མི་རིགས་ཕན་ཚུན་གཉེན་སྒྲིག་དང་མི་རིགས་འགལ་ཟླ།

indexརྒྱ་ནག་གཞུང་གིས་ཤར་ཏིར་གུ་སི་ཐན་ནམ་ཞིན་ཅིང་དུ་དཔལ་འབྱོར་གྱི་སླུ་བྲིད་ལ་བརྟེན་ནས། ཡུ་གུར་མི་རིགས་དང་རྒྱ་རིགས་ཕན་ཚུན་གཉེན་སྒྲིག་བྱེད་རྒྱུར་སྐུལ་སློང་བྱེད་ཀྱིན་པ་དང་། སྲིད་ཇུས་དེ་ནི་ཉིན་ལྟར་ཛ་ཇེ་དྲག་ཏུ་འགྲོ་བཞིན་པའི་མི་རིགས་ཀྱི་དྲག་པོའི་ལས་འགུལ་ཞི་ལྷོད་ཡོད་སླད་དམིགས་པ་གསལ་བོ་རེད།

རིགས་ཚོགས་སྡེབ་གསོད་དང་མི་རིགས་ཕན་ཚུན་གཉེན་སྒྲིག་སོགས་གདུག་རྩུབ་ཆེ་བའི་གཏུམ་དྲག་བྱ་སྤྱོད་དང་སྲིད་ཇུས་ལ་བརྟེན་ནས་རྒྱ་རིགས་ལས་གཞན་པའི་མི་རིགས་རིགས་ཚོགས་རྩ་མེད་དང་མཚུངས་སྒྱུར། མ་མཐའ་ཡང་ས་ཁུལ་ཞི་འཇགས་ཡོད་ཐབས་བྱེད་སྲོལ་འདི་ནི། རྒྱ་ནག་དེང་གཞུང་གི་དེ་རིང་གི་གསར་གཏོད་ཅིག་མིན་ལ། དེ་ནི་ལོ་ངོ་༡༨༠༠འི་ཡར་སྔོན་གྱི་རྒྱལ་ཁབ་གསུམ་ཞེས་པའི་དུས་རབས་སུ་ཚཱོ་ཚཱོ་ཡི་གསར་གཏོད་དང་ལག་ལེན་དུ་བསྟར་མྱོང་བའི་གཞན་རིགས་རྩ་མེད་དུ་གཏོང་བའི་སྲིད་ངན་གཡོ་ཇུས་ཤིག་རེད།

ཉེ་བའི་དུས་སུ་སིན་ཁྲོན་ཀྱི་ཇག་དཔོན་ཀྲའོ་ཨེར་ཧྥིན་གྱིས་བོད་ཤར་ཕྱོགས་མཐའ་མཚམས་སུ་མི་རིགས་ཕན་ཚུན་གཉེན་སྒྲིག་ལ་སླུ་བྲིད་དང་སྐུལ་སློང་གི་སྲིད་ཇུས་སྤེལ་ཡོད་པ་ཇི་བཞིན། ཡི་གུར་བས“ཝང་འདྲེ་བུ”ཞེས་འབོད་པའི་དམག་དཔོན་ཝང་ཀྲིན་གྱིས་ཤར་ཏིར་གུ་སི་ཐན་དུ་ཡི་གུར་བ་སྡེབ་གསོད་བྱས་ཡོད་པ་རེད། འཛམ་གླིང་གང་སར་རིགས་ཚོགས་མཚུངས་སྒྱུར་གྱི་དོན་དག་བྱུང་མྱོང་ཡོད། ཡིན་ན་ཡང་། དེ་དག་མང་ཆེ་བ་རང་བྱུང་མཚུངས་སྒྱུར་ལས་བྱུང་བ་ཤར་སྟག་རེད། དམིགས་ཡུལ་ཡོད་པ། རྩ་འཛུགས་ཡོད་པ། འཆར་གཞི་ཡོད་པའི་སྒོ་ནས། རྒྱལ་ཁབ་ཀྱི་སྟོབས་ཤུགས་བཀོལ་ནས་མི་རིགས་རིགས་ཚོགས་གཞན་རྣམས་བཙན་དབང་གིས་མཚུངས་སྒྱུར་བྱེད་མཁན་རྒྱ་ནག་དམར་ཤོག་གཞུང་ཁོ་ན་མ་གཏོགས་ཉི་མའི་འོད་ཀྱིས་ཁྱབ་ས་ན་གཉིས་པ་ཞིག་མེད།

བཙན་སྐུལ་གྱི་བྱེད་སྟངས་དེ་ནི་བོད་དང་ཤར་ཏིར་གུ་སི་ཐན་གྱི་ཆེ་མུའུ་རྫོང་སུ་གཏན་འབེབས་དང་ལག་བསྟར་བྱས་དང་བྱེད་ཀྱིན་པའི་སྲིད་ཇུས་གསར་བ་དེ་རེད། ཉེ་བའི་ལོ་ཤས་སུ། བོད་ཁུལ་ཡོངས་སུ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་རིགས་རབ་དང་རིམ་པ་བྱུང་ཡོད་པ་དང་། ཤར་ཏིར་གུ་སི་ཐན་དུའང་ཡི་གུར་བ་དང་རྒྱ་རིགས་བར་དྲག་པོའི་འགལ་ཟླ་བསྟུད་མར་བྱུང་ཡོད། དེའི་སྟབས་ཀྱིས་མི་རིགས་ཀྱི་འགལ་ཟླ་དང་། ས་ཁུལ་བདེ་འཇགས་ཡོང་ཐབས་སུ་མི་རིགས་ཕན་ཚུན་གཉེན་སྒྲིག་གིས་མཚོན་སྲིད་ཇུས་མང་པོ་ཞིག་མངོན་གསལ་དོད་པོས་བོད་དང་ཤར་ཏིར་གུ་སི་ཐན་ས་ཁུལ་དུ་སྤེལ་གྱིན་ཡོད།

ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་༡༨ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོའུ་ཡིས་མི་རིགས་ཕན་ཚུན་གཉེན་སྒྲིག་ལས་གྲུབ་པའི་ཁྱིམ་ཚང་༡༩འི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་གི་སྟེང་དུ། མི་རིགས་ཕན་ཚུན་གཉེན་སྒྲིག་ནི་བོད་དུ་ཁ་བྲལ་འཐབ་རྩོད་སྤེལ་རྒྱུའི་འགྱུར་མེད་སྲ་བརྟན་གྱི་འགན་སྲུང་དེ་ཡིན་ལ། ད་ལྟ་ཕྱོགས་སོ་སོས་བློ་རིགས་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས། མི་རིགས་ཕན་ཚུན་གཉེན་སྒྲིག་བྱེད་རྒྱུར་ཧུར་ཐག་འབད་ཐག་གིས་སྐུལ་འདེད་བྱེད་དགོས་ཞེས་ནན་གྱིས་བརྗོད་ཡོད་པ་དང་ཆབས་ཅིག སྤྱི་ཚོགས་ཡོངས་སུ་མི་རིགས་ཕན་ཚུན་གཉེན་སྒྲིག་ལ་སྐུལ་འདེད་དང་རྒྱབ་སྐྱོར་གྱི་ཁོར་ཡུག་བསྐྲུན་ཏེ། མི་རིགས་ཕན་ཚུན་གཉེན་སྒྲིག་ལས་གྲུབ་པའི་ཁྱིན་ཚང་དེ་དག་ལ། ཆབ་སྲིད་ཐད་གོ་གནས་ཡོད་པ། དཔལ་འབྱོར་ཐད་ནས་ཁེ་ཕན་ཡོད། སྤྱི་ཚོགས་སྟེང་གུས་བཀུར་ཡོད་པ་བྱས་ནས་གཟི་བརྗིད་དང་། སྤོབས་པ། བདེ་སྐྱིད་ཀྱི་ཚོར་བ་སྐྱེ་བར་བསྐྲུན་དགོས་ཞེས་བརྗོད་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཆབ་སྲིད་ལ་གཞིར་བཟུང་ནས། བོད་ལྗོངས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་མི་རིགས་ཕན་ཚུན་གཉེན་སྒྲིག་ལ་སྐུལ་མ་ཐེབས་པའི་ཁེ་ཕན་ཅན་གྱི་དམིགས་བསལ་སྲིད་ཇུས་གཏན་འབེབ་བྱེད་དགོས་ལ། ཕན་ཆེའི་སྲིད་ཇུས་དེའི་ཁོངས་སུ་སློབ་གྲྭ་འགྲོ་བ། ལས་ཀར་ཞུགས་པ། ལས་རིགས་གསར་འཛུགས། དམར་ཤོག་ཚོགས་པར་ཞུགས་པ། དམག་ནང་ཞུགས་པ་སོགས་ཀྱི་ཐད་ཕྱོགས་སུ་ལྷུང་བའི་དམིགས་བསལ་གཟིགས་སྐྱོང་གི་སྲིད་ཇུས་འཛིན་དགོས་ཞེས་ཀྱང་བརྗོད་འདུག

ཕྱི་ཟླ་༩ཚེས་༣ཉིན། ཤར་ཏིར་གུ་སི་ཐན་ཆེ་མུའུ་རྫོང་གི་གཞུང་འབྲེལ་དྲྭ་ཚུགས་སུ་བཀོད་པའི་གནས་ཚུལ་ནང་། མི་རིགས་ཕན་ཚུན་གཉེན་སྒྲིག་ལས་གྲུབ་པའི་ཁྱིམ་ཚང་ལ་ལོ་རེར་སྒོར་མོ་༡༠༠༠༠འི་བྱ་དགའ་གནང་རྒྱུ་དང་། བྱ་དགའ་དེ་བསྟུད་མར་ལོ་ལྔ་ལ་གནང་རྒྱུ་ཡིན་ཞིང་། ཆ་རྐྱེན་ནི་བཟའ་མི་ཕྱོགས་གཉིས་ཀའི་གཅིག་གྲངས་ཉུང་མི་རིགས་༥༥འི་ནང་གི་གཅིག་དང་། ཕྱོགས་གཅིག་ངེས་པར་དུ་རྒྱ་རིགས་ཡིན་དགོས་པ་དེ་རེད། བྱ་དགའ་སྒོར་༡༠༠༠༠ལས་གཞན་ད་དུང་ཕན་བདེའི་རིགས་ལ། ཕན་ཚུན་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་མི་རེ་རེར་ལོ་རེའི་སྨན་ཡོན་བསྡོམས་པའི་སྒོར་༢༠༠༠༠ཀྱི་རོགས་སྐྱོར་གནང་རྒྱུ་དང་། བྱིས་པ་བྱིས་སྐྱོང་ཁང་ནས་མཐོ་འབྲིང་མཐར་ཕྱིན་བར་སློབ་ཡོན་མི་དགོས་པ། ལས་རིགས་སློབ་གྲྭར་འགྲོ་མཁན་ཚོར་མ་མཐའ་ཡང་ལོ་རེར་སྒོར་༣༠༠༠གི་སློབ་ཡོན་གནང་སྤྲོད་དང་། སློབ་ཆེན་ལ་འགྲོ་མཁན་ཚོར་ལོ་རེར་སྒོར་༥༠༠༠གི་སློབ་ཡོན་གནང་སྤྲོད་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་འདུག

 བོད་དང་ཡི་གུར་བ་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཚོར་སླུ་བྲིད་དང་སྐུལ་སློང་། འཇིགས་སྐུལ་དང་བཙན་དབང་མཉམ་བཀོལ་གྱིས་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱེད་དུ་འཇུག་པའི་སྲིད་ཇུས་དེ་དག་གི་སྙན་ཞིང་འཇེབས་ལ་མཛེས་ཤིང་ཡིད་དབང་འགུག་པའི་ཕྱི་ལྤགས་དེ་ཕུད་ཚེ། ཤུལ་ན་ལྷག་ཡོད་པ་ནི་རྒྱ་སྒྱུར། མཚུངས་སྒྱུར། མི་རིགས་རྩ་མེད་ལས་ཅི་ཡང་མེད།

གསོལ་རས་ཆེན་པོ་སྟེར་ས་ན་དཔའ་པོ་བྱུང་ངེས་ཡིན་པ་བཞིན།  མི་རིགས་ཀྱི་ལ་རྒྱ་དང་མ་འོངས་པར་བསམ་བློ་མི་གཏོང་མཁན། འོ་མ་ཡོད་ན་མ་རུ་རྩི་བའི་མི་ངན་ཁེ་བཟང་མ་གཏོགས་མི་བསམ་པའི་སྐབས་འཚོལ་བ་གང་མང་ཞིག་བྱུང་སྲིད་ལ། དེ་ཡང་སྤྱི་ཚོགས་གང་སར་ཡོད་པ་ཞིག་ཡིན་པས་་དེར་ཧང་སངས་དགོས་དོན་ཅི་ཡང་མེད།  ཡིན་ན་ཡང་། མི་རིགས་ཕན་ཚུན་གཉེན་སྒྲིག་གི་སྲིད་ཇུས་དེའི་ཕག་ལ་སྦས་པའི་དམིགས་ཡུལ་ངོ་མ་དེ་ཤེས་རྒྱུ་གལ་ཆེན་པོ་རེད།

ནང་ཆོས་ལ་དད་ཅིང་དཔའ་བོར་དུང་བའི་གངས་ཅན་རིགས་ཚོགས་འདི་ཕར་བལྟས་ཚོད་ཀྱིས་འགྱུར་མེད་མཁྲེགས་པོ་རྡོ་འདྲ་འདྲ་ཞིག་ཏུ་སྣང་ཡང་དོན་གྱིས་དེ་འདྲ་མིན། དཔེར་ན། ཨོ་སི་ཊི་རེ་ལའེ་ཡཱའི་མོར་བྷེན་ལཱ་ཊི རའོ་བྷེ་སློབ་ཆེན་གྱི་རྒྱ་ནག་གི་མི་རིགས་སྲིད་ཇུས་ལ་ཉམས་ཞིབ་མཁན་སྐུ་ཞབས་རྗེམ་སི ལའེ་བྷོལ་ཌི་ཡིས་ཞིབ་འཇུག་ལྟར་ན། ཡི་གུར་བའི་ནང་མི་རིགས་གཞན་དང་གཉེན་སྒྲིག་བྱེད་མཁན༡%དང། བོད་རིགས་ཁྲོད ༨%ཡིན། གྲངས་ཀ་དེ་བདེན་ན། ད་ལྟ་བོད་ཆོལ་གསུམ་བོད་མི ༦༠༠༠༠༠༠ཁྲོད། མི་རིགས་གཞན་དང་གཉེན་སྒྲིག་བྱས་ཟིན་པ ༤༨༠༠༠༠ཡོད་དགོས། དེ་བཞིན་དུ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོའུ་ཡིས་གསང་བ་ཕྱིར་བཏོན་པར་གཞིགས་ན།  ༢༠༠༨ ལོ་ནས་༢༠༡༣ ལོའི་བར། བོད་རྒྱ་གཉེན་སྒྲིག་བྱེད་མཁན་གྱི་མི་ ༤༧༩༥ བྱུང་ཡོད་པས། ལོ་རེར་༡༠༠༠མ་ཟིན་ཙམ་བྱུང་ཡོད་ཅིང་། གྲངས་ཀ་འདི་ནི་བོད་རང་སྐྱོང་ལྗོངས་ཁོ་ན་རེད། གཞན་ཨ་མདོ་དང་ཁམས་ཁུལ་དུ་བོད་མི་རྒྱ་རིགས་དང་གཉེན་སྒྲིག་བྱས་ཡོད་མཁན་དེ་ལས་མང་མིན་ན་ཉུང་ཡིན་རྒྱུ་མ་རེད་བསམ་བྱུང་། ད་དུང་བཤད་རིན་ཡོད་པ་ཞིག་ལ། འཕར་ཚད་དེ་ནི་གསོལ་རས་མེད་པའི་སྐབས་སུ་བྱུང་བ་རེད།

ཤར་ཏིར་གུ་སི་ཐན་གྱི་སའི་ཆགས་ཚུལ་ནི་བྱེ་ཐང་དང་རི་སྒང་མང་ཞིང་། མངའ་ཁོངས་རྒྱ་ཁྱོན་གྱིས་རྒྱ་ནག་གི་མངའ་ཁོངས་ཀྱི་དྲུག་ཆའི་གཅིག་ཟིན་ཡོད། མི་འབོར་ཕྱི་ལོ་༡༩༤༩ལོའི ༤༣༠༠༠༠༠ ལྷག་ནས་དེ་རིང ༡༡༠༠༠༠༠༠༼ ཕྱི་ལོ་༢༠༠༠ལིའི་མི་འབོར་ཞིབ་བཤེར་གྱི་གྲངས་ཀ༽ལྷག་ལ་འཕར་ཡོད་པ་དང་། འཕར་ཚད་ནི་ལྡབ་གཉིས་དང་ཕྱེད་ཀ་རེད། བོད་ཀྱི་མི་འབོར་འདས་པའི་ལོ་༦༠ལྷག་གི་རིང་། འཕར་མེད་པ་མ་ཟད། ད་དུང་ཇེ་ཉུང་དུ་འགྲོ་བཞིན་ཡོད།

གང་ལྟར། ད་ལྟའི་རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་ཐད་ཀྱི་སྲིད་ཇུས་རིགས་ཁོང་ཚོས་ནམ་རྒྱུན་བཤད་ཀྱིན་པའི“སྤྱི་ཚོགས་སྣ་མང་ཅན”དང་། “མི་རིགས་སྣ་འཛོམས་ཅན”། “གཞི་གཅིག་སྣ་མང་ཅན”སོགས་དང་མཐུན་མིན་ལ་མ་བལྟས་པར། “ཡང་དག་པའི་མེས་རྒྱལ་གྱི་ལྟ་བ”དང་། “མི་རིགས་ལྟ་བ”གཅེས་པར་བཟུང་ནས་ཀྲུང་ཧྭ་མི་རིགས་སླར་གསོ་བྱེད་པའི་ཞི་ཅིན་ཕེང་གི“ཀྲུང་གོའི་རྨི་ལམ”ཁྲོད། བོད་དང་ཡི་གུར་མི་རིགས་ཀྱིས་མི་རིགས་སླར་གསོ་མི་ནུས་ཀྱང་མགོ་མི་འཁོར་རྒྱུ་དང་། མི་རིགས་ཀྱི་ངོ་བོ་མ་བརླག་པར་གནས་ཐབས་སུ་བསམ་བློའི་ལངས་ཕྱོགས་མ་ནོར་བ་ཞིག་འཛིན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དེ་རེད་བསམ་བྱུང་།

 

Advertisements