ཕྱི་བསྐྱོད་ལམ་ཡིག་མི་ཐོབ་པའི “མི་སེར་རིགས་ཚོགས” །

ཕྱི་བསྐྱོད་ལམ་ཡིག་མི་ཐོབ་པའི “མི་སེར་རིགས་ཚོགས” །

____བོད་མིར་ཕྱི་བསྐྱོད་ལམ་ཡིག་མི་སྤྲོད་པའི་གནད་དོན་གླེང་བ།

Passportམི་སེར་ཞེས་པ་ནི་སྤྱི་ཚོགས་རིག་པ་དང་ཆབ་སྲིད་རིག་པའི་ཐ་སྙད་ཅིག་རེད། མི་སེར་དང་རྒྱལ་ཁོངས་གཉིས་ཁ་ཁ་ཡིན། མི་སེར་ཞེས་པའི་མིང་ཚིག་འདི་སྤྱི་ལོ་༢༨༠༠འི་སྔོན་གྱི་གནའ་རབས་ཀི་རེ་སིའི་སྐབས་སུ་བྱུང་བ་དང་། བོད་ཀྱི་སྤྱི་ཚོགས་སུ་ཉེ་རབས་སུ་མ་གཏོགས་ཐོན་མེད་མོད། འོན་ཀྱང་། བོད་ཀྱི་སྤྱི་ཚོགས་སུ་ཡིག་ངག་གཉིས་སུ་འཇགས་པའི་ཆབ་འབངས་ཞེས་པ་དང་མི་སེར་ཞེས་པ་གཉིས་ནང་དོན་གཅིག་མཚུངས་རེད་བསམ་བྱུང་། ཡིན་ན་ཡང་། བོད་ཀྱི་ཤན་སྦྱོར་ཚིག་མཛོད་ཁག་ཏུ་སྤྱི་འབངས་ཞེས་བསྒྱུར་ཡོད་པ་ལས། མི་སེར་ཞེས་བསྒྱུར་མེད།

མི་སེར་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་ནི། སྤྱི་ཚོགས་དོ་དམ་དང་རྒྱལ་ཁབ་བདག་སྐྱོང་སོགས་ཐུན་མོང་ལས་དོན་སྒྲུབ་པ་དང་ནང་ཞུགས་བྱ་རྒྱུའི་ཐོབ་ཐང་མངའ་བའི་རང་བྱུང་གི་མི་ལ་ཟེར།

༼རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ཀྱི་དོན་ཚན་སོ་གསུམ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་མི་ཡོད་ཚད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡིན་ཞེས་མི་སེར་གྱི་ཁྱབ་ཁོངས་གཏན་འབེབས་བྱས་འདུག

རྒྱ་ནག་གཞུང་གི་བཤད་སྲོལ་ལྟར་ན། བོད་མི་རིགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་སྨོས་མ་དགོས་ལ། དེ་བཞིན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་༥༦གི་གྲས་དང་། རྒྱ་ནག་གི་སྐར་ལྔའི་དར་དམར་སྟེང་གི་སྐར་མ་གཅིག་གི་མཚོན་དོན་ཡང་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཆེན་པོ་ལྔའི་ཡ་གྱལ་བོད་མི་རིགས་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་མི་དམངས་ཤོག་སྒོར་སྟེང་དུ་བོད་ཡིག་ཡོད་པ་དང་། སྒོར་ལྔ་བཅུ་མའི་ངོས་སུ་བོད་ཀྱི་མཚོན་དོན་ཕོ་བྲང་ཆེན་པོ་པོ་ཏ་ལའང་བཀོད་ཡོད། འདི་འདྲའི་ངང་བལྟས་ཚེ། བོད་མི་རིགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཆེན་པོ་ཞིག་དང་། གཙོ་བོ་ཞིག ད་དུང་གཅེས་པ་ཞིག་ཀྱང་མིན་ནམ་བསམ་པའི་ཚོར་བ་ཞིག་ངང་གིས་སྐྱེ་རུ་འཇུག་ནུས།

དེ་མིན། མི་སེར་ལ་ཐོབ་ཐང་དང་རང་དབང་ཅི་ཡོད་གླེང་དུས། རྒྱལ་སྤྱིའི་ཐུན་མོང་གིས་ངོས་འཛིན་བྱེད་སྟངས་ཇི་བཞིན་དུ། གནས་སྤོ་དང་། སྨྲ་བརྗོད། སློབ་ཁྲིད། པར་སྐྲུན། ཆོས་ལུགས་དད་མོས། འདུ་འཛོམས། གཉེན་སྒྲིག བསམ་བློ། ལས་མཚམས་འཇོག་པ། རྒྱལ་ཁབ་ཕྱི་ནང་དུ་འགྲོ་བསྐྱོད། རྒྱུ་ནོར་བདག་འཛིན་སོགས་ཀྱི་རང་དབང་བཅས་དང་། ད་དུང་མི་སེར་གྱི་ཐོབ་ཐང་ངེས་པར་དུ་འདྲ་མཉམ་གྱི་རྨང་གཞིའི་སྟེང་། ཁྲིམས་ལུགས་གང་གིས་ཀྱང་རིགས་རྒྱུད་དང་། ཤ་མདོག ཕོ་མོ། སྐད་ཡིག ཆོས་ལུགས། ཆབ་སྲིད་ལྟ་བ། རྒྱལ་ཁོངས་སོགས་ལས་དབྱེ་འབྱེད་དང་། མཐོང་ཆུང་། ཡང་ན་འདྲ་མཉམ་མིན་པའི་ལྟ་འཛིན་བྱས་མི་ཆོག་ཅེས་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་ཐང་ངེར་བཀོད་ཡོད་ལ། “ཁྲིམས་ལུགས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། མཐོང་ཆུང་དང་བྲལ་བའི་འདྲ་མཉམ་གནས་བབ་འོག་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པ”ཞེས་པ་ནི་རྒྱ་ནག་གི༼རྩ་ཁྲིམས༽ཀྱི་གཞི་རྩའི་རྩ་དོན་གཙོ་བོ་དེ་ཡིན།

ཡིན་ན་ཡང་། དོན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་བོད་མི་རིགས་ལ་གོང་ཞུས་རང་དབང་དང་ཐོབ་ཐང་དེ་དག་ཡོད་དམ་ཞེ་ན། མེད་དེ། རྩ་བ་ནས་མེད། ཐ་ན་དེ་དག་གི་ནང་གི“རྒྱལ་ཁབ་ཕྱི་ནང་དུ་འགྲོ་བསྐྱོད”ཀྱི་རང་དབང་ཐོབ་ཐང་ཙམ་ཡང་མེད། བོད་མི་རིགས་ནི་ཕྱི་བསྐྱོད་ལམ་ཡིག་ཐོབ་རྒྱུའི་རང་དབང་ཐོབ་ཐང་ཙམ་ཡང་མེད་པའི་རྒྱ་ནག་གི“མི་སེར་རིགས་ཚོགས” དེ་ཡིན།

སྐབས་སུ་བབ་པའི་བོད་མིར་ཕྱི་བསྐྱོད་ལམ་ཡིག་མི་སྤྲད་པའི་གནད་དོན་ཐད་རོབ་ཙམ་གླེང་ན།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་བསྐྱོད་ལམ་ཡིག་ཁྲིམས་ལུགས༽ཞེས་པའི་དོན་ཚན་གཉིས་པར ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་བསྐྱོད་ལམ་ཡིག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཞིག་རྒྱལ་ཁབ་ཕྱི་ནང་དུ་འགྲོ་འོང་སྐབས་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱལ་ཁོངས་དང་གོ་ཐོབ་བདེན་དཔང་བྱེད་སྤྱད་ཀྱི་དཔང་ཡིག་ལ་ཟེར ”ཞེས་གསལ་བཤད་བྱས་འདུག

མི་སེར་ལ་ཕྱི་བསྐྱོད་ལམ་ཡིག་ལེན་རྒྱུའི་ཐོབ་ཐང་ཡོད་ལ། གཞུང་ལ་ཁྲིམས་ལུགས་ལྟར་ཕྱི་བསྐྱོད་ལམ་ཡིག་རང་གི་མི་སེར་ལ་སྤྲོད་རྒྱུའི་འོས་འགན་ཡོད་པ་ནི་མི་སེར་གྱི་ཆེས་གཞི་རྩའི་ཐོབ་ཐང་ཞིག་དང་གཞུང་གི་ཤིན་ཏུ་འོས་པའི་འགན་འཁྲི་དེ་ཡིན་མོད། འོན་ཀྱང་ཐོབ་ཐང་རྩོད་ས་མེད་ལ་འོས་འགན་སྒྲུབ་མཁན་ཡང་མེད་པའི་རྒྱ་ནག་ཏུ་མི་སེར་གྱི་ཐོབ་ཐང་དང་གཞུང་གི་འོས་འགན་ཟེར་བ་དེ་ཚིག་གྱོང་སྐམ་པོ་ནུས་མེད་བེད་མེད་གཉིས་དང་། སྐྱག་རྫུན་ཞིག་ལས་མ་འདས།

དེང་གི་དུས་འདིར་བརྡ་འཕྲིན་དང་འགྲིམ་འགྲུལ་དར་དྲགས་པས། ས་ཡི་གོ་ལའང་གྲོང་ཚོ་ཙམ་གྱི་ཚོར་སྣང་སྐྱེས་ཡོད་པ་དང་། དེ་འདྲའི་འགྲོས་དང་མཉམ་དུ་འཚོ་བ་དང་། ལས་ཀ སློབ་སྦྱོང་། གཉེན་འཕྲད། ལྗོངས་རྒྱུ་སོགས་ཀྱི་ཆེད་དུ་རྒྱལ་ཁབ་ཕྱི་ནང་དུ་འགྲོ་འོང་གི་དགོས་མཁོ་དང་འདུན་པའང་ཇེ་དྲག་ཏུ་སོང་ཡོད། དེ་འདྲ་ཡིན་མོད་ཀྱང་། ཉེས་པའི་ལོ་ཤས་སུ་བོད་མི་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་དང་། ཚོགས་འདུ། གཉེན་འཕྲད། ལས་ཀ་སོགས་ཀྱི་ཆེད་འགྲོ་རྒྱུར་བཀག་བསྡོམས་ནན་མོ་བྱས་པའི་དབང་གིས་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་འོང་གི་གནས་ཚུལ་ཤིན་ཏུ་ཉུང་ཉུང་ཡིན་ལ། དེའི་རྒྱུ་མཚན་ནི་བོད་མི་རིགས་ཡིན་པ་གང་ཞིག་ལ་ཕྱི་བསྐྱོད་ལམ་ཡིག་སྤྲོད་རྒྱུར་དམ་དྲག་བྱས་པས་རེད།

དཔེར་ན། ཕྱི་ལོ་༢༠༡༢ལོའི་ཟླ་༤པའི་ཚེས་༢༩འི་ཉིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐེན་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐེན་ཟེར་བ་གཉིས་མཉམ་འབྲེལ་གྱིས་བཀྲམས་པའི༼གོམ་གང་མདུན་སྤོས་ཀྱིས་རང་ལྗོངས་ཀྱི་ཕྱི་བསྐྱོད་ལམ་ཡིག་བདག་སྤྲོད་དང་། ཞིབ་བཤེར། ཁྲོལ་མཆན་གནང་འགོད་དོ་དམ་ལས་དོན་ཐད་ཀྱི་བསམ་འཆར༽༼གཤམ་དུ་འདི་ལ“བསམ་འཆར”ཞེས་བཀོལ་རྒྱུ་ཡིན༽ཞེས་པའི་བརྡ་སྦྱོར་ཞིག་ས་གནས་སོ་སོ། ལས་ཁུངས་ཡོད་ཚད། ཚོགས་སྡེ་ཀུན་པོར་བཀྲམས་ནས “དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་ནན་ཏན་ངང་ལག་ལེན་དུ་བསྟར་དགོས ”ཞེས་བཀའ་རྒྱ་ནན་མོ་བཏང་ཡོད་པ་ལྟ་བུ་རེད།

གོང་ཞུས༼བསམ་འཆར༽ཡིག་ཆ་དེ་དོན་ཚན་ཆེན་པོ་གསུམ་དུ་བགོས་ཡོད་པ་དང་། དོན་ཚན་དང་པོ་སྟེ༼མི་སེར་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་པ་བདག་སྤྲོད་དང་། ཞིབ་བཤེར། ཁྲོལ་མཆན་གནང་འགོད་དོ་དམ་ལས་དོན་ལ་གཟབ་ནན་ཤུགས་སྣོན་བྱེད་དགོས༽ཞེས་པར། ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་༥བར་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་རྡུལ་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་པ་སྤྱོད་འགོ་འཛུགས་རྒྱུའི་གོ་སྐབས་ལ་བསྟུན་ནས། རང་ལྗོངས་ཀྱི་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་ད་དུང་རྩིས་འགྲོའི་ཡུན་ཚད་ན་ཡོད་པ་ཚང་མ་ཕྱིར་བསྡུ་བྱེད་དགོས། སྒེར་བའི་ཕྱི་བསྐྱོད་ལམ་ཡིག་ངེས་པར་དུ་སྤྲོད་དགོས་པའི་རིགས་ལ་ཞིབ་བཤེར་ནན་མོ་བརྒྱུད་ནས་ཡང་བསྐྱར་གློག་རྡུལ་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་སྤྲད་ཆོག

སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་ཞུ་ལེན་དང་ཁྲོལ་མཆན་གནང་འགོད་ཐད“གཏོགས་ཡུལ་ནས་ཞུ་ལེན། ས་གྲོང་ནས་ཞིབ་བཤེར་གཏན་འབེབས། སྤྱི་བདེ་ཐེན་གྱིས་གཅིག་གྱུར་གྱིས་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུའི ”ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། རང་ལྗོངས་ཀྱི་མི་སེར་ཚང་མ་གཏོགས་ཡུལ་གྱིས་དོ་དམ་བྱེད་རྒྱུའི་གཞི་རྩའི་རྩ་དོན་ལྟར། ཁྱིམ་ཐོ་ཡོད་སའི་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ནས་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་ཞུ་ལེན་བྱེད་རྒྱུ་ལས “སྤྱི་བདེ་ཐེན་རྒྱལ་ཁབ་ཕྱི་ནང་འགྲོ་འོང་དོ་དམ་ལས་ཁུངས” ཀྱིས་བདག་སྤྲོད་བྱེད་རྒྱུ་མིན་ཞེས་དང་། དེ་མིན་ད་དུང་། སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་ཞུ་མཁན་ཡོངས་ཀྱིས་མི་རང་ཉིད་ཀྱིས་ཡིག་ཐོག་ནས་སྙན་ཞུ་ཕུལ་དགོས་ལ། སྙན་ཞུ་ཡི་གེ་དེ་རང་ཉིད་གཏོགས་སའི་གྲོང་སྡེ་ཨུ་ཡོན་ལྷན་ཁང་དང་། ཡང་ན་ཞང་མི་དམངས་སྲིད་གཞུང་ལ་ཕུལ་ནས་ཞིབ་བཤེར་དང་པོ་བྱས་རྗེས། ཞང་མངག་གཏོང་ཁང་གིས་སྙན་ཞུ་ཡིག་ཆ་དེ་ཞང་དང་ཀྲིན་གྱི་འགོ་ཁྲིད་མཐོ་ཤོས་ལ་ཕུལ་ནས་བསྐྱར་ཞིབ་བྱེད་དགོས་ཤིང་། དེ་ནས་རྫོང་དང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་བདག་སྤྲོད་བསྐྱར་ཞིབ་བྱས་རྗེས་མཐར་རྫོང་དང་གྲོང་ཁྱེར། ས་གནས་སོགས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱིས་བསྐྱར་ཞིབ་བྱེད་དགོས་ཞེས་བཀོད་འདུག

དོན་ཚན་གཉིས་པ་སྟེ༼ཡུལ་སྐོར་སྤྲོ་གསེང་སྐོར་ཁག་གི་ཕྱི་བསྐྱོད་ལམ་ཡིག་ཞུ་ལེན་ལས་དོན་ལ་གཟབ་ནན་བྱེད་དགོས༽ཞེས་པར། ཡུལ་སྐོར་ལས་དོན་ཁང་གིས་སྐོར་ཁག་བསྒྲིགས་ནས་རྒྱལ་ཁབ་ཕྱི་རོལ་དུ་ཡུལ་སྐོར་སྤྲོ་གསེང་ཆེད་འགྲོ་སྐབས། རང་ལྗོངས་ཀྱི་མི་སེར་གྱིས་ཡུལ་སྐོར་ཆེད་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་ཞུ་ལེན་སྐབས་སུ། ངེས་པར་དུ་ཕྱི་བསྐྱོད་ལམ་ཡིག་ཞུ་ལེན་གྱི་འབྲེལ་ཡོད་ལམ་ལུགས་ལྟར་ཤིན་ཏུ་གཟབ་ནན་ངང་ལག་བསྟར་གྱིས་རེ་རེ་བཞིན་བསྐྱར་ཞིབ་དང་ཁྲོལ་མཆན་གནང་འགོད་བྱེད་རྒྱུ་དང་། “སུས་བསྐྱར་ཞིབ་བྱས་པ། སུས་ཁྲོལ་མཆན་གནང་འགོད་བྱས་པ། སུས་འགན་ལེན་བྱས་པའི ”གཞི་རྩའི་རྩ་དོན་དང་ཡོངས་སུ་མཐུན་དགོས་ལ། གཞན་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་བའི་བར་ངེས་པར་དུ་ཡིག་ཐོག་གན་རྒྱ་འཇོག་དགོས།

དེ་མིན་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བ་རེ་རེའི་མིང་ཐོ་ཞིབ་ཏུ་བཀོད་པའི་རེའུ་མིག་ལྗོངས་ཡུལ་སྐོར་སྤྲོ་གསེང་ལས་ཁུངས་ལ་སྤྲོད་དགོས་པ་དང་། ཡུལ་སྐོར་བ་ཚོ་ཕྱིར་ལོག་རྗེས་ཕྱི་བསྐྱོད་ལམ་ཡིག་ཡུལ་སྐོར་སྤྲོ་གསེང་ལས་དོན་ཁང་གིས་བསྡུས་ནས་གཏོགས་ཡུལ་སྤྱི་བདེ་རྒྱལ་མཚམས་ཕྱི་ནང་འགྲོ་འོང་དོ་དམ་ལས་ཁང་གིས་གཅིག་གྱུར་གྱིས་བདག་ཉར་བྱེད་དགོས་ཞེས་བཀོད་འདུག

དོན་ཚན་གསུམ་པ་སྟེ༼གཞུང་དོན་ཕྱི་བསྐྱོད་ལམ་ཡིག་ལ་ཞིབ་བཤེར་དང་ཁྲོལ་མཆན་གནང་འགོད་སོགས་དོ་དམ་ལས་དོན་ལ་གཟབ་ནན་བྱེད་དགོས༽ཞེས་པར། དབུས་ཕྱི་འབྲེལ་ལྷན་ཁང་གི་ཡིག་ཆའི་དགོངས་དོན་ལྟར་ཕྱི་འབྲེལ་ཕྱི་བསྐྱོད་ལམ་ཡིག་དང་། གཞུང་དོན་ཕྱི་བསྐྱོད་ལམ་ཡིག གཞུང་དོན་ཕྱི་བསྐྱོད་ལམ་ཡིག་སྤྱིར་བཏང་བ་བཅས་ལ་དོ་དམ་ནན་མོ་བྱེད་དགོས། གཞུང་དོན་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་མཁན་སྐོར་ཁག་དང་མི་སྒེར་སུ་ཡིན་ཡང་། ངེས་པར་དུ་གཞུང་དོན་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་པའི་སྒྲིག་སྲོལ་ལྟར་འགྲོ་ལུགས་འགྲིམ་དགོས།

གཞུང་དོན་ཆེད་ཕྱི་བསྐྱོད་ལམ་ཡིག་འཛིན་མཁན་ཚོ་ཕྱིར་རང་རྒྱལ་དུ་ལོག་རྗེས་ཀྱི་ཉིན་བདུན་གྱི་ནང་དུ་ལམ་ཡིག་གནང་འགོད་ལས་ཁང་གིས་གཏན་འཁེལ་བྱས་པའི་ལས་ཁུངས་ལ་སྤྲད་ནས་གཅིག་གྱུར་གྱིས་དོ་དམ་དང་ཡང་ན་ཐོ་སུབ་དགོས། དུས་ཡུན་ལྟར་ཕྱིར་མི་སྤྲོད་པ་དང་ཡང་ན་ལམ་ཡིག་སྒྲིག་སྲོལ་མི་བརྩི་བའི་ལས་ཁུངས་དང་མི་སྒེར་བྱུང་ཚེ། གནས་སྐབས་རིང་ཕྱི་རྒྱལ་དུ་གཞུང་དོན་སྒྲུབ་ཆེད་འགྲོ་རྒྱུ་མཚམས་འཇོག་དགོས། དེ་མིན་ད་དུང་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་བཟུང་ནས་གཞུང་དོན་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བའི་རིགས་གཏན་ནས་འགོག་དགོས་ཞེས་བཀོད་འདུག

ད་གོང་ནས་ངོ་སྤྲོད་བྱས་པ་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བར་ཕྱི་ལོ་༢༠༡༢ལོར་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་ཕྱི་བསྐྱོད་ལམ་ཡིག་སྲིད་ཇུས་གསར་བ་དེ་རེད། འདི་དང་གཅིག་མཚུངས་ཀྱི་ཕྱི་བསྐྱོད་ལམ་ཡིག་ཞུ་ལེན་གནང་སྤྲོད་གྱི་སྒྲིག་སྲོལ་དེ་མཚོ་སྔོན་དང་། གན་སུའུ། སི་ཁྲིན། ཡོན་ནན་སོགས་སུ་ཡོད་པའི་བོད་མིར་ལག་བསྟར་བྱས་དང་བྱེད་ཀྱིན་པར་གཞིགས་ན། དེ་ནི་བོད་ཁུལ་ཡོངས་དང་ཡང་ན་བོད་མི་རིགས་ཡོངས་ལ་ཕྱི་བསྐྱོད་ལམ་ཡིག་གནང་སྤྲོད་དང་ཞུ་ལེན་གྱི་འགྲོ་ལུགས་འགྲིམ་སྲོལ་གཅིག་གྱུར་དང་། རྒྱ་གཞུང་གི“ས་ཁུལ་རེ་ལ་ལམ་ལུགས་རེ། རིགས་ཚོགས་རེ་ལ་སྲིད་ཇུས་རེ”ཞེས་པའི་གྲངས་ཉུང་མི་རིགས་ཐད་ཀྱི་སྲོལ་རྒྱུན་གྱི་སྐྱོང་ཐབས་ལ་འགྱུར་བ་ཐེབས་གྱིན་པའི་མཚོན་རྟགས་ཤིག་རེད།

རྒྱ་ནག་གཞུང་གི་བོད་དོན་ཐད་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་ཕྱིན་པའི་མཚོན་རྟགས་གཙོ་བོ་ཞིག་ནི“བོད་ལྗོངས་ལས་དོན”ནས“བོད་འབྲེལ་ལས་དོན”དུ་བསྒྱུར་བ་དེ་རེད། ཕྱི་ལོ་༢༠༡༠ལོའི་ཟླ་༡པོར་བསྐོང་བའི་རྒྱ་ནག་དབུས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་སྐབས་ལྔ་བའི་སྟེང་། སི་ཁྲོན། ཡོན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་བོད་ལྗོངས་ལས་དོན་གྱི་ཁྱབ་ཁོངས་སུ་བཅུག་པ་དང་། “རྒྱ་ནག་དབུས་བོད་ལྗོངས་ལས་དོན་འགོ་ཁྲིད་མཐུན་སྒྲིག་ཚོགས་ཆུང”ཞེས་པ་དེ“རྒྱ་ནག་དབུས་བོད་ཁུལ་ལས་དོན་འགོ་ཁྲིད་མཐུན་སྒྲིག་ཚོགས་ཆུང་དུ  ” བསྒྱུར་བ་མ་ཟད། “ བོད་ལྗོངས་གནད་དོན ”ཞེས་པ “ བོད་འབྲེལ་གནད་དོན”དུ་བསྒྱུར་ཡོད། མདོར་ན། གཞི་རྩའི “ ཏཱ་ལའི་ཚོགས་ཁག་ལ་འཐབ་རྩོད་དང་བོད་ཁུལ་བརྟན་བརླིང ”ཞེས་པའི་ལས་དོན་གཙོ་བོ་དེའི་ཁར། བོད་མི་འཚོ་གནས་ས་ཁུལ་ཡོངས་རྫོགས་གཞི་གཅིག་གི་སྟེང་བཞག་ནས་དེ་ཡི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བདེ་འཇགས་དང་འཕེལ་རྒྱས་སོགས་གནད་དོན་ལ་སྤྱི་ཁོག་ནས་སྣེ་ཁྲིད་དང་ཕྱོགས་གཅིག་ཏུ་བསྡུས་ནས་མཐུན་སྒྲིག་བྱ་རྒྱུ་དེ་བསྣན་ཡོད། དེ་བས་ན། ཕྱི་བསྐྱོད་ལམ་ཡིག་སྲིད་ཇུས་དེའང་གཅིག་གྱུར་བྱས་པ་ཡིན་སྲིད།

འདི་ནི་ཕྱི་ལོ་༢༠༠༨ལོའི་བོད་ས་ཡོངས་སུ་ལངས་པའི་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོའི་རྗེས་སུ། རྒྱ་ནག་དེང་གཞུང་གིས་བོད་ཀྱི་གནད་དོན་ཐད་བསྒྱུར་བཅོས་དང་གཏན་འབེབས་བྱས་པའི་སྲིད་ཇུས་གསར་ཤོས་དེ་ཡིན་ལ། འགྱུར་ལྡོག་ཆེ་ཤོས་ཀྱང་ཡིན།

རྒྱ་ནག་གཞུང་གིས་བོད་མི་རིགས་ལ་དམིགས་བསལ་གཏན་འབེབས་བྱས་པའི་ཕྱི་བསྐྱོད་ལམ་ཡིག་གནང་སྤྲོད་ཐད་ཀྱི་གཞི་རྩའི་སྲིད་ཇུས་ནི། “གསར་བ་མི་བཟོ། རྙིང་བ་མི་སྲིང ”། ཞེས་པ་དེ་རེད། དེ་འདྲའི་སྲིད་ཇུས་དང་ལམ་ལུགས་འོག་དགོས་པ་རྒྱུ་མཚན་རི་འདྲ་ཞིག་ཡོད་ཀྱང་མི་རིགས་བོད་ཡིན་པ་གང་ཞིག་གིས་མ་སྤྲད་ན་ཁྲིམས་ལུགས་དང་མཐུན་ཞིང་སྲིད་ཇུས་ལག་ལེན་དུ་བསྟར་བར་ངོས་འཛིན་བྱས་ཡོད།  སྲིད་ཇུས་འདི་བོད་མི་རིགས་ཡོངས་ལ་ཁེབས་པས། དེ་ནི་རིགས་རྒྱུད་དབྱེ་འབྱེད་ཀྱི་སྲིད་ཇུས་ཤིག་དང་། བརྟན་བརླིང་སྲུང་སྐྱོང་ལ་ཁག་དཀྲིས་པའི་དམ་དྲག་སྲིད་ཇུས་ཀྱི་ནང་གསེས་ཤིག་ཀྱང་རེད།

ཁྱོད་ཉིད་འཚོ་གནས་བྱེད་ས་རྒྱལ་ས་པེ་ཅིང་དང་། ཁྲང་ཁྲོན། ཧྲང་ཧེ། ཡང་ན་ཟི་ལིང་དང་། ལན་ཀྲུག ཁྲིན་ཏུའུ། ཁོན་མེན། ལྷ་ས་གང་ན་ཡོད་ཀྱང་། ཁྱེད་ཀྱི་མི་རིགས་བོད་ཡིན་པས་གྲལ་རིམ་དང་གནས་སྟངས་ལ་འགྱུར་བ་བྱུང་མེད་པ་མ་ཟད། ང་མཆོག་ཁྱོད་དམན་ཀྱི་མཐོང་ཆུང་གི་ལྟ་ཚུལ་གྲིབ་མ་བཞིན་ནམ་ཡིན་ཡང་ཁྱོད་དང་མཉམ་དུ་གནས་ཡོད།

གཞན་དང་མ་འདྲ་བ་ཞིག་ལ། བོད་མི་ཚོར་དཀའ་ངལ་ཉིས་བརྩེགས་ཡོད། དཔེར་ན་མགོ་འཛུགས་སའི་རང་ཉིད་གཏོགས་ཡུལ་གྲོང་སྡེ་ནས་མཐའ་མའི་ཞིང་ཆེན་བར་དུ་ངོ་ཆེན་དབང་ཆེན་ལ་ལྐོག་རྔན་སྤྲད། འབྲེལ་ཡོད་མི་སྣ་ལ་གསོལ་སྟོན་བཤམས། ལས་ཁུངས་སྒོ་སྲུང་ལའང་ཞུ་བ་འཐེན་ནས་རྒྱུ་ནོར་བཀོལ། དུས་ཚོད་བཏང་། ལ་རྒྱ་ཤོར། དཀའ་ལས་མང་དག་ཅིག་མྱངས་པའི་རྗེས་སུ། ད་གཟོད་སྒེར་བའི་ཕྱི་བསྐྱོད་ལམ་ཡིག་ཞིག་ལས་དྲང་ན་རེག་སྲིད། འདི་ནི་དཀའ་ལས་དང་པོའི་རིམ་པ་རེད།

དཀའ་ལས་གཉིས་པ་དེ་གཅིག་བྱས་ན་སེམས་ལའང་འཁོར་ཡོད་རྒྱུ་མ་རེད། གནམ་ཐང་གི་རྒྱལ་མཚམས་འགག་སྒོར་སླེབས་མ་ཐག འཛིན་བྱང་ཞིབ་བཤེར་པས་ཁྱེད་ཀྱི་ཕྱི་བསྐྱོད་ལམ་ཡིག་བཤེར་འབེབས་བརྒྱུད་ཁྱེད་རང་གི་མི་རིགས་བོད་ཡིན་པ་ཤེས་རྗེས་ལམ་སང་མཛུབ་མོ་གཉིས་གནམ་ལ་སྲིང་ནས་བརྡ་རྒྱག་པ་དང་། དེ་ནས “འགོ་ཁྲིད ” ཅིག་གིས་ཁྱེད་རང“གཞུང་ལས་ཁང ”དུ་གདན་འདྲེན་གྱིས“དམིགས་བསལ་དྲི་གཅོད ” བྱེད་ངེས་ཡིན། དེ་ནི་དམིགས་གསལ་ཡིན་ལ་བསམ་བཞིན་དུའང་ཡིན། གལ་ཏེ་ཁོང་ཚོའི “ མིང་ཐོ་ནག་པོའི” ནང་ཁྱེད་ཀྱི་མིང་མེད་ན་བརྙས་བཅོས་དང་མཐོང་ཆུང་ཅན་གྱི་དྲི་བ་རྫོགས་མེད་དང་བརྒྱབ་ཁུག་ཚང་མར་སྔོག་བཤེར་དང་། གསང་གནས་མིན་ཚད་གཟུགས་པོ་ཚང་མ་ཞིབ་བཤེར་གྱི་རྗེས་སུ་ཁྱེད་རང་གློད་སྲིད། གལ་ཏེ་ཁྱེད་རང་གི་རུས་མིང་“མིང་ཐོ་ནག་པོའི ” ནང་ཡོད་ཚེ། བཀག་ཉར་འདྲི་གཅོད་སོགས་མི་བྱེད་ཀྱང་། ཁྱེད་ཀྱི་ཕྱི་བསྐྱོད་ལམ་ཡིག་གཞུང་བཞེས་གཏོང་ངེས་ཡིན་ལ་དེར་འགྲེལ་བཤད་སོགས་གཅིག་ཀྱང་མེད།

བོད་མི་དཀྱུས་མ་ཞིག་ཕྱི་རྒྱལ་དུ་འགྲོ་མི་དགོས་ལ་འགྲོ་སྤྱད་ཆ་རྐྱེན་ཡང་མེད། ཕྱི་རྒྱལ་དུ་འགྲོ་དགོས་པའི་སྡེ་ཁག་ནི་སློབ་མ་དང་དགེ་རྒན། ཚོང་བ། དེ་མིན་གཞུང་གི་འགོ་ཁྲིད་ཚོ་རེད། ཏང་དང་གཞུང་གི་འགོ་ཁྲིད་ཡིན་པའི་བོད་མི་རྣམས་ལ་ཕྱི་བསྐྱོད་ལམ་ཡིག་རེག་མིན་གྱི་དཀའ་ལས་མེད་མོད། འོན་ཀྱང་རྒྱལ་མཚམས་འགག་སྒོར་གཅིག་མཚུངས་ཀྱི་མཐོང་ཆུང་མྱངས་དགོས་ལ་དེ་ནི་ཁྱེད་བོད་རིགས་ཡིན་པས་རེད། ད་དུང་བོད་མི་མང་པོ་ཞིག་ལ་ཕྱི་བསྐྱོད་ལམ་ཡིག་རྦད་དེ་སྤྲད་ཀྱིན་མེད། དཔེར་ན་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལྟ་བུ་རེད།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་བསྐྱོད་ལམ་ཡིག་ཁྲིམས་ལུགས༽ནང་སྙན་ཞུ་ཕུལ་ནས་ཉིན་བཅོ་ལྔའི་ནང་ཕྱི་བསྐྱོད་ལམ་ཡིག་སྤྲོད་དང་མི་སྤྲོད་གསལ་ཁ་བཏོན་དགོས་ལུགས་བཀོད་ཡོད་མོད། འོན་ཀྱང་བོད་མི་ཚོར་ཟླ་བ་༡༥འི་རྗེས་སུའང་ཕྱིལ་བསྐྱོད་ལམ་ཡིག་སྤྲོད་རྒྱུ་ཕར་ཞོར་འགྲེལ་བཤད་ཅིག་ཀྱང་མེད། རྩ་བའི་ཆ་ནས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་བསྐྱོད་ལམ་ཡིག་ཁྲིམས་ལུགས༽ཞེས་པ་དེ་ཞིབ་ཕྲ་ཅན་ཞིག་མ་རེད། ཡིན་ཡང་དེའི་ནང་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཞིབ་བཤེར་དགོས་ལུགས་སོགས་གཅིག་ཀྱང་བཀོད་མེད་པ་དང་། དེའི་དོན་ཚན་༡༣པའི་ནང “ ཕྱིའི་རྒྱལ་ཁབ་ལ་ཐོན་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་ཡང་ན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོ་རྒྱུར་འབྲེལ་ཡོད་ལས་ཁུངས་ལ་དོགས་པ་ཡོད་ན་ཕྱི་བསྐྱོད་ལམ་ཡིག་མ་སྤྲད་ན་ཆོག་”ཅེས་བཀོད་ཡོད་པ་དེ་གཞི་འཛིན་ས་ཞིག་ཡིན་རྒྱུ་རེད།

རྒྱ་རིགས་ཚོར་མཚོན་ན་ཕྱི་བསྐྱོད་ལམ་ཡིག་ཞུ་ལེན་ནི་རླངས་འཁོར་འཛིན་བྱང་ཞིག་ཉོ་རྒྱུའི་སྡུག་མ་གཏོགས་མེད་མོད། འོན་ཀྱང་བོེད་རིགས་ཚོར་གནམ་གྱི་སྐར་མ་ལེན་རྒྱུ་ནང་བཞིན་གྱི་དཀའ་ཚེགས་ཡོད་པ་དེ་དམིགས་བསལ་སྲིད་ཇུས་ཤིག་གི་དབང་གིས་རེད་དམ། ཡང་ན “རང་རིགས་མིན་པའི་རིགས་ཚོགས་དེའི། བསམ་བློ་ཐ་དད་ཡིན་པར་ངེས” ཞེས་པའི་རིག་གནས་རྒྱབ་ལྗོངས་དང་རིགས་ཚོགས་ལྟ་ཚུལ་ཞིག་ལས་བྱུང་བའི་རྒྱ་ཧན་མི་རིགས་ལས་ཐ་དད་ཡིན་པའི “མི་སེར་རིགས་ཚོགས ”དག་ལ་ཆེད་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་འཛིན་སྐྱོང་སྲིད་ཇུས་ཤིག་རེད། 

ད་གོང་ནས་ཞུས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འཚོ་སྡོད་བོད་མི་རིགས་ཡོངས་ལ་འཕྲད་ཀྱིན་པའི་དཀའ་སྡུག་དུ་མིའི་ནང་གི་དམིགས་བསལ་དཀའ་ངལ་གཅིག་རེད། དེ་དང་གཅིག་མཚུངས་ཀྱི་བོད་མི་ལ་ཆེད་དུ་དམིགས་པའི་མཐོང་མཆན་ཝེ་ཟ་[1]ཁྲོལ་མཆན་གནང་འགོད་ཀྱི་སྲིད་ཇུས་ཤིག་རྒྱ་ནག་ཕྱི་རོལ་འཛམ་གླིང་ཡུལ་གྲུ་གཞན་དག་ནའང་སྤེལ་གྱིན་ཡོད།

“ཕྱི་སྡོད་བོད་རིགས་སྤུ་ཟླ་ཚོ་ཕྱིར་མེས་རྒྱལ་དུ་ལོག་རྒྱུར་དགའ་བསུ་ཡོད ”ཅེས་པ་ནི། རྒྱ་ནག་དེང་གཞུང་གི་བོད་དོན་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན། འོན་ཀྱང་། དེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་དགོས་མཁོ་ཞིག་དང་ཏཱ་ལའི་ཚོགས་ཁག་གཏོར་བཤིག་གཏོང་རྒྱུའི་དམིགས་ཡུལ་འགྲུབ་ཆེད་ལས་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་དཀའ་ངལ་སེལ་ཐབས་ཤིག་མིན། རྒྱ་གར་དང་བལ་ཡུལ་གྱིས་གཙོས། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་ཕྱི་འབྲེལ་མི་སྣ་མིན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་རེ་ཆེད་དུ་མངག་ཡོད། མི་སྣ་དེ་དག་གི་ལས་འགན་ནི་ཕྱིར་རང་ཡུལ་དུ་གཉེན་འཕྲད་སོགས་ཀྱི་ཆེད་འགྲོ་སྐྱོད་བྱེད་མཁན་བོད་མི་ཚོ་རྟོག་ཞིབ་བྱ་རྒྱུ་ཁོ་ན་རེད། རྒྱ་ནག་གི་གཞུང་ཚབ་ཁང་གི་ལས་དོན་བཀོད་སྒྲིག་བྱེད་སྟངས་ཀྱང་རྒྱལ་སྤྱིའི་འགྲོ་སྟངས་དང་གཅིག་མཚུངས་ལྟར་སྤྱིར་བཏང་གི་ལྗོངས་རྒྱུ་དང་གཉེན་འཕྲད་སོགས་ཀྱི་ཆེད་རྒྱ་ནག་ནང་འགྲོ་མཁན་ཚོར་མཐོང་ཆེན་ཝེ་ཟ་ཁྲོལ་མཆན་གནང་འགོད་ཀྱི་རྒྱུད་རིམ་ལ་ལས་དོན་ཉི་མ་བཞི་ལས་མི་དགོས།  ཡིན་ན་ཡང་བོད་མི་ཚོ་དེ་དག་ལས་དམིགས་བསལ་ཡིན། ཕྱི་བསྐྱོད་ལམ་ཡིག་དང་མཐོང་མཆན་ཝེ་ཟ་ཞུ་ལེན་རིའུ་མིག་སོགས་རྒྱུན་ལྡན་གྱི་འགྲོ་ལུགས་འགྲིམ་སྲོལ་ལས་གཞན། ཁྱོད་རང་གི་ལོ་རྒྱུས་མདོར་བསྡུས་ཁ་གསལ་ཞིག་དང་། ཁྱེད་རང་ས་ཁུལ་གང་གི་ཡིན་པའི་དཔང་རྟགས་སོགས་ཀྱང་དགོས། དེ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་ངོ་ཐུག་ནས་འདྲི་གཅོད་བྱས་རྗེས། ཡིག་ཆ་དེ་དག་ཁྱོད་རང་ཡོང་སའི་ས་ཁུལ་ལ་བཏང་ནས། ས་གནས་འཐབ་ཕྱོགས་གཅིག་གྱུར་དང་ཡང་ན་འབྲེལ་ཡོད་མི་སྣས་ཁྱོད་ཀྱི་ནང་མིར་སྐད་ཆ་དྲིས་ནས་གནད་དོན་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས། དེ་འདྲའི་ཞིབ་བཤེར་རྒྱུད་རིམ་ལ་དུས་ཡུན་ཉུང་མཐའ་ཟླ་བ་འགའ་དགོས། འདིའི་རིགས་ནི་བྱེས་སྡོད་བོད་མི་དཀྱུས་མ་ཤར་སྟག་དང་། རྒྱ་ནག་གི་མིང་ཐོ་ནག་པོའི་ནང་ཚུད་མེད་མཁན་ཁོ་ན། ནང་འགུག་སྲིད་ཇུས་ལ་གཏོགས་པའི་བྱེས་སྡོད་བོད་མིའི་ཚོགས་ཡིན།  

གང་ལྟར། བོད་ནང་གི་བོད་མི་ཚོར་ཕྱི་བསྐྱོད་ལམ་ཡིག་མི་སྤྲོད་པའི་དཀའ་ངལ་ཡོད་པ་ཇི་བཞིན་དུ། ཕྱི་སྡོད་བོད་མི་དཀྱུས་མ་ཚོར་ཕྱིར་རང་ཡུལ་དུ་གཉེན་འཕྲད་སོགས་ཀྱི་སླད་དུ་ལོག་རྒྱུར་མཐོང་མཆན་ཝེ་ཟ་མི་སྤྲོད་པའི་དཀའ་ངལ་ཡོད་བཞིན་པ་རེད།