བོད་མི་ཆབ་སྲིད་བཙོན་མའི་ནང་ཁྲོལ་བླངས་ནས་རྒྱ་གཞུང་གི་དཔོན་རིགས་ཚོར་མཁོ་སྤྲོད་བྱས་པ།

SIGROSS_Ethan_Gutmann_hse_parliament_04རྒྱ་ནག་གཞུང་གིས་བཙོན་འོག་ན་ཡོད་པའི་བོད་མིའི་མཁལ་མས་གཙོས་ནང་ཁྲོལ་བླངས་ནས་དགོས་མཁོ་ཅན་གྱི་མཐོ་རིམ་དཔོན་རིགས་ཚོར་མཁོ་སྤྲོད་བྱེད་ཀྱིན་ཡོད་འདུག

དེ་ཡང་ཨ་རི་རླུང་འཕྲིན་ཁང་གིས་ཕྱི་ཚེས་༡༥ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་རྒྱལ་ས་ན་ཡོད་པའི་སྙན་གྲགས་ཆེ་བའི་Brookings ཆབ་སྲིད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བསླབ་པ་ཅན་དང་། དེ་སྔ་རྒྱ་ནག་ནང་ཕྱག་ལས་གནང་མྱོང་མཁན་སྐུ་ཞབས་Ethan  Gutmman མཆོག་གིས་འདས་པའི་ལོ་ལྔའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་པོ་དང་། ནང་ཁྲོལ་ལེན་པའི་གཤེགས་བཅོས་ནང་དངོས་སུ་ཞུགས་མྱོང་ཡོད་པའི་སྨན་པ། དེ་མིན་འཛམ་གླིང་གང་སར་གནས་སྡོད་ཧྥ་ལོང་ཀོང་སྒོམ་གྲུབ་ཚོགས་པའི་ཚོགས་མི་དང་། བོད་མི། ཡུ་གུར་བ་སོགས་ལ་དུས་ཡུན་རིང་པོར་བཅར་འདྲི་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང༼དམར་གསོད༽ཅེས་པའི་དེབ་ཅིག་བརྩམས་ནས་ད་ལྟ་འགྲེམས་སྤེལ་བྱས་ཡོད་པ་རེད།

སྐུ་ཞབས་གྷ་ཊི་མན་གྱི་བསྡོམས་ཚིག་ནི། ཆབ་སྲིད་བཙོན་པ་དང་། སྒོས་སུ་ཧྥ་ལོང་ཀོང་སྒོམ་གྲུབ་ཚོགས་མའི་ནང་ཁྲོལ་ལེན་པའི་གཞི་རྒྱ་ཆེ་བའི་དམར་གསོད་དེའི་རིགས་བྱུང་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་ལག་བསྟར་བྱེད་ཀྱིན་པ་རེད་ལ། དེ་ནི་རྒྱ་ནག་གཞུང་གི་གསང་བའི་ལམ་ནས་ཆབ་སྲིད་བཙོན་པ་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རེད།

ཁོང་གིས། ཞིབ་འཇུག་ལས་ཤེས་པ་ཞིག་ནི། རྒྱ་ནག་གཞུང་གིས་བཙོན་དུ་བཅུག་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཡང་ནང་ཁྲོལ་མཁོ་ལེན་བྱ་ཡུལ་དུ་གྱུར་ཡོད་མོད། འོན་ཀྱང་གྲངས་ཀ་ཆེན་པོ་མ་རེད། དེ་གཅིག་བྱས་ན་བོད་ཁུལ་གྱི་སྨན་བཅོས་སྒྲིག་ཆས་ལ་རག་ལས་ཡོད། ངས་སྔོན་ཆད་རྒྱ་ནག་གི་བཙོན་དུ་འཇུག་མྱོང་བའི་མི་མང་པོ་ཞིག་ལ་བཅར་འདྲི་སྐབས། ཁོང་ཚོ་ཚང་མར་ཁྲག་བླངས་པའི་ལོ་རྒྱུས་ཡོད་ན་ཡང་། ཁོང་ཚོས་ཁྲག་ལེན་དོན་དང་དོན་དག་ཅི་ཞིག་བྱུང་བར་ཤེས་རྟོགས་ཅི་ཡང་མེད། ཕན་ཚུན་འབྲེལ་བ་རྩ་བ་ནས་མེད་པའི་བོད་མི་དང་ཡུ་གུར་བའི་ཁ་ནས་ཀྱང་ཁྲག་བླངས་པའི་གཅིག་མཚུངས་ཀྱི་ལོ་རྒྱུས་གོ་རྒྱུ་ཡོད་པས། དེ་ལས་ཆབ་སྲིད་བཙོན་པའི་ནང་ཁྲོལ་ལེན་པའི་དོན་དག་དེ་བྱུང་དང་འབྱུང་གིན་པ་དང་། ས་གནས་མང་པོ་ན་གནད་དོན་དེ་ཡོད་པ་ཚོར་ཐུབ་ཅེས་བཀོད་འདུག

གཞན་ཡང་ཁོང་གིས་བཤད་རྒྱུར། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པའི་ནང་ཁྲོལ་བླངས་པའི་བདེན་དཔང་གལ་གནད་ཅན་ཞིག་ནི་ཞིན་ཅང་ཨོ་རོམ་ཆི་ལྕགས་ལམ་སྨན་ཁང་ལྟེ་བར་ཕྱག་ལས་གནང་མྱོང་བའི་སྨན་པ་ཞིག་གི་སྐད་ཆ་ཡིན། སྨན་པ་དེས་བཤད་རྒྱུར། ཉི་མ་ཞིག་ལ་སྨན་ཁང་འགོ་ཁྲིད་ཀྱིས་བཀའ་ཕབ་སྟེ། པེ་ཅིང་ནས་མཐོ་རིམ་དཔོན་པོ་དྲུག་ཡོང་ཡོད། ཁོང་ཚོ་ཚང་མར་མཁལ་མ་དགོས་གལ་ཆེ་བས། ཁྱེད་རང་ཨོ་རོམ་ཆི་བཙོན་ཁང་དུ་སོང་ནས་ཆབ་སྲིད་བཙོན་པའི་ཁྲག་ལེན་རོགས་ཟེར། ངས་ཀྱང་དེ་ལྟར་བྱས་པ་ཡིན་ཟེར།

སྐུ་ཞབས་གྷ་ཊི་མན་གྱི་བཤད་པ་ལྟར་ན། ཆབ་སྲིད་ཀྱི་དམིགས་ཡུལ་ཅན་གྱི་ནང་ཁྲོལ་ལེན་པའི་དོན་དག་དང་པོ་དེ་ཕྱི་ལོ་༡༩༩༠འི་སྨད་དུ་ཡུར་གུར་བ་ནས་མགོ་བརྩམས་ཡོད་པ་དང་། རྗེས་སུ་རིམ་གྱིས་ཇེ་མང་ནས་ཧྥ་ལོང་ཀོང་སྒོམ་གྲུབ་ཚོགས་མིར་ཁྱབ་དོན་གཙོ་བོ་ནི་ནང་ཁྲོལ་མཁོ་མཁན་ཚོ་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དག་ཡིན་པས། ཁོང་ཚོས་དུ་བ་མི་འཐེན་པ་དང་། ཨ་རག་མི་འཐུང་བའི་མི་ཞིག་གི་དབང་བོ་གཙང་མ་ཞིག་ལ་རེ་བ་བརྒྱབ་ཡོད་པས་ཡིན་པ་རེད།

དེ་མིན་ཁོང་གིས་རྒྱ་ནག་རྒྱལ་ཡོངས་གང་སར་ནང་ཁྲོལ་ལེན་པའི་དོན་དག་བྱུང་ཡོད་པ་དང་། ལྷག་པར་དུ་བོད་དང་ཡུ་གུར་བ་ལའང་གཅིག་མཚུངས་ཀྱི་དོན་དག་བྱུང་ཡོད་པས། དེ་ནི་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་འགལ་ཤོག་ཁག་ཅིག་གི་བྱ་སྤྱོད་མིན་པ་ཤེས་ཐུབ་ཞེས་བརྗོད་འདུག

Advertisements

One thought on “བོད་མི་ཆབ་སྲིད་བཙོན་མའི་ནང་ཁྲོལ་བླངས་ནས་རྒྱ་གཞུང་གི་དཔོན་རིགས་ཚོར་མཁོ་སྤྲོད་བྱས་པ།

དཔྱད་མཆན་སྒོ་བརྒྱབ་འདུག