འདས་པའི་བདུན་ཕྲག་གཅིག་རིང་སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུའི་བྱེད་སྒོ་དེ་འཛམ་གླིང་རྒྱལ་ཁབ་མང་པོའི་གསར་འགྱུར་སྨྱན་བྱད་ཀྱི་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་པ་དང་། དབྱེ་ཞིབ་པ་མང་པོས་གལ་ཏེ་སི་ཀཱོ་ཊི་ལན་ཌིར་རང་བཙན་ཐོབ་ཚེ། ཡོ་རུབ་ས་ཁུལ་གཞན་དག་གི་རང་བཙན་ལས་གུལ་ལ་སྐུལ་འདེད་ཐེབས་སྲིད་པར་ཡིད་ཆེས་བྱས་ཡོད།
ཧྥ་རན་སིའི༼རྒྱལ་སྤྱིའི་རླུང་འཕྲིན༽གྱིས་གལ་ཏེ་སི་ཀཱོ་ཊི་ལན་ཌིའི་རང་བཙན་ཤོག་ཁྲག་ལ་རྒྱལ་ཁ་ཐོབ་ཚེ། དབྱིན་ཇིའི་སྲིད་བློན་ཁཱར་མ་ལོན་གྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུ་ལས་གདམ་ཀ་གཞན་མེད་ཅེས་དང་།
ཨེ་ཊ་ལའེ་ཡི༼ཆུ་ཚོད་༢༤ཉི་མ་ཚགས་པར༽གྱིས་སི་ཀཱོ་ཊི་ལན་ཌི་རང་བཙན་བྱས་པས་དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་ཡོད་ན་ཡང་། ཆབ་སྲིད་ཐད་ཀྱི་ཤུགས་རྐྱེན་དེ་ལས་ཀྱང་ཆེ། གལ་སྲིད་སི་ཀཱོ་ཊི་ལན་ཌི་རང་བཙན་བྱས་ཚེ། དབྱིན་ཇི་བ་ཞིག་ལ་མཚོན་ན་དེ་ནི་བཟོད་དཀའ་བའི་རྡུང་རྡེག་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ་བ་མ་ཟད། མ་འོངས་པའི་རྒྱལ་ཁབ་ཀྱི་གོ་གནས་ལའང་འཇིན་ཉེན་ཆེན་པོ་ཡོད་ཅེས་བཀོད་འདུག
དེ་བཞིན་དུ་སི་པན་གྱི་གྲོང་ཁྱེར་བྷར་སེ་ལོ་ནཱའི༼གདོང་ལེན་ཚགས་པར༽གྱིས་སི་ཀཱོ་ཊི་ལན་ཌིའི་རང་བཙན་དང་རང་ཉིད་ཀྱི་གྲོང་ཁྱེར་དེའི་གདོད་མའི་མི་རིགས་ཁཱ་ཐཱ་ལོ་ནེ་ཡའི་རང་བཙན་ལས་འགུལ་དང་མཚུངས་བསྡུར་གྱིས། ཉིད་ཀྱིས་བྱེད་དགོས་པ་ཞིག་ནི་འདས་པའི་ཉིན་ཤས་སུ་བྱུང་བའི་དབྱིན་ཇིའི་འཕེལ་རྒྱས་ལ་ཞིབ་ལྟ་ཞིག་བྱེད་དགོས། དེ་ལྟར་བྱས་ན་ཁཱ་ཐཱ་ལོ་ནེ་ཡའི་གནས་ཚུལ་ལ་ཡ་མཚར་མི་སྐྱེ། དེ་ནི་དངོས་ཡོད་གནས་ཚུལ་རེད། ཁྱེད་ཀྱིས་དུས་ནམ་ཡང་དངོས་ཡོད་གནས་ཚུལ་ལ་སྣང་མེད་བྱེད་མི་རུང་ཞེས་དང་།
ཡང་འཇར་མིན་གྱི༼འཇར་མིན་ལྷོ་མའི་སྙིང་སྟོབས་ཚགས་པར༽གྱིས། དབྱིན་ཇིའི་ཆབ་སྲིད་ཚོགས་པ་ཁག་གིས་སི་ཀཱོ་ཊི་ལན་ཌིའི་དཔལ་འབྱོར་གནས་སྟངས་ལ་སེམས་ཁུར་བྱས་པ་ཙམ་ལས་ལོ་༢༠༠ལྷག་ལ་གནས་པའི་མཉམ་འབྲེལ་རྒྱལ་ཁབ་ལ་མཐུན་རྐྱེན་ཅི་ཞིག་ཐོབ་པ་གླེང་མེད་ཅེས་སྐྱོན་བརྗོད་བྱས་འདུག
དེ་མིན་ཧན་གྷ་རེའི༼དཔལ་འབྱོར་གསར་འགྱུར་དྲྭ་ཚུགས༽ཀྱིས་གལ་སྲིད་སི་ཀཱོ་ཊི་ལན་ཌི་ལ་རང་བཙན་ཐོབ་ནས་དབྱིན་ཇི་དང་ཁ་ཁ་བྱས་ཚེ། ཡོ་རུབ་ས་ཁུལ་དུ་གཅིག་ལྟ་གཅིག་གིས་བྱས་ནས་རང་བཙན་གྱི་ལས་འགུལ་བསྟུད་མར་བྱུང་སྲིད་པ་དང་། དཔེར་ན་ཁཱ་ཐཱ་ལོ་ནེ་ཡ། བྷ་སི་ཁའོ། ཧྥི་ལན་ཌིར་སི། བེ་ནེ་སི་སོགས་ཀྱིས་སི་ཀཱོ་ཊི་ལན་ཌིའི་གནས་སྟངས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཡོད་ལ། དེ་ཡིས་ཁོང་ཚོ་རང་ཉིད་རང་སྐྱོང་བྱེད་རྒྱུར་སྐུལ་མ་ཡོད་པས་ཡིན།ཞེས་བཀོད་འདུག
དེ་མིན༼རཱ་ཞི་ཡའི་བརྙན་འཕྲིན་དང་པོས༽དབྱིན་ཇི་བཙན་རྒྱལ་ཆེན་མོ་སྐྱོབ་རྒྱུར་དུས་ཚོད་མང་པོ་ལྷག་མེད་ཅེས་དང་། ཡང༼རཱ་ཞི་ཡ་ཚགས་པར༽གྱིས་སི་ཀཱོ་ཊི་ལན་ཌི་རང་བཙན་བྱས་ཚེ། སྲིད་བློན་ཁཱར་མ་ལོན་གོ་ས་ལས་ལྷུང་འགྲོ་བ་མ་ཟད། ད་དུང་རྒྱལ་ཁབ་ཁ་བྲལ་བའི་ལོ་རྒྱུས་ཀྱི་ཉེས་མིང་ཡང་འཁུར་དགོས་ཞེས་བཀོད་འདུག
རྒྱ་ནག་གི་གསར་འགྱུར་སྨྱན་བྱད་ཁག་གིས་ཀྱང་དོ་སྣང་ཆེན་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ༼གོ་ལའི་དུས་བབ་ཀྱིས༽གལ་སྲིད་སི་ཀཱོ་ཊི་ལན་ཌི་དབྱིན་དང་ཁ་བྲལ་ཚེ། དབྱིན་ཇིའི་དེ་རྒྱལ་ཁབ་ཕལ་བ་ཞིག་ཏུ་གྱུར་ངེས་ཡིན་ཞེས་དང་། ཡང༼པེ་ཅིང་ཉིན་རེའི་ཚགས་པར༽གྱིས་དབྱིན་ཇིའི་རང་གི་རྒྱལ་ཁབ་ནང་གཅིག་གྱུར་གྱི་རྩ་དོན་མཁྲེགས་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་གཞན་དུ་ཁ་བྲལ་རིང་ལུགས་པར་སྐུལ་མ་བྱེད་ཀྱིན་ཡོད་ཅེས་སྐྱོན་འཛུགས་བྱས་འདུག
གཞན་ཡང་ཨེ་རན་གྱི་སྨྱན་བྱད་ཁག་གིས་སི་ཀཱོ་ཊི་ལན་ཌིའི་རང་བཙན་ལ་རྒྱབ་སྐྱོར་བྱས་མེད་པའི་རྣམ་འགྱུར་བཏོན་པ་དང་ཆབས་ཅིག དབྱིན་ཇི་སྲིད་བློན་གྱིས་སི་ཀཱོ་ཊི་ལན་ཌི་མི་དམངས་ལ་ཁེ་དབང་དང་ཐོབ་ཐང་མང་པོ་སྤྲོད་རྒྱུར་ཁས་ལེན་བྱས་ཡོད་པ་དང་། ཁེ་དབང་དེ་དག་སྔོན་ཆད་གླེང་མི་ཆོག་པའི་སྐོར་རེད་ཅེས་སོགས་བཀོད་འདུག
ཕྱི་ཟླ་༩པའི་ཚེས་༡༨ཉིན། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་སྤྱི་མོས་འོས་བསྡུའི་ལམ་ནས་སི་ཀཱོ་ཊི་ལན་ཌི་དབྱིན་ཇི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་ནས་རང་བཙན་བྱེད་མིན་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།
སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུ་དེ་ནི་དབྱིན་ཇི་གཞུང་དང་སི་ཀཱོ་ཊི་ལན་ཌི་མི་དམངས་གཉིས་མོས་ཀྱི་ལམ་ནས་བྱུང་བ་ཞིག་ཡིན་པས། འདི་ལྟ་བུའི་དཔེ་མཚོན་མང་པོ་མེད། ནམ་རྒྱུན་ལྟར་ན་རང་བཙན་ཕལ་མོ་ཆེ་ཁྱོ་ཤི་ང་གསོན་གྱི་འཐབ་འཁྲུག་ལས་བྱུང་རྐྱང་རྐྱང་ཡིན།