སི་ཀཱི་ཊི་ལན་ཌི་མི་དམངས་ཀྱིས་རང་བཙན་མི་དགོས་ཟེར།

140919103152_uk_scotland_flag_304x171_reuters_nocreditསི་ཀཱོ་ཊི་ལོན་ཌི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ་ཏུ་མཉམ་གནས་བྱེད་རྒྱུ་བདམས་ནས་རང་བཙན་གྱི་སྒོ་མོ་བརྒྱབ་འདུག
སི་ཀཱོ་ཊི་ལན་ཌི་རང་བཙན་སྤྱི་མོས་འོས་བསྡུའི་འོས་ཤོག་གི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཡོད་པ་དང་། རང་བཙན་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་ལ་རྒྱལ་ཁ་ཐོབ་འདུག འདེམས་བསྐོ་བྱེད་ཁོངས་༣༢ཀྱི་འོས་ཤོག་གི་གྲངས་ཀ་ཡོངས་ཁྱབ་ཏུ་བསྒྲགས་ཡོད་པ་དང་། རང་བཙན་པར་འོས་ཤོག་ས་ཡ་གཅིག་དང་འབུམ་དྲུག་ལྷག་ཐོབ་པ་དང་། མཉམ་གནས་པར་འོས་ཤོག་ས་ཡ་གཉིས་ལྷག་ཐོབ་ཡོད་འདུག རང་བཙན་དང་མཉམ་གནས་གཉིས་ཀྱི་བསྡུར་ཚད་ནི་45%དང་55%རེད།
སི་ཀཱོ་ཊི་ལན་ཌིའི་བློན་ཆེན་ཁྲི་བ་ཨ་ལེག་སི སཱ་མོན་ཌི་ཡིས་ཨེ་ཌེན་བྷིར་གྷི་རུ་སྤེལ་བའི་གཏམ་བཤད་སྐབས་བརྗོད་རྒྱུར། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱི་གདམ་ཀ་ལ་ངོས་ལེན་ཡོད། སི་ཀཱོ་ཊི་ལན་ཌི་ཡིས་སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་དམངས་གཙོའི་འདེམས་བསྐོའི་ལམ་ནས་རང་ཐག་རང་གཅོད་བྱས་པར་ངོས་ལེན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག
སཱ་མོན་ཌི་ཡི་ལས་རོགས་ནེ་ཁོ་ལཱ་ཡིས། སྤྱི་མོས་འོས་བསྡུའི་མཇུག་འབྲས་ནི་སྒེར་དང་ཆབ་སྲིད་ཀྱི་ཕམ་ཁ་ཞིག་རེད། ཡིན་ན་ཡང་རྒྱལ་ཁབ་འདི་དུས་གཏན་དུ་འགྱུར་བ་རེད་ཅེས་དབྱིན་ཇི་བྷེ་བྷེ་སེ་གསར་ལས་ཁང་ལ་བརྗོད་འདུག
དེ་བཞིན་དབྱིན་ཇིའི་སྲིད་བློན་ཁཱར་མ་ལོན་གྱིས་སྲིད་བློན་ཕོ་བྲང་གི་མདུན་དུ་སྤེལ་བའི་གཏམ་བཤད་སྐབས། ང་ཚོས་སི་ཀཱོ་ཊི་ལན་ཌི་མི་རིགས་ཚོགས་པའི་སི་ཀཱོ་ཊི་ལན་ཌི་གྲོས་ཚོགས་སུ་གྲངས་མང་ཚོགས་པའི་གོ་གནས་ལ་གུས་བཀུར་ཡོད། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་རང་གི་འདོད་མོས་ལྟར་རང་བཙན་དང་ཡང་ན་མཉམ་གནས་གདམ་རྒྱུའི་གོ་སྐབས་སྤྲད་པའི་ཐག་གཅོད་དེ་ཡང་དག་པ་ཞིག་ཡིན། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱི་རེ་སྨོན་ད་ལྟ་གསལ་བོ་རེད། ད་ནི་མཉམ་འབྲེལ་རྒྱལ་ཁབ་མཐུན་སྒྲིལ་མཉམ་གནས་དང་། མདུན་དུ་བསྐྱོད་རྒྱུའི་དུས་ལ་བབ་ཡོད། ད་ལྟ་ལྷག་ཡོད་པ་ནི་སི་ཀཱོ་ཊི་ལན་ཌི་ལ་རང་སྐྱོང་གི་ཐོབ་ཐང་སྔོན་ཆད་ལས་ཀྱང་ཆེ་བ་སྤྲོད་རྒྱུའི་ཁས་ལེན་ལག་ལེན་དུ་བསྟར་རྒྱུ་དེ་ཡིན་ཞེས་བརྗོད་འདུག
ནམ་རྒྱུན་ང་ཚོས་དབྱིན་ཇི་ཟེར་བའི་རྒྱལ་ཁབ་དེ་དབྱིན་གྷི་ལན་ཌི་དང་། སི་ཀཱོ་ཊི་ལན་ཌི། བཱ་ལེ་སི། བྱང་ཨ་ཡེར་ལན་ཌི་བཅས་ཀྱིས་གྲུབ་པའི་ནུབ་ཡོ་རུབ་ན་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཕྱི་ལོ་༡༩༢༢ལོར་དབྱིན་ཇི་ཡིས་འཛམ་གླིང་གི་བཞི་ཆའི་གཅིག་ལ་དབང་བསྒྱུར་བྱས་ཡོད། སི་ཀཱོ་ཊི་ལན་ཌི་དབྱིན་ཇི་མངའ་ཁོངས་སུ་ཚུད་ནས་ལོ་༣༠༧ཕྱིན་པ་དང་། ཁ་སང་སྟེ་ཕྱི་ཚེས་༡༨ཉིན། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་སོ་ཀཱོ་ཊི་ལན་ཌི་རྒྱལ་ཁབ་རང་བཙན་དང་ཡང་ན་མུ་མཐུད་ནས་དབྱིན་ཇིའི་མཉམ་འབྲེལ་རྒྱལ་ཁབ་ཏུ་མཉམ་གནས་བྱེད་རྒྱུར་དམངས་གཙོའི་འདེམས་བསྐོའི་ལམ་ནས་ཐག་གཅོད་བྱས་པའི་འབྲས་བུར་མཉམ་གནས་བྱེད་རྒྱུ་བདམས་ཡོད་པ་རེད།

Advertisements