གཞོན་ལྷན་གྱིས་ས་གནས་ཁག་བརྒྱད་ཀྱིས་རྒྱུན་ལས་ཚོགས་ཁོངས་ནས་ཕྱིར་ཕུད་འདུག

 Untitledགཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་མ་བསྒྱུར་ བའི་དབང་གིས་ས་གནས་གཞོན་ནུ་ཁག་བརྒྱད་དབུས་སྤྱི་ཁྱབ་ཀྱི་ཁོངས་སུ་མ་བསྡད་པར་ བརྟེན། ཐེངས་འདིའི་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐོག སྐབས་དེའི་ཐག་གཅོད་གནང་མཁན་གྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མིར་ ངོས་ལེན་མེད་པའི་ཐག་གཅོད་དང་། ས་གནས་དེ་དག་གི་རྒྱུན་ལས་དང་ཚོགས་མི་གསར་པ་ཚོས་གཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད།
ཕྱི་ཟླ་༨ ཚེས་༡༡ ཉིན་ན་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་དེ་འབྲས་ལྗོངས་སྒང་ཏོག ཆོལ་གསུམ་ཚོགས་ཁང་ནང་དུ་འཚོགས་པ་དང་། དེའི་ཐོག་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་དང་གྲོས་ཆོད་བཞག་ཡོད་པ་རེད།

དེ་ཡང་ས་གནས་ཁག་བརྒྱད་གཞོན་ལྷན་གྱི་སྒྲིག་ཁོངས་ནས་མ་བསྡད་པར། ཟུར་དུ་ཐོན་པ་དེའི་ཐོག་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།
༡ གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ས་གནས་ཁག་བརྒྱད་ལ་དུས་ཡུན་ལོ་གཅིག་རིང་ འགྲིགས་ཆགས་ཡོང་ཐབས་ཀྱི་འབད་བརྩོན་རིམ་པར་བྱས་ཀྱང་དོན་འབྲས་མ་སོན་སྟབས། ད་ཐེངས་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ལྷོ་ཕྱོགས་ཀྱིས་གཙོས་པའི་ས་གནས་ཁག་ བརྒྱད་ཀྱི་རྒྱུན་ལས་ཚོས་གཞོན་ལྷན་གྱི་སྒྲིག་གཞིར་རང་དགར་བཟོ་བཅོས་བྱས་པའི་ ཐལ་ཆེའི་བྱ་སྤྱོད་དེས། ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རྩིས་མེད་བཏང་བ་མ་ཟད། ལོ་ངོ་༤༥ རིང་བོད་བསྟན་སྲིད་ཆེད་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ ཚོགས་ཀྱི་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཅིག་ལ་འགན་འཛིན་ལྷན་ ཚོགས་འདིའི་ཐོག་ནས་ངོས་འཛིན་ཞུ་རྒྱུ།
༢ སྦེལ་ཀོབ་ས་གནས་གཞོན་ལྷན་དང་། ཧོན་སུར་ས་གནས་གཞོན་ལྷན། ཀོ་ལི་ཀལ་ས་གནས་གཞོན་ལྷན། མོན་གྷོ་ས་གནས་གཞོན་ལྷན། སྦེང་ལོར་ས་གནས་གཞོན་ལྷན། ཌལ་ཧོར་ས་གནས་གཞོན་ལྷན། ལ་དྭགས་ས་གནས་གཞོན་ལྷན། སྤོན་ཊོ་ས་གནས་གཞོན་ལྷན་བཅས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ནས། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་བོད་ཀྱི་གཞོན་ནུ་ ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་། མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་གཞོན་ལྷན་དམིགས་ཡུལ་སྒྲིག་ གཞིར་རང་དགར་བཟོ་བཅོས་བྱས་པ་མ་ཟད། ས་གནས་གཞོན་ལྷན་གྱི་མཚན་བྱང་དང་བོད་ཀྱི་གཞོན་ལྷན་གྱི་ངོ་སྤྲོད་ལག་ཁྱེར་ཡང་ གསར་བཟོ་བྱས་པ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡོངས་སུ་ འགལ་བའི་ཐལ་ཆེའི་ཐག་གཅོད་ཅིག་ཡིན་པ་མ་ཟད། བཟང་སྤྱོད་དང་འགལ་བའི་ཚབས་ཆེའི་ལས་དོན་ཞིག་ཡིན་པས། ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་སྐབས་ དེའི་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁ་ཀྱི་རྒྱུན་ལས་རྣམས་ད་ནས་ བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་པའི་ཐག་གཅོད་བྱ་རྒྱུ།
༣ ད་རེས་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་ དང་ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག གཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་ སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག མ་འོངས་པར་ས་གནས་ཁག་བརྒྱད་ཀྱི་གནད་དོན་ཐོག་ཐག་གཅོད་ཅི་ཞིག་གནང་དགོས་ཀྱང་ དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འགན་ལྷན་འདིའི་ཐོག་ནས་ཕུལ་བ་ཡིན།
༤ སྤྱི་ཚོགས་ནང་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་མེད་པའི་དབང་གིས་གཞོན་ལྷན་ སྒྲིག་འཛུགས་ལ་མཐོང་ཚུལ་ཡོང་བཞིན་པར་དབུས་སའི་རྒྱུན་ལས་ནས་འགན་ཁུར་གྱིས་ གཞོན་ལྷན་གྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་མི་མང་ལ་གསལ་བཤད་དགོས་རྒྱུ་ སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།
དེ་བཞིན་གྲོས་ཆོད་ཁག་གི་ནང་དུ། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དག་བོད་མི་ དང་རྒྱལ་སྤྱིའི་མི་མང། ལྷག་པར་དུ་རྒྱལ་སྤྱིའི་མཐོ་སློབ་ཁག་གི་སློབ་མ་ནས་མཁྱེན་རྟོགས་ཆེད་ལས་འགུལ་ སྤེལ་རྒྱུ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལས་སྐྱོབས་ཐབས་ལས་འགུལ། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དངོས་ཤུགས་བརྒྱུད་གསུམ་ནས་ གནོན་ཤུགས་དང་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་ཁག་གི་ལྷན་མཐུན་ ཕྱོགས་ཀྱི་ལས་འགུལ་སྤེལ་རྒྱུ།
ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་ པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་ ལས་འགུལ། རང་རེའི་མི་རབས་གསར་པ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་གཤིས་སྤྱོད་བཟང་པོ་རྣམས་རྒྱུན་གནས་ཐུབ་ཐབས།
༧རྒྱལ་བའི་སྐུ་ཕྱྭའི་ཐོག་འགན་འཁུར་ཞུ་རྒྱུ་དང་། རྒྱ་ནག་གཞུང་དང་། དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ནས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་འདོགས་ཀྱི་ཉེས་ འཛུགས་བྱེད་བཞིན་པར་གཞོན་ལྷན་ནས་གདོང་ལེན་ཞུ་ཕྱོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་། ས་གནས་གཞོན་ལྷན་ཁག་གིས་གཞོགས་འདེགས་བྱེད་ཕྱོགས།  དེ་བཞིན་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་ གྲོས་ཆོད་བཞག་ཡོད་པ་རེད།༼གནས་ཚུལ་ཡོང་ཁུངས། བོད་ཀྱི་བང་ཆེན་དྲྭ་བ༽

 

 

 

Advertisements

One thought on “གཞོན་ལྷན་གྱིས་ས་གནས་ཁག་བརྒྱད་ཀྱིས་རྒྱུན་ལས་ཚོགས་ཁོངས་ནས་ཕྱིར་ཕུད་འདུག

  1. བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་པའི་སྒྲིག་གཞི་ལ་གཙི་བསྲུང་དང་ནང་ཁུལ་གཙང་མ་བཟོས་པར་བསམ་ཤེས་བྱེད་འོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་གཞིས་བྱེས་གཉིས་སུ་རེ་བ་འཛིན་ས་ཞིག་དང་བོད་དོན་འཐབ་རྩོད་སྤྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན་པས། སྲ་བརྟན་ངང་གནས་རྒྱུ་ཤིན་ཏུ་གལ་འགངས་ཆེ་བ་དང་། སྒོས་སུ་བོད་དོན་ཐད་གནའ་ནས་དེ་རིང་བར་ནུས་པ་བླ་ན་མ་མཆིས་པ་ཐོན་ཡོད་པས་རྗེས་ཕྱོགས་སུ་མུ་མཐུད་ནས་གང་ནུས་གང་ཐུབ་ཀྱིས་བོད་དོན་ཐད་ནུས་པ་འདོན་རྒྱུར་རེ་བ་ཡོད། ཡིན་ན་ཡང་། བསམ་ངན་ཁོག་བཅངས་ཀྱི་མི་ངན་འགའི་འདོད་རྔམ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྩ་འཛུགས་སྒྲོམ་གཞིར་གནོན་སྐྱོན་མི་ཡོང་རྒྱུ་དང་། ལྷག་དོན་ཁེ་ཕན་རིང་ལུགས་པ་རེ་ཟུང་གི་འདོད་ཧམ་བཞིན་གཞོན་ལྷན་གཉིས་མི་བྱུང་རྒྱུར་ད་ལྟ་ནས་གཟབ་ནན་བྱེད་རྒྱུའི་དགོས་པ་མཐོང་སོང་།

    Like

དཔྱད་མཆན་སྒོ་བརྒྱབ་འདུག