མེ་མདའ་སྦག་སྦག་གིས་བོད་མི་དམར་གསོད་བྱས་པའི་དཔང་རྟགས་རེག་པ།

2108a1ཟླ་བ་འདིའི་ཕྱི་ཚེས་༢༠འི་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང༼གཤམ་དུ་བོད་ཀྱི་མི་ཐོབ་ཅེས་བཀོད་རྒྱུ་ཡིན༽ གིས་བརྟག་དཔྱད་སྙན་ཐོ་ཞིག་སྤེལ་ནས། ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གི་དམག་མིས་མེ་མདའ་སྦག་སྦག་བཀོལ་ནས་བོད་མི་དམར་གསོད་བྱས་ཚུལ་བདེན་དཔང་བྱས་ཡོད་པ་མ་ཟད། རྒྱ་ནག་དེང་གཞུང་གིམེ་མདའ་གཏན་ནས་བརྒྱབ་མེདཅེས་པའི་རྫུན་གཏམ་གྱི་ཞབས་བརྟོལ་ཡོད་པ་རེད།

བོད་ཀྱི་མི་ཐོབ་ཀྱི་སྙན་ཐོ་དེའི་ནང་། ཉེ་ལམ་ལྟེ་གནས་ཁང་དེར་ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གི་གསང་བའི་ཡིག་ཆ་ཞིག་རེག་པ་དང་། གསང་བའི་ཡིག་ཆ་དེའི་ནང་། ཕྱི་ལོ་༢༠༠༨ལོའི་ཟླ་༣པར། ལྷ་ས་ནུབ་རི་རོ་ཁང་དུ་བཞག་པའི་རྐྱེན་དབང་དུ་ཤི་བའི་མིང་ཐོ་དང་། ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གིས་རྐྱེན་དབང་དུ་ཤི་བའི་ཕུང་བོ་བཞིར་ཞིབ་དཔྱད་བྱས་པའི་གསལ་འབྱེད་ཡིག་ཆ་བཅས་འདུས་ཡོད་ཅིང་། གསང་བའི་ཡིག་ཆ་དེས་རྒྱ་གཞུང་གི་དམག་མིས་བོད་མི་ཞི་བའི་ངོ་རྒོལ་རྔམ་སྟོན་པ་ཚོར་མེ་མདས་བརྒྱབས་ནས་བསད་པའི་དོན་དངོས་གནས་ཚུལ་བདེན་དཔང་བྱས་ཡོད་འདུག

བོད་ཀྱི་མི་ཐོབ་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས།  ཕྱི་ལོ་༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ལས་འགུལ་ལངས་སྐབས། སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ཟེར་བ་དང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་མགྲིན་ཚབ་པ་ཏེན་ཧྭོས་མེན་བཅས་ཀྱིས་གསར་འགྱུར་སྨྱན་བྱད་ཁག་ལ་ཡང་དང་ཡང་བསྐྱར་དུ་ཐེངས་འདིའི་གཏོར་བཅོལ་ལས་འགུལ་ཐག་གཅོད་བརྒྱུད་རིམ་དུ། ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་དྲག་པོའི་ལག་ཆ་གཅིག་ཀྱང་བཀོལ་སྤྱོད་བྱས་མེད་ལ། མེ་མདའ་གཏན་ནས་བརྒྱབ་མེདཅེས་བསྒྲགས་ཡོད་མོད། འོན་ཀྱང་། བོད་ཀྱི་མི་ཐོབ་ལ་རེག་པའི་གསང་བའི་ཡིག་ཆ་དེའི་ནང་གསལ་བ་ལྟར་ན། ལྷ་ས་ནུབ་རི་རོ་ཁང་གཅིག་པུའི་ནང་ཕུང་པོ་༢༢ བཞག་པ་དང་། ཞིབ་དཔྱད་བྱས་པའི་ཕུང་བོ་བཞི་ཁར་བསྣན་ན་རྐྱེན་དབང་དུ་ཤི་བ་༢༦ཡོད་ཅིང་།  ཕུང་བོ་དེ་དག་གི་ཁྲོད་བོད་མི་༡༡འདུས་པའི་མི་༡༥ནི་མེ་མདས་བརྒྱབ་ནས་བསད་པ་ཤར་སྟག་རེད། བོད་མི་༡༡ཁྲོད་ཕོ་༨དང་མོ༣ཡོད་པ་དང་། དེའི་ནང་གནས་ཚུལ་ཅུང་ཞིབ་ཕྲ་ཤེས་པའི་བོད་མི་དྲུག་ནི།   ལོ་ན་༣༠ཅན་གྱི་ལྷ་སའི་ལྷག་པ་ཚེ་རིང་དང་། སྙེ་མོ་རྫོང་གི་ལོ་ན་༤༡ཡིན་པའི་བདེ་འབྱུང། ལྷ་སའི་ལོ་ན་༢༠ཅན་གྱི་བསྟན་འཛིན་སྒྲོལ་མ། ལྷུན་གྲུབ་རྫོང་གི་ལོ་ན་༢༠ཅན་གྱི་སྤེན་ཕྲུག སི་ཁྲོན་དཀར་མཛེས་འབའ་ཐང་རྫོང་གི་ལོན་ན་༤༤ཡིན་པའི་བཀྲ་ཤིས་རིག་འཛིན། འདམ་གཞུང་རྫོང་གཉེན་གྲོང་ཞང་རུ་ཁག་གསུམ་པའི་ལོ་ན་༢༤ཅན་གྱི་དབང་འདུས་དར་རྒྱས་བཅས་རེད་ཅེས་འགྲེལ་བརྗོད་བྱས་འདུག 2108a2

ཡང་སྙན་ཐོའི་ནང་དུ། རྒྱ་ནག་གི་གསང་བའི་ཡིག་ཆ་ལྟར་ན། མེ་མདས་བརྒྱབས་ནས་བསད་པའི་བོད་མི་དེ་ཚོའི་ཁྲོད། མང་ཆེ་བ་བསད་པའི་དུས་ཚོད་ནི་ཕྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚས་༡༤འི་ཉིན་ཡིན་ཞིང་། བསད་སའི་ས་གནས་ནི་ཀླུ་སྦུག་སྲང་མ་༢ པའི་ལམ་མདོ་དང། ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ། ཅིན་ཧྥན་མགྲོན་ཁང་ཆེན་མོའི་ཁུལ་དང། ར་མོ་ཆེའི་གཙུག་ལག་ཁང་གི་ཉེ་འཁོར། བར་སྐོར ། བསྟན་རྒྱས་གླིང་གི་ཉེ་འདབས། དགའ་ལྡན་ཁང་གསར། པེ་ཅིང་དཀྱིལ་ལམ་སེར་ཁང་གསོལ་མགྲོན་ཁང་གི་མདུན་བཅས་རེད་འདུག བོད་མི་དེ་དག་གི་ནང་དུ་སྐྱེས་པ་ཞིག་ལ་མེ་མདའ་༡༧ཕོག་ཡོད་པ་དང་། སྐྱེས་མ་གཉིས་ལ་སོ་སོར་མེ་མདའ་༡༥དང་༨ཕོག་ཡོད་པས། དེ་ཡིས་བདེན་དཔང་བྱས་པ་ཞིག་ནི། བོད་མི་དེ་དག་ནི་རྒྱ་ནག་གི་དམག་མིས་མེ་མདའ་སྦག་སྦག་གིས་བསད་པ་ཁག་ཐེག་རེད་ཅེས་བཀོད་འདུག

གཞན་ཡང། བོད་ཀྱི་མི་ཐོབ་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས། ཕྱི་ལོ་༢༠༠༨ལོའི་ཟླ་༤ཚེས་༡ཉིན། རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། ལྷ་སའི་མེ་སྲེག་གྱོད་གཞིའི་ཁྲོད་རྐྱེན་དབང་དུ་ཤི་བའི་དོན་མེད་མང་ཚོགས་༡༢ལས་གཞན། མི ༦རྐྱེན་དབང་དུ་ཤི་ཡོད་པ་དང་། དེ་དག་ནི། སི་ཁྲོན་གྱི་ལོ་ན་༦༠ཡིན་པའི་ཧྭག་ཇན་ཧྲའོ་དང་། ལྷ་སའི་བོད་རིགས་ལོ་ན་༣༠ཅན་ལྷག་པ་ཚེ་རིང་། འདམ་གཞུང་གི་ལོ་ན་༢༤ཡིན་པའི་དབང་འདུས་དར་རྒྱས། ཀན་སུའུ་ཡོན་ཏིན་རྫོང་གི་ལོ་ན་༣༠ཅན་གྱི་རུས་མིང་ཀོ་ཅན། གཞན་མི་གཉིས་ཀྱི་མིང་དང་ལོ་སོགས་མི་གལས་ཞེས་བཀོད་ཡོད། ཡིན་ན་ཡང་། བོད་ཀྱི་མི་ཐོབ་ཁང་ལ་རེག་བའི་རྒྱ་གཞུང་གི་གསང་བའི་ཡིག་ཆ་དེའི་ནང་གསལ་བ་ལྟར་ན། བོད་མི་ལྷག་པ་ཚེ་རིང་ལགས་ཕྱི་ལོ་༢༠༠༨ལའི་ཟླ་༣ཚེས་༡༤ཉིན་མེ་མདའ་ཕོག་ནས་ཤི་བ་དང་། ཉིན་གསུམ་གྱི་རྗེས་ཏེ་ཕྱི་༡༧ཉིན་ལྷ་སའི་ཀླུ་སྦུག་ན་ཡོད་པའི་རང་ཁྱིམ་དུ་ཕུང་བོ་བརྙེད་པ་དང་། དེ་མིན་བོད་མི་དབང་འདུས་དར་རྒྱས་ལགས་ཡང་ཕྱི་ལོ་༢༠༠༨ལོའི་ཟླ་༣ཚེས་༡༤ཉིན་མེ་མདའ་ཕོག་ནས་གྲོངས་ཡོད་པ་དང་། ཁོང་གི་ཕུང་བོ་ཕྱི་ཚེས་༡༦ཉིན་གཙུག་ལག་ཁང་གི་ཉེ་འགྲམ་དུ་བརྙེད་འདུག དེ་ལས་གཞན་མིང་དང་ལོ། སྐྱེས་ཡུལ་སོགས་མི་གསལ་བའི་སྐྱེས་པ་དེ་གཉིས་ཀྱང་མེ་མདའ་ཕོག་ནས་གྲོགས་འདུག

དེ་དག་ལ་གཞིགས་ན། གནས་ཚུལ་འདི་དག་གིས་རྒྱ་ནག་དེང་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ནང་མང་ཚོགས་ལ་རྫུན་དང་ཕྲ་མ་བཤད་ནས་མགོ་གཡོག་མགོ་སྐོར་དང་། རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ལས་འགུལ་ལངས་རྗེས། ངན་སེམས་ཁོག་བཅངས་ཀྱིས་བསམ་བཞིན་དུ་རྫུན་བཤད་པའི་སྤྱོད་ངན་ཡང་བསྐྱར་ཐེར་འདོན་བྱས་ཡོད་ཅེས་བརྗོད་འདུག

ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གི་ཡིག་ཆ་འདི་ལྟར་ན། ས་བྱི་ཞི་རྒོལ་མོའི་སྐབས། ལྷ་ས་གྲོང་ཁྱེར་གཅིག་པུ་རུ་ཉུང་མཐའ་ཡང་བོད་མི་༡༠༡ལ་རྒྱ་གཞུང་གི་དམག་མིས་མེ་མདས་བརྒྱབས་ནས་དམར་གསོད་བྱས་ཡོད་པ་དང་། མེ་མདས་བརྒྱབས་ནས་དམར་གསོད་ཀྱི་དོན་རྐྱེན་རིགས་ངོ་རྒོལ་ལས་འགུལ་སྐབས་བྱུང་ཡོད་པ་མ་ཟད། ལས་འགུལ་རྗེས་ཀྱི་སྔོག་ཞིབ་འཛིན་བཟུང་ཆེན་མོའི་སྐབས་ཀྱང་བྱུང་ཡོད་ཚུལ་བོད་ཀྱི་མི་ཐོབ་ཁང་གི་སྙན་ཐོའི་ནང་བཀོད་འདུག

Advertisements