ཨ་མདོའི་གཞོན་སྐྱེས་དང་དམར་པོའི་ལྟ་བ།

                                                                                                                                                                          ཁྲི་རལ་པ་ཅན།

1999.23.1.14.3-Oབཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་མང་ཆེ་ཤོས་དབུས་གཙང་དང་སྟོད། བར་ཁམས་ཀྱི་བོད་མི་སྔ་མོ་བོད་ས་མ་ཤོར་གོང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་ གཏོགས་པ་ཞེ་གཅིག་ནས་ཡིན་པས། ལོ་རྒྱུས་ཀྱི་དུས་སྐབས་རེ་ཟུང་ནང་རྒྱ་སོག་གི་དམག་འཁྱམས་རེ་གཉིས་རེས་བཙན་ འཛུལ་གནས་སྐབས་པ་རེ་བྱས་མྱོང་ཙམ་ལས། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་མ་བཟུང་བར་བོད་མིའི་སྤྱི་ཚོགས་དང་ཆོས་ རིག་གི་ཁོར་ཡུག་གཙང་མ་ཞིག་གི་ནང་གནས་ཡོད་ཅིང་། བཙན་བྱོལ་བོད་མི་མང་ཤོས་ཁོར་ཡུག་དེ་ནས་སྐྱབས་བཅོལ་དུ་སླེབས་པ་ཤ་སྟག་ཡིན་པས།
སྐྱབས་བཅོལ་གྱི་མི་ལོ་༥༠ ལྷག་ནང་བོད་མིའི་གོམས་སྲོལ་རྙིང་པ་ཆོས་རྒྱུད་ལུང་ཚན་གྱི་དཀའ་རྙོག་ཅུང་རེ་ ནང་ཁུལ་དུ་འཕྲད་མྱོང་བ་མ་གཏོགས། རྩ་བའི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་སླར་གསོ་བྱས་ཏེ་འཛམ་གླིང་ཤར་ནུབ་ གང་སར་བོད་མིའི་ཆོས་རིག་དར་སྤེལ་རྒྱ་ཆེར་ཐུབ་ཡོད་པ་མ་ཟད། སྤྱི་ཚོགས་ཞི་ལྷིང་དང་ཆིག་སྒྲིལ། ༧རྒྱལ་བ་རིན་པོ་ཆེའི་དར་ཆའི་འོག་ཚང་མ་འདུ་ཐུབ་ཀྱིན་ཡོད་རྐྱེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་གི་སྐྱབས་བཅོལ་བའི་ཁྲོད་ཚགས་ཚུད་ ཤོས་དང་ཡར་རྒྱས་ཆེ་གྲས། ཐ་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་སྐྱབས་བཅོལ་བ་གཞན་ཚོར་ཕན་ཁྱད་ འདོན་པར། དཔེ་བལྟས་ཞིབ་འཇུག་གནང་ཡུལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ཕྱི་ལོ་༡༩༨༠ ནང་ཙམ་ནས་བཙན་བྱོལ་དུ་ཨ་མདོ་བ་མང་པོ་ཅིག་རིམ་འབྱོར་བྱུང་བ་དང་བསྟུན། བཙན་བྱོལ་བོད་མིའི་ཁྲོད་བསམ་སྤྱོད་མི་མཐུན་པའི་གཡོ་འཁྱོམས་ཆེ་ཙམ་འཐོན་འགོ་ བརྩམས་ཡོད།

ཨ་མདོ་བ་ཚོ་ནི་གཙོ་ཆེར་རིགས་རྒྱུད་ཀྱི་ཆ་ནས་ཨ་ཞ་དང་ལྡོང་མི་ཉག་སོགས་ཕྱི་ ཡོང་གི་མི་རིགས་འདྲེས་མའི་ཚོ་ཁག་རྣམས། བཙན་པོའི་སྐབས་བོད་ཀྱིས་ཞི་དྲག་གི་ཐབས་ཇུས་ལ་བརྟེན་ནས་དབང་འོག་ཏུ་བསྡུས་ཏེ། ཕྱིས་བོད་སིལ་བུར་འཐོར་རྗེས་ས་སྐྱའི་སྐབས་ཧོར་གྱི་སྟོབས་ཀྱིས་ཆོལ་ཁ་གསུམ་ ཟེར་བའི་ནང་བཅུག་ནའང་། དེ་རྗེས་དུས་རབས་མང་པོའི་རིང་རྒྱ་སོག་གི་དབང་བསྒྱུར་འོག་བསྡད་མྱོང་བས། ༧རྒྱལ་བ་རིན་པོ་ཆེས་ཀྱང་ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཤོག་༨༨པའི་སྟེང་། “བར་ལམ་བོད་སིལ་བུར་ཕྱིན་པ་རེད། ཕྱིས་སུ་དགའ་ལྡན་ཕོ་བྲང་ཚུགས་སྐབས་ལ་མདོ་སྨད་ཁུལ་རྒྱ་བོད་ཧོར་གསུམ་ཞེས་པའི་ ཧོར་ཁོངས་སུ་བརྩི་གི་མེད་དམ་”ཞེས་གསུངས་ཡོད་ཅིང་།
བོད་ཀྱི་ལོ་རྒྱུས་སྨྲ་བར་གཞན་དྲིང་མི་འཇོག་པའི་མཁས་པ་བཀྲ་ཤིས་ཚེ་རིང་ནས་ ཀྱང་(བོད་ཀྱི་ལོ་རྒྱུས་བགྲོ་གླེང་)དེབ་ཀྱི་ཤོག་༢༥ སྟེང་དུ། “བོད་ཀྱི་བོན་པོ་རྣམས་ཀྱིས་སྟག་གཟིག་པའི་མི་རིགས་དབྱེ་ཚུལ་ཞིག་ཏུ། སྟག་གཟིག་ནས་མཆེད་པའི་ཧོས་ཞེས་པ་ལས་ཞང་ཞུང་པ་བྱུང་བ་བཤད་པ་ལྟར་ན། སེ་འ་ཞ་(Turco-Mongols) ལྡོང་མི་ཉག་པ་ (Tanguts)རྣམས་དང་འདྲ་བར་ཞང་ཞུང་པའང་ཕྱི་ནས་བྱུང་པ་(Indo-Iranic) ཡིན་དགོས་”ཞེས། ཨ་མདོ་ས་ཁུལ་དུ་ཁྱབ་པ་མི་རིགས་གཙོ་བོ་འ་ཞ་བ་རྣམས་ནི་ཧོར་དང་ཏིར་ཀི་བརྒྱུད་ པ་དང་། ཨ་མདོ་ལྷོ་རྒྱུད་དུ་གནས་ཆེ་བ་ལྡོང་རིགས་རྣམས་བཅས་ཚང་མ་ཕྱི་ཡོང་གི་མི་རིགས་ ཡིན་པར་གསུངས་ཡོད་ཅིང་།

གང་ལྟར། ཨ་མདོ་རྣམས་ཆོས་དང་སྐད་ཡིག་གི་ཆ་ནས་བོད་ཀྱི་ཤུགས་རྐྱེན་འོག་ཡོངས་སུ་ཚུད་ ཡོད་ནའང་། ཡུལ་སྲོལ་གོམས་གཤིས་དང་མིའི་གདོང་དབྱིབས་དང་སྤྱོད་ལམ། ལྷག་པར་དམངས་ཁྲོད་དུ་མི་ཕན་ཚུན་བར་འབྲེལ་བ་འཛིན་སྟངས་དང་ཡིད་ཆེས་གནས་ཚད། རིན་ཐང་གི་བསམ་ཚུལ་སོགས་བོད་མི་དང་ཐ་དད་ཡིན་པ་མང་པོ་ཡོད།
ལར་ཨ་མདོ་བ་ཡོངས་ཀྱི་རིག་གནས་གོམས་སྲོལ་ཀྱང་གཅིག་པ་མིན་པར། བྱང་རྒྱུད་ས་ཆ་མང་པོ་རྒྱ་དང་ཧོར། ཁ་ཆེ་དང་ཏིར་ཀི། ཧ་སག་སོགས་མི་རིགས་སྣ་ཚོགས་སུ་འདྲེས་དྲགས་རྐྱེན། མི་རིགས་དེ་ཚོའི་རིག་གཞུང་གིས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ལྷན། ལྷོ་ཕྱོགས་པ་རྣམས་དུས་རབས་མང་པོར་ཁེ་གཙང་དུ་བསྡད་དེ་དུས་ཕྱིས་སོག་པོའི་ཚོ་ ཁག་མང་པོར་འདྲེས་ཡོད་སྟབས། འགྲོ་ལུགས་སྡོད་སྟངས་གང་ཅིར་བོད་མི་དང་ཁྱད་པར་ཆེན་པོ་འཐོན་ཡོད།

དཔེར་ན། བོད་མི་མང་ཆེ་བའི་ཁ་ཚིག་གཤིས་ཀ་རང་བཞིན་གྱིས་འཇམ་པོ་དང་བསྟུན་མཁས། སྤྱང་གྲུང་དོད་པོ། གཤིས་སྤྱོད་བསམ་འཁྱེར་གང་ཅི་ནམ་རྒྱུན་མངོན་གསལ་དོད་པོ་དང་ཕྱི་གསལ་ནང་གསལ་ མི་སྟོན་པར་སྒམ་བརླིང་ངང་གནས་རྒྱུར་དགའ། ཨ་མདོ་རྣམས་ནི་མང་ཆེ་བ་གཡོ་སྒྱུ་ཆུང་བ་དང་སྤྱང་གྲུང་མི་འཛོམས་པ། དྲང་པོ་དྲང་བཞག་དང་ཨུ་ཚུགས་ཆེ་ལ་གཤིས་ཀ་གྱོང་པོ་ཡིན་པས། རང་གི་སེམས་སུ་ཡིད་ཆེས་དང་བསམ་ཚུལ་གང་ཡོད་པ་སྤྱི་ཚོགས་ནང་ཆེ་བཙན་སུ་དང་མི་ མཐུན་པ་བྱུང་ཚེ། ཐབས་མཁས་པོ་དང་རྒྱུ་མཚན་ལྡན་མིན་ལ་མ་ལྟོས་པར་འགལ་ཟླ་དེར་ཁ་གཏད་འཛེམ་ཟོན་ མེད་པ་རེད།

ལྷག་པར་བོད་ཧྲིལ་བོ་རྒྱ་དམར་གྱིས་དབང་བསྒྱུར་བྱས་ནས་བཟུང་། ཨ་མདོ་ས་ཆར་བོད་ཡིག་སློབ་གྲྭ་མང་པོ་ཅིག་གཞུང་སྒེར་གཉིས་ཀྱི་ངོ་བོའི་སྟེང་ བྱུང་ཡོད་ནའང་། དེ་ཚོའི་ནང་སུམ་རྟགས་སྙན་ངག་དང་རྒྱལ་རབས་ཐར་ཐོར་ཙམ་ལས། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་སྦྱངས་པ་གཏིང་ཟབ་བྱེད་རྒྱུའི་གོ་སྐབས་མེད་ པར། སློབ་ཚན་གཙོ་བོ་ནི་རྒྱ་ནག་གུང་བྲན་གྱི་བསམ་བློ་ལྟར་གཏན་འབེབས་བསླབ་དེབ་ཁག་ དང་། དམིགས་བསལ་ཆོས་དུག་རྒྱུན་ཡིན་པ་དང་སྲོལ་རྒྱུན་རིག་གཞུང་རྗེས་ལུས་ཡིན་པས། དེ་ཚོར་ལྟ་ཙམ་གྱི་དང་གའང་མེད་པར། ནུབ་ཕྱོགས་ཀྱི་རིག་གསར་སྤྱི་དང་དེ་ལས་ཀྱང་དམར་པོའི་མཚན་ཉིད་རིག་པ་བ་ཚོར་ ཡིད་སྨོན་མོས་གུས་ཆེན་པོ་བྱེད་པ་སོགས། དམར་པོའི་བསམ་བློ་ཁོ་ན་ངམ་ངམ་ཤུགས་ཀྱིས་ཀླད་པའི་ནང་འཛུལ་ཡོད་པ་མ་གཏོགས། འཛམ་གླིང་སྤྱི་བྱེའི་དེང་དུས་ཀྱི་འགྱུར་བ་དང་མཐུན་པའི་འགྲོ་ལུགས་སྡོད་སྟངས། བསམ་བློ་གཏོང་ཕྱོགས་སོགས་ལ་ཆ་རྒྱུས་ཧ་ཅང་ཞན་པའི་འཁོར་ཡུག་ཅིག་ནང་འཚར་ལོངས་ བྱུང་བ་མ་ཟད།

སྔ་མོ་རྒྱ་ནག་ནང་གུང་བྲན་ཐོག་མར་སླེབས་སྐབས་ཀྱི་བསམ་བློའི་ཤན་ཞུགས་ཏེ། མི་རིགས་ཀྱི་ཞེན་ཁོག་གུ་དོག་མཁྲེགས་འཛིན་གྱིས་རྒྱ་ནག་སྐད་ཡིག་ཚད་འཕེར་ཙམ་ སྦྱང་མཁན་ཡང་ཉུང་ཉུང་ཡིན་རྐྱེན། ཨ་མདོ་ལོ་གཞོན་ཚོ་སྔ་མོའི་དམར་པོའི་བསམ་བློ་སོགས་རྒྱ་ཡིག་གི་བསྒྱུར་རྩོམ་ ཁག་ཅིག་ལྟ་བུ། བརྗོད་བྱ་ཚད་བཀག་ཅན་ཞིག་གི་ནང་མགོ་འཐོམས་ཏེ། བསམ་བློའི་གནས་ཚད་དམའ་མོ་དང་ལྟ་རྒྱ་མཐོང་རྒྱ་ཆུང་ཆུང་། དེའི་སྟེང་རང་བཞིན་གྱི་གཤིས་ཀ་གྱོང་བོས་གྲོགས་བྱས་ཏེ། བསམ་བློ་གཏོང་སྟངས་ཧ་ཅང་གིས་གུ་དོག་པོ་དང་གནས་ལུགས་འཚོལ་ཞིབ་ཀྱི་གཤིས་ཀ་ཅན་ ཤིན་ཏུ་ཉུང་ཁར། དོན་འགྲུབ་རྒྱལ་སོགས་ནས་བཟུང་ཆོས་དང་སྲོལ་རྒྱུན་རིག་གནས་ཀྱིས་བོད་ཕོངས་པ་ འདྲ་བོ། ནང་དོན་དམར་པོའི་རིག་གསར་སོགས་དང་ཧ་ལམ་མཚུངས་བའི་རྩོམ་ཡིག་རྐྱང་སྤེལ་བ་དང་ ལྷན།

བར་ལམ་ནས་ནུབ་ཕྱོགས་ཀྱི་དམར་པོའི་ལྟ་གྲུབ་པ་མཱར་ཁེ་སི་དང་ཨང་གཱལ་སི། ཁཱང་ཏེ་དང་ཧྥེར་པ་ཁི།ནེ་ཆི་སོགས་ཀྱི་ལུང་དྲངས་ཏེ་སྔ་མོའི་ཡོ་རོབ་ཀྱི་ཆོས་ སྲིད་གནས་སྟངས་ཁག། དེང་སང་གི་བོད་ལ་དཔེ་འགེབས་བྱས་པ་དཔེ་དེབ་གསར་རྩོམ་གང་མང་ཞིག་འཐོན་པ་ནས་ བཟུང་། སྤྱི་ཚོགས་དང་རིག་གཞུང་།ཆབ་སྲིད་དང་ཁྲིམས་ཀྱི་གནས་ཚུལ་སོགས་གང་ཅིའི་ཆ་ནས། གཞན་ལ་རྒྱུས་མྱོང་ཞན་པ་ཨ་མདོ་གཞོན་སྐྱེས་སེར་སྐྱ་མང་པོ་ཅིག་གིས་གསར་རྩོམ་ དེ་ཚོའི་ནང་གང་བརྗོད་པ་རྣམས་གཡོལ་ཐབས་བྲལ་བའི་བདེན་དོན་ཞིག་ཏུ་བསམས་ཏེ། བོད་ཕྱི་ནང་གི་སྐད་འཕྲིན་དང་ངོ་དེབ།གསར་ཤོག་བཅས་རྒྱུད་ལམ་མཐོང་ཚད་སྟེང་དུ། ནང་ཆོས་ཀྱིས་བོད་ཕོངས་ལ་སྦྱར་བ་དང་སྲོལ་རྒྱུན་རིག་གཞུང་གིས་བོད་སྐྱོབས་མི་ ཐུབ་པས། གཏོར་བཤིག་གི་བསམ་བློ་དང་གསར་བརྗེ་ཡི་སྙིང་སྟོབས་དགོས་པ་དུས་རྒྱུན་བཤད་ བསྡད་ཡོད་པ་བཞིན། ཨ་མདོ་གཞོན་སྐྱེས་རེ་གཉིས་ཀྱིས་རང་གི་སྡེ་བའི་ནང་གི་མ་ཎི་འཁོར་ཁང་དང་བསང་ ཁྲི་བཤིག་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།

གནས་ཚུལ་དེ་ཚོ་ལས་ཨ་མདོ་གཞོན་སྐྱེས་གསར་ཞེན་པ་རྣམས་ཀྱི་བསམ་བློ་ལྟར་ན། གསར་བརྗེ་ནི་ངེས་པར་རྙིང་ཚབ་གསར་པས་བྱེད་དགོས་པ་དང་། རྙིང་པ་གཏོར་བཤིག་མ་བྱས་ན་གསར་པ་ལག་བསྟར་མི་ཐུབ་པ། གསར་པ་དར་སྤེལ་གཏོང་བར་རྙིང་པ་རྩ་གཏོར་གྱི་སྙིང་སྟོབས་ཡོད་པ་ནི་བསམ་བློ་བ་ དང་སྔོན་འཐོན་པ། ཡར་རྒྱས་ཅན་ཡིན་པར་ངོས་འཛིན་བྱེད།
སྤྱིར་བཏང་མིའི་རིགས་ཀྱིས་ལོ་རྒྱུས་དུས་ཡུན་རིང་པོའི་ནང་རིམ་པར་བསགས་པའི་ གསར་རྙེད་ཀྱི་རིགས་ལམ་སྣ་མང་ཕྱོགས་བསྡུས་ཀྱིས་གཞུང་ལུགས་གྲུབ་སྟེ། གནས་ལུགས་འཚོལ་ཞིབ་ཀྱི་རིགས་པ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ། སྣ་འཛོམས་འཐུས་ཚང་ཅན་དུ་གཏོང་གི་ཡོད་ནའང་། གུང་བྲན་ལ་དཔེ་བལྟས་ནས་རྙིང་པ་ཡོད་ཚད་རྗེས་ལུས་དང་རྨོངས་འཐོམས་ཡིན་ལུགས། ལོ་རབས་བརྒྱད་ཅུ་པ་ཙམ་ནས་དོན་གྲུབ་རྒྱལ་དང་ལྗང་བུ། དཔའ་རྩེ་དང་དོན་འགྲུབ་དབང་འབུམ་སོགས་མང་པོའི་རྩོམ་ནང་མཐོང་རྒྱུ་ཡོད་ཅིང་།
Penchen1ཕྱིས་སུ་ཞོགས་དུང་དང་དཔོན་ཚང་ཕག་མོ་བཀྲ་ཤིས། མེ་ལྕེ་དང་བདུད་ལྷ་རྒྱལ་སོགས་བཤད་མི་དགོས་པ་རེད། དེང་སང་ཡང་སེང་རྡོར་སོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་གིན་ཡོད་པས། ད་ལྟ་བོད་ནང་གི་ཨ་མདོ་གཞོན་སྐྱེས་མང་ཤོས་ལ་བསམ་བློའི་ཁ་ཕྱོགས་འདིའི་སྟེང་ ནས་སྐད་ཆ་མ་བཤད་ན། ཧ་ལམ་གཏམ་གཞན་དང་བླང་དོར་གྱི་གནས་གཞན་དག་ལ་བགྲོ་གླེང་བྱེད་དགོས་ན་གོ་བརྡ་ འཕྲོད་དཀའ་བའི་གནས་སུ་གྱར་ཡོད།

ཁོང་ཚོས་བོད་ཀྱི་ཆོས་དང་སྲོལ་རྒྱུན་རིག་གཞུང་ལ་བཟུང་བའི་ལྟ་སྟངས་ནི། དུས་རབས་དཀྱིལ་མའི་ཡོ་རོབ་ཀྱི་རིག་གསར་སྨྲ་བ་དང་བསམ་བློ་བ་ཚོས་ཡེ་ཤུས་ཆོས་ ལ་བཟུང་བའི་ལྟ་ཚུལ་དང་འདྲ་བོ་ཡོད་མོད། དོན་དངོས་སུ་ད་ལྟའི་དུས་རབས་ཀྱི་འགྱུར་འགྲོས་དང་གནས་ཚུལ། ལྷག་པར་ནང་ཆོས་དང་ཡེ་ཤུས་ཆོས་གཉིས་རྩ་བ་ནས་ཐ་དད་ཡིན་རུང་། ཨ་མདོ་གཞོན་སྐྱེས་ཚོར་ཁོར་ཡུག་གི་རྐྱེན་གྱིས་བོད་ཀྱི་རིག་གཞུང་གཏིང་ཟབ་ལ་ སྦྱང་གོམས་ཞན་པས། མ་བརྟག་མ་དཔྱད་པར་ཆོས་དང་རིག་གཞུང་རྙིང་པ་ཐམས་ཅད་རྒྱུགས་པ་ལེབ་རྡུང་བྱེད་ སྲོལ་ཅིག་དར་ཡོད།
ཐ་ན་རྩོམ་གཤིས་དང་ཚིག་འགྲོས་ཀྱི་ཆ་ནས་ཀྱང་འཇུ་བསྐལ་བཟང་དང་སྒོ་ཤེར་སོགས་ནང་ ཆོས་དང་སྲོལ་རྒྱུན་ལ་སྦྱང་བ་ཡོད་པ་རེ་འགའ་ཙམ་མ་གཏོགས། མདོ་སྨད་པ་གཞོན་སྐྱེས་གསར་ཞེན་ཅན་མང་ཤོས་རྩོམ་གཤིས་དང་སྐད་ཆ་ལབ་སྟངས་ཚུན་ རྒྱ་མི་ཞིག་ལ་བོད་ཆས་གཡོགས་བཞག་པ་འདྲ་བོ་ཡོད།

ཁོང་ཚོར་རྒྱ་ནག་གི་སྐད་ནས་བོད་ཡིག་སྟེང་འགྱུར་རྩོམ་ཁག་གི་རྩོམ་འགྲོས་ གོམས་དྲགས་རྐྱེན། ཚིག་གི་ལོ་མ་རྒྱས་སྤྲོས་ཀྱི་གོ་བརྡ་འཕྲོད་ལ་མ་འཕྲོད་པའི་རྒྱ་ལུགས་རྩོམ་ སྲོལ་དེ་ཙམ་ལས། བོད་སྐད་གཙང་མའི་གཤིས་དང་མཐུན་པའི་རྩོམ་ཡིག་བྲི་ཐུབ་པ་ཧ་ཅང་ཉུང་བས། གཞུང་ལུགས་རབ་འབྱམས་ཀྱི་ཕ་རོལ་ཏུ་སོན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་རྩོམ་ པ་བོ་གྲགས་ཅན་ཧོར་གཙང་འཇིགས་མེད། ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་སོགས་ནས་ཀྱང་ཨ་མདོ་གཞོན་སྐྱེས་ཚོའི་རྩོམ་ལ་ གོ་བ་མི་ལོན་པར་དཀའ་ངལ་འཕྲད་པ། ཡོངས་གྲགས་སུ་གསར་ལམ་ཁག་དང་རྩོམ་ཡིག་ནང་འཁོད་ཡོད་པ་རེད།

མདོར་རྩ་དེ་ཚོ་ཚང་མ་རྒྱ་དམར་གྱི་དྲིལ་བསྒྲགས་ལག་རྗེས་དང་གཞོན་ནུ་ཚོ་དར་ དམར་འོག་འཚར་བའི་ཤུགས་རྐྱེན་ཡིན་པས། གང་ལའང་ལྟོས་མེད་ངང་རིགས་ལམ་རྒྱུ་མཚན་ལས་ཚོར་བ་གཙིགས་སུ་འཛིན་པ་དང་། དངོས་ཡོད་ལག་ལེན་ལས་ཁ་གཡང་གཙོ་བོར་བཟུང་སྟེ་མི་རབས་གསར་པ་དང་ན་གཞོན་གསར་པ། བསམ་བློ་གསར་བརྗེ་དང་གུ་ཡངས་བཅས་ཀྱི་འབོད་ཚིག་འོག། རྒྱ་ནག་གི་སྔ་མོའི་གསར་བརྗེ་ཁག་ལ་ལད་ཟློས་དཔེ་འགེབས་པ་དབྱར་གྱི་ཆུ་བོ་བཞིན་ རྒྱས་ཡོང་གི་ཡོད།
རྩ་བའི་ཁོང་ཚོས་ཕྱོགས་ཡོངས་མཐོང་བའི་སྒོ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་ གཟིགས་ཏེ་དམར་པོའི་ལྟ་བ་བཟུང་ན། དེ་ནི་རྒྱུ་མཚན་ལྡན་པ་དང་རང་ཉིད་ཀྱི་ཐོབ་ཐང་ཡིན་པས་འོས་འཚམས་སུ་གྱུར་ཡོད། འོན་ཀྱང་དེ་འདྲ་མ་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་ངོས་ནས་རྒྱ་ནག་གི་མཁས་པ་མང་པོར་ཐུག་འཕྲད་སྐབས། ཁོང་ཚོ་མང་ཆེ་བས་“དེང་སང་རྒྱ་ནག་ནང་མི་སོ་སོའི་ལྷན་སྐྱེས་ཀྱི་ནུས་པའི་སྟེང་ ནས་ཤེས་ཡོན་ཡར་རྒྱས་གཏོང་བར། རང་དབང་དང་མཐུན་རྐྱེན་ལམ་སྲོལ་སོགས་མེད་པར། ཕྱོགས་གཅིག་ཁོ་ནའི་གནས་ཚུལ་གྱི་ཤེས་ཡོན་སློབ་སྦྱོང་ཙམ་རེད་”ཅེས་བརྗོད་ཀྱིན་ འདུག་ཚུལ་གསུངས་པ་བཞིན། ཁོར་ཡུག་དེའི་ནང་འཚར་ལོངས་ཀྱི་ཨ་མདོ་གཞོན་སྐྱེས་མང་པོ་ཅིག་མཉམ་ཁ་བརྡ་བྱེད་ སྐབས།
ཁོང་ཚོ་མང་པོ་ཅིག་གིས་སོ་སོའི་བསམ་ཚུལ་དེ་རིགས་དམར་པོའི་ལྟ་བ་ཡིན་པའང་མི་ ཤེས་པར། འཛམ་གླིང་སྤྱིའི་འགྲོ་ཕྱོགས་དང་མཐུན་ཚབ་ཆེན་པོ་ཡིན་པར་འཁྲུལ་བསྡད་འདུག།

དཔེར་ན། ཉེ་ལམ་ང་རང་གིས་སྐད་འཕྲིན་ཚོགས་ཁག་ཅིག་སྟེང་བོད་ནང་གི་མདོ་སྨད་པ་གཞོན་ སྐྱེས་གང་མང་ཞིག་དང་བགྲོ་གླེང་བྱེད་རྒྱུ་བྱུང་། སྐབས་དེར་ཁོང་ཚོ་ཤེས་ཡོན་པ་ཡིན་ཟེར་མཁན་སྐོར་ཅིག་གིས། ནང་པའི་ཆོས་པ་ཡིན་ཕྱིན་རྨོངས་དད་པ་ཡིན་པ་དང་། ཆོས་དད་ཡོད་ཕྱིན་དག་སྣང་སྦྱངས་ཏེ་དངོས་ཡོད་གནས་ཚུལ་མཐོང་མི་སྲིད་པ། མི་ཤེས་ཡོན་མེད་པ་དང་དེང་དུས་ཀྱི་གནས་ཚུལ་མི་མཐོང་མཁན་ཚོ་ཆོས་ཀྱི་སྐྱག་ རྫུན་གཡོ་ཇུས་འོག་ཚུད་བཞིན་ཡོད་པས། དེ་ཚོ་ལ་ལམ་ཁ་ངོ་མ་སྟོན་རྒྱུ་དང་ལམ་ནོར་ལྡོག་ཤེས་བྱེད་རྒྱུ། རྨོངས་དད་ཀྱི་ཞྭ་མོ་ཕུད་དེ་ཚན་རིག་གི་ལམ་དུ་བཅུག་རྒྱུ་བཅས་ནི། མང་གཙོ་རང་དབང་གི་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཡིན་རབས་ཟེར།

དེང་སང་འཛམ་གླིང་གི་ཆོས་ལུགས་སྣ་ཚོགས་དར་ས་དང་རང་དབང་ལྡན་པའི་རྒྱལ་ཁབ་ ཁག་ནང་འཚར་བ་ཚོས། སྐད་ཆ་འདི་འདྲར་ཡིད་ཆེས་རྒྱབ་སྐྱོར་པ་ཉུང་ཉུང་ཡིན་ངེས་གཏན་རེད། འོན་ཀྱང་། དབང་ཆ་གཅིག་སྡུད་ཀྱིས་ཕྱིའི་གནས་ཚུལ་ཡོངས་བཀག་སྡོམ་བྱས་པ་རྒྱ་ནག་ནང་དུ། རྒྱ་ནག་གཞུང་ཁོ་ནའི་དྲིལ་བསྒྲགས་བསམ་བློ་ཙམ་གྱིས་གཞོན་ནུ་ཚོའི་ཀླད་པ་ཁྲུས་ ཏེ། དེས་འཛམ་གླིང་དང་དེང་རབས་ཚན་རིག་གི་ཚབ་བྱེད་བཞིན་ཡོད་རྐྱེན། ཕྱོགས་གཅིག་ཁོ་ན་མ་གཏོགས་མཐོང་མེད་པ་དང་རྒྱུས་མྱོང་ཞན་པོ་ཅན། གུ་ཡངས་དང་རང་དབང་གི་སྤྱི་ཚོགས་གཞི་ནས་གོམས་འདྲིས་བསྟེན་དགོས་པ། མི་དེ་རིགས་ཀྱིས་བསམ་འཆར་སྣ་ཚོགས་བཤད་དེ་བོད་དོན་འཐབ་རྩོད་སྣེ་ཁྲིད་འདོད་པ་ དང་། བཙན་བྱོལ་སྤྱི་ཚོགས་ལ་འགྱུར་བཅོས་གཏོང་འདོད་པ་ནི་ཉེན་ཁ་ཆེན་པོར་མཐོང་།

རྒྱུ་མཚན་ཁོང་ཚོར་ཕྱོགས་གཅིག་གི་བསམ་བློའི་ཤུགས་རྐྱེན་དང་ཉམས་མྱོང་མཐོང་ རྒྱ་ལས་མེད་པར་ལྟོས་ཏེ། བོད་དོན་དེའང་ཐལ་ཆ་ཅན་དང་བོད་མིའི་འཐབ་རྩོད་ངོ་བོ་དོ་མི་སྙོམ་པ། ཕྱོགས་སུ་ལྷུང་བ་ལམ་ཁ་ཁྱད་མཚར་དེ་འདྲར་ཁྲིད་པ་ཡིན་ན། སྤྱི་ཚོགས་ཆུང་ཆུང་འདི་ནང་ཁུལ་ཟིང་ཆ་ཡོང་བ་དང་ཁ་མི་མཐུན་པ། ནུས་པ་གཅིག་གི་སྟེང་སྤུངས་མི་ཐུབ་པར་མ་ཟད། བོད་མིའི་རིག་གཞུང་གཏིང་ཟབ་ཁག་ཀྱང་མཐོང་དང་ཆ་འཇོག་མེད་པར་སྣུམ་ཟད་མར་མེ་ལ་ འགྱུར་ངེས་པར་དམིགས་ཏེ། བསམ་བློ་འདི་རིགས་འཛིན་མཁན་ཚོར་གང་ཐུབ་ཀྱིས་གཞུང་ངོས་ནས་སློབ་གསོ་གོ་རྟོགས་ སྤེལ་རྒྱུ་དང་། མང་ཚོགས་དང་ཚོགས་སྡེ་ཁག་ནས་ཀྱང་སྐབས་འཕྲལ་ཆབ་སྲིད་དགོས་མཁོ་ལ་དམིགས་ནས་གང་ བྱུང་སྡིངས་ཆ་སྤྲད་དེ་བེད་སྤྱོད་མི་གཏོང་བར། སྣང་མེད་ཀྱིས་རང་ས་ནས་ཅམ་འཇོག་བྱས་ན། ཕུགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཞི་ལྷིང་ཆིག་སྒྲིལ་ལ་ཕན་ངེས་སྙམ།།

 

ཁ་བརྡ་ནས་དྲངས།