ་བསྒྱུར་བཅོས་གཏོང་རྒྱུའི་དགོས་འདུན་འདོན་དགོས།

འདི་འདྲའི་ལམ་ནས་རང་སྲེག་གི་དོན་སྙིང་དང་ཤུགས་རྐྱེན་ལ་གླེང་སློང་བྱས་ན་ད་གཟོད་རིན་ཐང་ཡོད་པར་སྙམ།

འབྲོག༽ འཛམ་གླིང་སྟེང་ཆབ་སྲིད་ཀྱི་དགོས་འདུན་ཆེད་རང་སྲེག་ངོ་རྒོལ་བྱེད་མཁན་བོད་ནི་དང་པོ་མིན་མོད། འོན་ཀྱང་རང་དབང་འཐབ་རྩོད་ཁྲོད་རང་སྲེག་མང་ཤོས་དེ་བོད་ཡིན་པ་སྨྲ་མི་དགོས། བོད་ནང་ཁུལ་གཅིག་པུ་རུ་བོད་མི་༡༡༠ལྷག་གིས་རང་སྲེག་གིས་ངོ་རྒོལ་བྱས་ཡོད། ལྟོས་ས་ལྟོས་འཇོག་གིས་བཤད་ན། བོད་མིའི་རང་སྲེག་ལ་ཐོབ་འོས་ཀྱི་ཕན་འབྲས་རེག་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་སྣང་ཆེར་བྱས་མེད། དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།

ཞི༽ ངས་ཐོག་མར་ངེས་པར་དུ་རང་སྲེག་མཁན་ཚོར་གུས་འདུད་ཞུ་རྒྱུ་ཡིན། ཁོང་ཚོ་སྤོབས་པ་ཆེན་པོས་མདུན་དུ་བུད་ནས་རང་དབང་གི་རིན་ཐང་དང་། བདེན་པར་ངོས་ལེན། བོད་རྒྱལ་ཁབ་ད་དུང་ཉམས་མེད་པར་ཡོད་པ་ཁག་ཐེག་བྱས་པའི་དབང་གིས། འཇིག་རྟེན་མི་མང་གིས་བརྗེད་མི་སྲིད་ལ་བརྗེད་ཀྱང་མི་ཕོད།  རང་སྲེག་མཁན་ཚོས་ཧ་ཅང་གསལ་ཐང་གི་ལམ་ནས་རང་སྲེག་མཁན་གཞན་རྣམས་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་ཡིད་ཆེས་དང་རྒྱབ་སྐྱོར་མཚོན་པ་མ་ཟད། བོད་མི་རིགས་ཀྱི་ངོས་འཛིན་གནད་དོན་དང་། ཕྱིའི་དབང་བསྒྱུར་བར་དཔའ་སེམས་ཞུམ་མེད་ཀྱིས་འགོག་རྒོལ་བྱས་དང་བྱ་རྒྱུའི་བློ་སྟོབས་མངོན་གསལ་དོད་པོའི་ངང་འབུར་དུ་ཐོན་པར་བྱས་ཡོད། ཁོང་རྣམས་ནི་དོན་གྱིས་བོད་མི་རིགས་ཀྱི་དཔའ་རྒོད་དཔུང་ཁག་ཡིན།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེར་མེད་པ་དེ་རྒྱ་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགྱུར་སྨྱན་བྱད་རིགས་དང་མི་སྣ་བོད་དུ་འགྲོ་རྒྱུར་བཀག་འགོག་བྱས་པ་དེ་རྒྱུ་རྐྱེན་གཅིག་ཡིན་རྒྱུ་རེད། ཡིན་ན་ཡང་གལ་ཆེ་ཤོས་དེ་བོད་གཞུང་གི་ལངས་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད། བོད་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཆེས་མཐོའི་རང་སྐྱོང་གི་རེ་འདུན་བཏོན་པ་དེས་བོད་དོན་དེ་རྒྱ་ནག་ནང་ཁུལ་ལམ་ཡང་ན་ནང་སྲིད་དུ་གྱུར་ཡོད་པས། ཕྱིའི་རྒྱལ་ཁབ་ཚོར་བཤད་མ་བདེ་བ་དང་ཅི་བྱེད་འདི་བྱེད་མི་ཤེས་པའི་གནས་སུ་བསྐྱལ་ཡོད།

བོད་གཞུང་གིས་ལོ་མང་རིང་དེ་འདྲའི་སྲིད་ཇུས་བཟུང་བས་རྒྱ་ནག་གི་དབུ་ཁྲིད་ཚོས་ལྷག་བསམ་རྣམ་དག་གིས་བོད་དོན་སེལ་ཆེད་གྲོས་མོལ་བྱེད་རྒྱུར་སྐུལ་མ་ནུས་པ་མ་ཟད། དེ་ལས་ལྡོག་ཏེ་བོད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་དུ་གྱུར་ཡོད། ད་དུང་རྒྱ་ནག་གི་དབུ་ཁྲིད་ཚོ་མ་གཏོགས་བཤད་ས་གཏུག་ས། རེ་ས་མེད་པའི་གནས་སྟངས་ཤར་འདུག རྒྱ་ནག་གི་དབུ་ཁྲིད་ཏིན་ཅང་ཧོའོ་བུན་ཞི་ལའེ་སུ་ཡིན་ཡང་། ཁོང་ཚོ་ནི་གུང་ཁྲན་ཏང་གི་ལག་ཆ་མིན་ན་སྲིད་དབང་སྒེར་གཅོད་སྒྲིག་འཛུགས་ཀྱི་བཟོ་བཀོད་པ་དང་ཡང་ན་གཙོ་འཛིན་ཡིན་པས། བོད་དོན་སེལ་མཁན་ཁོང་ཚོ་མིན་ལ་དྲང་བདེན་ཟེར་བ་དེ་བས་ཀྱང་གླེང་ས་མེད།

འབྲོག༽ རྒྱ་ནག་དེང་གཞུང་གིས་ལོ་མང་རིང་སྤེལ་བའི་བླུན་སྒྱུར་སློབ་གསོ་དང་འཁྱོག་བཤད་དྲིལ་བསྒྲགས་ཀྱི་དབང་གིས། རྒྱ་རིགས་མང་ཆེ་བར་བོད་མི་རིགས་ལ་ལྟ་སྟངས་ངན་པ་ཡོད། ཡང་སྒོས་བོད་དོན་གླེང་ཚེ་ཁོང་ཚོ་ལམ་སང་རྒྱ་ནག་གཞུང་གི་ཕྱོགས་སུ་ལངས་ངེས་ཡིན། འདི་ལྟ་བུའི་ལངས་ཕྱོགས་དང་རྣམ་འགྱུར་ནི་རྒྱ་ནག་གཞུང་གིས་བོད་ལ་གནའ་ནས་ད་བར་དུ་དྲག་གནོན་སྲིད་ཇུས་འཛིན་པའི་རྨང་གཞི་རུ་ངོས་འཛིན་བྱེད་རུང་ངམ།

ཞི༽ རྒྱ་ནག་དེང་གཞུང་གིས་གནའ་ནས་ད་བར་དུ་བོད་ལ་དྲག་པོའི་སྲིད་ཇུས་བཟུང་བ་ནི་རྒྱ་རིགས་ཤེས་ལྡན་པ་ཚོའི་ ༼རང་རིགས་མིན་པའི་རིགས་ཚོགས་རྣམས། དེ་སེམས་ཐ་དད་ཡིན་པར་ངེས༽ཞེས་པའི་འཇིག་རྟེན་ལྟ་ཚུལ་ལས་བྱུང་བ་ཤར་སྟག་རེད། གནའ་རབས་རྒྱ་ནག་ཏུ། རྒྱ་རིགས་ལས་གཞན་ཕྱོགས་བཞིའི་མི་རིགས་ཚོར་ཀླ་ཀློ་དུད་འགྲོའི་ལྟ་ཚུལ་བཟུང་ཡོད་ལ། ལྷག་པར་དུ་འཐབ་རྒོལ་གྱི་བསམ་བློ་ཡོད་དུས་རྒྱ་ནག་གིས་ཞི་དྲག་ཟུང་ལྡན་གྱི་ཐབས་ཤེས་བཀོལ་ངེས་ཡིན། ཞི་ནི་དཔལ་འབྱོར་དང་དབང་ཐོབ་ཀྱི་ཁེ་བཟང་སྤྲད་ནས་རྔན་སླུ་དང་བློ་འགུག་བྱེད་པ། དྲག་ནི་ཁོང་ཚོའི་ལྟ་བ་ལངས་ཕྱོགས་དང་མི་མཐུན་པའི་བསམ་བློ་ཐ་དད་ཅན་ཏེ། ཡང་དག་པར་བཤད་ན་བོད་མིའི་ལས་དབང་ཁུར་དུ་ལེན་མཁན་ཚོར་སྙིང་རྗེ་ཡ་ང་མེད་པར་དྲག་རྡུང་བྱེད་པ། ཞི་དྲག་གང་གི་ལས་ལ་ཞུགས་ཀྱང་གཉིས་ཕམ་ལས་གཉིས་ཕན་མིན།

གོང་ཞུས་དེ་དག་ཚད་ཐིག་བྱས་ནས་རྒྱ་རིགས་ཤེས་ལྡན་མི་སྣ་དང་འབྲེལ་འདྲིས་བྱས་ན་ད་གཟོད་སུ་ལ་ཡང་དག་གནད་འཕིགས་ཀྱི་ལྟ་བ་ཡོད་མེད་དང་། སུས་རྒྱ་རིགས་མང་ཚོགས་ཀྱི་བློ་ཁ་བསྒྱུར་ནས་བོད་ལ་ཕན་འབྲས་ཡོང་རྒྱུ་སོགས་ཤེས་ཐུབ། དེ་ལྟར་བྱས་ན་ད་གཟོད་རྒྱ་རིགས་ཀྱི་བསམ་ཤེས་དང་གདུང་སེམས་མཉམ་སྐྱེད་འགུག་ཐུབ་ལ། འཁྱགས་ཀླུང་ལྟར་ཆགས་པའི་ད་ལྟའི་གནས་སྟངས་འདི་རྟོལ་སྲིད།

འབྲོག༽ ཉེ་ལམ་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་། ཆེས་མཐོའི་ཞིབ་བཤེར་ལྷན་ཁང་དང་སྤྱི་བདེ་ལྷན་ཁང་མཉམ་འབྲེལ་གྱིས་བཏོན་པའི༼ཁྲིམས་ལུགས་ལྟར་བོད་ཁུལ་གྱི་རང་སྲེག་དོན་རྐྱེན་ཚར་གཅོད་བྱ་རྒྱུའི་བསམ་འཆར༽ཞེས་པའི་ནང་། ༼རང་སྲེག་ནི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་ཡིན། རང་སྲེག་དོན་རྐྱེན་ནི་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས་ཀྱི་ཕན་ཚུན་ངན་འབྲེལ་དང་། ངན་ཇུས་སྔོན་འགོད། རྩ་འཛུགས་འཆར་འགོད་བྱས་ཤིང་། རྒྱལ་ཁབ་ཁ་བྲལ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག སྤྱི་ཚོགས་སྒྲིག་སྲོལ་ལ་གཏོར་བཤིག་བཏང་བའི་ངན་པ་དགུ་ཚང་གི་དོན་རྐྱེན་ཚབ་ཆེན་ཞིག་ཡིན་ཞེས་ངོས་འཛིན་དང་གཏན་འབེབས་བྱས་ཡོད་པར་ཁྱེད་ལ་དེའི་ཐད་ལྟ་ཚུལ་ཅི་ཞིག་ཡོད།

ཞི༽ འདི་ལས་རྒྱ་ནག་གི་ཁྲིམས་འཛིན་མ་ལག་ནི་གུང་ཁྲན་ཏང་གི་ལག་ཆ་ཙམ་ལས་དྲང་བདེན་གྱི་མ་ལག་ཅིག་མིན་པ་གསལ་བོ་ཤེས་ཐུབ།

གོང་ཞུས་ཇི་བཞིན༼རང་སྲེག་དོན་རྐྱེན་ནི་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས་ཀྱི་ཕན་ཚུན་ངན་འབྲེལ་དང་། ངན་ཇུས་སྔོན་འགོད། རྩ་འཛུགས་འཆར་འགོད་བྱས་ཤིང་།༽ ངའི་དྲི་བ་ནི་དཔུང་རྟགས་ཡོད་དམ། རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་། ཆེས་མཐོའི་ཞིབ་བཤེར་ལྷན་ཁང་དང་སྤྱི་བདེ་ལྷན་ཁང་གིས་ཇི་ལྟར་ཐག་གཅོད་བྱས་པ་ཡིན་ནམ། ཉེས་མེད་ཉེས་འཛུགས་དང་མུན་ནག་སྦར་འཛིན་བྱེད་སྟངས་ལས་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་། ཆེས་མཐོའི་ཞིབ་བཤེར་ལྷན་ཁང་དང་སྤྱི་བདེ་ལྷན་ཁང་སོགས་དབང་བསྒྱུར་བའི་ལག་ཆ་བྱེད་འདོད་ཀྱི་ངོ་ཚ་མེད་པའི་བྱ་སྤྱོད་བདེན་དཔང་བྱས་ཡོད།

གོང་ཞུས༼བསམ་འཆར༽འདི་ལས་བོད་གཞུང་གིས་མཁྱེན་དགོས་པ་ཞིག་ནི་ཟམ་གདོང་རིན་པོ་ཆེ་ནས་བཟུང་རྩོད་ལེན་བྱེད་ཀྱིན་པའི༼རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་རང་སྐྱོང༽ཞེས་པ་དེར་ཡིད་ཆེས་བྱ་མི་རུང་། ཁོང་ཚོའི་ལངས་ཕྱོགས་དེའི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱ་ནག་ལ་འཐུས་གུ་ཚང་བའི་ཁྲིམས་འཛིན་མ་ལག་ཅིག་དགོས་པ་མ་ཟད་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཆོད་སེམས་ཡོད་དགོས་པ་དེ་རེད། ཡིད་སྐྱོ་བ་ཞིག་ནི། རྒྱ་ནག་གི་ཁྲིམས་འཛིན་མ་ལག་ནི་དོན་གནས་བར་གནས་ཤིག་རྩ་བ་ཉིད་ནས་མིན་ལ། དེ་ནི་རྒྱ་ནག་གི་འདོམས་རས་དང་ཡང་ན་མི་དམངས་ལ་གཉའ་གནོན་བྱེད་པའི་ལག་ཆ་རེད། འདི་ལྟ་བུའི་ཁྲིམས་འཛིན་མ་ལག་འོག་རྒྱ་ནག་གི་རྩ་ཁྲིམས་དེ་རི་ལྟར་བརྗིད་པའི་ཚིག་བཙན་པོ་ཞིག་མིན་ལ། རྒྱ་ནག་གཞུང་གིས་དམ་བསྲུང་བྱ་ཡུལ་གྱི་ཁྲིམས་ཆེན་དེ་བས་ཀྱང་མིན།

འབྲོག༽ ནམ་རྒྱུན་ཁྱེད་ཀྱིས་བོད་མིའི་རང་སྲེག་གི་གནས་ཚུལ་རེ་རེ་གོ་དུས། ཁྱེད་ལ་སྐབས་དེར་ཚོར་བ་དང་ཡང་ན་བསམ་ཚུལ་ཅི་ཞིག་འཁོར་བྱུང་།

ཞི༽ ཁོང་ཚོའི་བདེན་པའི་ཆེད་དུ་རང་སྲོག་བློས་བཏང་བའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་དང་སེམས་འགུལ་ཐེབས།

ཡང་ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་གཞུང་གིས་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་པའི་འོས་འཚམ་གྱི་སྲིད་ཇུས་གཏན་འབེབས་མི་བྱེད་པ་དང་བོད་ཀྱི་མ་འོང་པར་ཡང་བསམ་གཞིག་མི་བྱེད་པའི་རྣམ་འགྱུར་ལ་སེམས་འཚབ་སྐྱེས།

རང་ཉིད་བོད་དོན་ལ་བརྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འོས་འགན་ཆེན་པོ་ཡོད་པ་ཚོར། ཕྱོགས་སོ་སོའི་དྲང་བདེན་སྐྱོང་ཞིང་རང་དབང་ལ་དགའ་བའི་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་དྲག་པོའི་གཞུང་ལ་ངོ་རྒོལ་བྱ་རྒྱུའི་རེ་བ་ཡོད།

 

མཆན།

བཅར་འདྲི་ཞུ་ཡུལ་ལྕམ་ཞི་ཝེ་མེན་ནི་ཕ་ཡུལ་ཐེ་ཝན་ཧྭ་ལེན་ཡིན་ཞིང་། ཐ་ཝེ་སློབ་ཆེན་དུ་ལོ་རྒྱུས་ཤེས་རམས་པ་དང་། ཁཱ་ན་ཌ་ཁྲོ་རོན་ཁྲོ་སློབ་ཆེན་དུ་ལོ་རྒྱུས་རམ་འབྱམས་པའི་བསླབས་གནས་ཐོབ། ད་ལྟ་དབྱིན་ཇི་ན་འཚོ་གནས་བྱས་ཡོད་པ་དང་། ནམ་རྒྱུན་ལོ་ཙཱའི་ལས་དོན་སྒྲུབ་མུས་དང་། ༼བོད་ཀྱི་འབྲུག༽སོགས་རྒྱ་ཡིག་ཏུ་བསྒྱུར་ཡོད།

༼གོང་ཞུས་བཅར་འདྲིའི་ནང་དོན་གྱིས་བཅར་འདྲི་ཞུ་ཡུལ་གྱི་ལྟ་བ་ལས་གཞན་མི་མཚོན༽།

Advertisements