པེ་ཅིང་མི་རིགས་སློབ་ཆེན་གྱི་དཔར་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡུ་གུར་བ་ཨེལ་ཧམ ཐོ་ཧྭི་ཏས(Llham Tohti) ལགས་ལ་ཁྲིམས་ཐག་ལྕི་མོ་གཅོད་སྲིད་པར་མི་རྣམས་པས་ཚོད་དཔག་བྱས་ཡོད། ཡིན་ན་ཡང་། དེ་འདྲའི་ཁྲིམས་ཐག་ལྕི་མོ་བཅད་པར་མི་རྣམས་ཧ་ལས་ཧང་སང་ཡོད།
རྒྱ་གཞུང་གི་གྲངས་ཉུང་མི་རིགས་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཀྱང་། ཐོག་མཐའ་བར་གསུམ་དུ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་འཐུས་པའི་དྲི་ལན་འཚོལ་མཁན་དགེ་རྒན་ཆེན་མོ་ཨེལ་ཧམ ཐོ་ཧྭི་ཏས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཁོང་གི་རེ་བ་ནི་གུ་ཡངས་པའི་སྲིད་ཇུས་ཤིག་གི་འོག་ཏུ་གྲོས་མོལ་བྱ་རྒྱུ་དེ་ཡིན་ཡང་། ཁོང་ལ་རེག་པ་ནི་གུ་དོག་པའི་བཙོན་ཁང་རེད། ཁོང་ཉིད་ཡུ་གུར་བ་དང་རྒྱ་རིགས་བར་གྱི་ཟམ་པ་ཞིག་ཏུ་གྱུར་རྒྱུར་ཧུར་བརྩོན་བྱས་ཀྱང་། ཁྲིམས་ཁང་གིས་ཁོང་ལ་མི་རིགས་མཐུན་སྒྲིལ་ལ་གཏོར་ཞིག་བྱས་པའི་ཉེས་མིང་བཏགས། གཅིག་གྱུར་ལ་གཅེས་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་ག་ཚོད་བྱས་ཀྱང་། ཁོང་ལ་ཁ་བྲལ་རིང་ལུགས་པའི་ཉེས་མིང་བཙུགས། གཉིས་སྨན་དབུ་མའི་ལམ་གྱི་དར་ཆ་འཕྱར་ནས་འཚེ་མེད་ཞི་བའི་ལམ་ལ་ཤར་སྐྱོད་བྱས་ཀྱང་ཁོང་ལ་འཇིགས་སྐུལ་རིང་ལུགས་པའི་རྗེས་འབྲང་བར་བསྙད་ནས་འཛིན་བཟུང་བྱས།
དྲག་པོའི་དོན་རྐྱེན་བསྟུད་མར་བྱུང་དང་འབྱུང་གིན་པའི་ཞིན་ཅང་དང་། ཨེལ་ཧམ ཐོ་ཧྭི་ཏས་ཀྱི་ཕ་ཡུལ་མི་མང་ལ་སྤྲད་པའི་བརྡ་ལན་ནི་ཧ་ཅང་གསལ་བོ་རེད། ཞི་ཅིན་ཕེང་གི་ཀྲུང་གོ་ན་ཁ་བྲལ་མ་ཡིན་པའི་ཞི་འཇམ་གྱི་ལམ་དབུ་མའི་ལྟ་སྤྱོད་ཅན་ཡིན་ཡང་འགྲོ་ས་འདུག་ས་མེད་པ་དེ་རེད། རྒྱ་ནག་གཞུང་གིས་མཉམ་གནས་ཀྱི་བསམ་བློ་ཡོད་མཁན་ཞི་འཇམ་རིགས་ཡུ་གུར་བ་རྣམས་ཀྱང་ཐལ་དྲགས་ཅན་དུ་གྱུར་རྒྱུར་སྐུལ་འདེད་བྱས་དང་བྱེད་ཀྱིན་ཡོད།
རྒྱ་རིགས་རྩོམ་པ་པོ་གྲགས་ཅན༼ང་ཡི་ཤར་ཏིར་ཀུ་སི་ཐན། ཁྱོད་ཀྱི་ཞིན་ཅང༽ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཝང་ལའེ་ཞོན་གྱིས། རྒྱ་ནག་དེང་གཞུང་གིས་ཡུ་གར་བའི་མན་དྷི་ལཱ་ཞིག་བཟོ་བསྐྲུན་བྱས་ཡོད། ཅེས་དང། སྐད་གྲགས་ཆེ་བའི་འབངས་དབང་སྲུང་སྐྱོབ་མཁན་ཧོའུ་ཇཱ་ཡིས། ཡུ་གུར་བ་རྣམས་ནི་རྐང་བཀྱིགས་ལག་བསྡམས་ཀྱི་རིགས་ཚོགས་དེ་ཡིན་པས། ཇི་ལྟར་བྱས་ནས་གཞུང་དང་མཐུན་ལམ་འཛུགས་དགོས་སམ། ཞེས་ཡུ་གུར་བའི་གནས་སྟངས་གླེང་འདུག
འདས་པའི་ལོ་གཅིག་གི་ནང་དུ། ཞིན་ཅང་ས་ཁུལ་དུ་དྲག་པོའི་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་ལ། པེ་ཅིང་གཞུང་གིས་དེ་ལ“འཇིགས་སྐུལ་རིང་ལུགས”ཞེས་ངོ་བོ་ངོས་འཛིན་བྱས་ཡོད་ལ། དེ་ལ་གནས་ལུགས་མེད་པ་མིན། ཡིན་ན་ཡང་། ཞིན་ཅང་དུ་བྱུང་ཟིན་པའི་དྲག་པོའི་དོན་རྐྱེན་དེ་དག་ནི་མགོ་བརྩམས་པ་ཙམ་རེད། དེ་ལས་ཀྱང་ཚབས་ཆེ་བའི་འཇིགས་སྐུལ་འཇབ་རྒོལ་རིགས་གཞི་ནས་བྱུང་ངེས་ཡིན། རྒྱུ་མཚན་ནི་ཡུ་གུར་བ་དང་རྒྱ་རིགས་བར་ཀྱི་འགལ་ཟླ་ཉིན་རེར་ཞག་རེར་ཇེ་ཟབ་ནས་ཇེ་དྲག་ཏུ་འགྲོ་མུས་སུ་ཡིན་ལ། དེ་ནི་ད་གཟོད་ཐལ་དྲགས་རིང་ལུགས་སྐྱེ་སའི་ཞིང་ས་ཡིན།
ཕྱི་ལོ་༢༠༡༤ལོའི་ཟླ ༩ ཚེས་༢༣ཉིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་ཁྲལ་ལ་ཆེས་མི་འདོད་པའི་མཇུག་འབྲས་དེ་རེག་སོང་། སྐུ་ཞབས་ཨམ་ཧམ ཐོ་ཧྭི་ཏས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཁོང་གིས་ཅུང་གཏིང་ཟབ་མོའི་ངང་ཡུ་གུར་མི་རིགས་རྒྱ་རིགས་བར་གྱི་འགལ་ཟླ་འབྱུང་རྐྱེན་ལ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་དེ་དང་མཉམ་དུ་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་ནས་འཚེ་མེད་ཞི་བའི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུར་འབད་འབུངས་བྱེད་ཀྱིན་ཡོད།
ཁྲིམས་སའི་འདྲི་གཅོད་མཇུག་གི་གསལ་འདེབས་སྐབས་སུ་སྐུ་ཞབས་ཐོ་ཧྭི་ཏས་ཀྱིས། ང་རང“མེས་རྒྱལ”ལ་དགའ། རྒྱ་ནག་ནང་མཉམ་གནས་བྱས་ན་ཡུ་གུར་བའི་ཁེ་ཕན་ལ་དགེ་མཚན་ཡོད་པར་ཡིད་ཆེས་ཡོད། ཅེས་པ་ནང་བཞིན་ཁོང་ནི་ཁ་བྲལ་ལ་ངོ་རྒོལ་དང་གཅིག་གྱུར་ལ་དགའ་མོས་བྱེད་མཁན་ཞི་འཇམ་རིགས་དེ་རེད།
ཕྱི་ལོ ༡༩༨༥ ལོ་ནས་བཟུང་ཁོང་ཉིད་རང་ས་རང་ཡུལ་དང་། རང་མི་རིགས་དང་ཁ་གྱེས་ནས་རྒྱ་ནག་པེ་ཅིང་དུ་སློབ་སྦྱོང་དང་ལས་དོན་བསྒྲུབས་ནས་བཞུགས་པ་དང་། ཁོང་གི་ཨ་ཕ་ལགས་དེ་སྔོན་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས་མྱོང་བ་དང་། ཁོང་གི་སྤུན་མཆེད་གཉིས་ཀྱིས་ད་ལྟ་རྒྱ་ནག་གཞུང་དང་བདེ་འཇགས་ལས་ཁུངས་སུ་ལས་དོན་བསྒྲུབས་མུས་སུ་རེད།
དགེ་རྒན་ཆེན་མོ་ཨེལ་ཧམ ཐོ་ཧྭི་ཏས་ཀྱིས་རང་ཉིད་གཏོགས་སའི་མི་རིགས་དེའི་བདེ་སྡུག་མཐོང་ནས། རང་ཉིད་དགའ་སའི་གཞུང་གི་ནོར་འཁྲུལ་མཐོང་ནས། དགྲ་གཉེན་གྱི་བློ་དང་བྲལ་བའི་ངང་ལྷག་བསམ་རྣམ་དག་གིས་བསམ་འཆར་བཏོན་བ་ཙམ་གྱིས་འཛིན་བཟུང་དང་ཚེ་བཙོན་རེག་པ་རེད། དེའི་སྐོར་འཛམ་གླིང་ཡུ་གུར་བ་ཚོགས་ཆེན་གྱི་འགན་འཛིན་ལྕམ་རཱེ་པེ་ཡཱ ཁཱ་ཊིར་ལགས་ཀྱིས། དགེ་རྒན་ཆེན་མོ་ཨེལ་ཧམ ཐོ་ཧྭི་ཏས་ཀྱི་གྱོད་དོན་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུ་གུར་མི་རིགས་དངོས་ཡོད་གནས་སྟངས་དེ་གསལ་བོ་ཤེས་ཡོད། ཡུ་གུར་བ་ཚོ་ཡང་ད་ལྟ་རྟོགས་སད་ཡོད། དེ་ནི་རྒྱ་གཞུང་གི་ཡུ་གུར་མི་རིགས་ཐད་ཀྱི་སྲིད་ཇུས་རེད། ཞི་བདེར་དགའ་བའི་མི་རིགས་ཤིག་བལྟས་བལྟས་རིག་རིག་ལ་བཙན་གྱིས་ཐལ་དྲགས་པར་བསྒྱུར་བ་རེད། ལམ་ཁ་དེ་ཡུ་གུར་བས་བདམས་པ་མིན་ལ་རྒྱ་གཞུང་གིས་བཙན་དབང་གིས་དེད་པ་རེད་ཟེར།
དགེ་རྒན་ཆེན་མོ་ཨེལ་ཧམ ཐོ་ཧྭི་ཏས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་རྗེས། ཨ་རིའི་སྲིད་འཛིན་ཨོ་བྷ་མཱ་དང་། ཕྱི་འབྲེལ་དྲུང་ཆེ་རྗང ཁཱེ་རའེ། ཡོ་རབ་མཉམ་འབྲེལ་སྒྲིག་འཛུགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སུན་འབྱིན་དང་སྐྱོན་བརྙོད། འབོད་སྐུལ་མང་པོ་བྱས་ཡོད་པ་དང་། རྒྱ་གཞུང་གིས་སྲོལ་རྒྱུན་ལྟར། གང་འདོད་ནང་སྲིད་ལ་ཐེ་གཏོགས་མ་བྱེད། ཅེས་དགག་རྒྱག་བྱས་ཡོད་པ་རེད།
ཨེལ་ཧམ ཐོ་ཧྭི་ཏས་ལ་ཉེས་ཆད་ལྕི་མོ་བཅད་པ་དེ། པེ་ཅིང་དེང་གཞུང་དང་སྒོས་སུ་ཞི་ཅིན་ཕེང་གི༼ནམ་མཁའ་རྒྱ་ཡིས་གཡོགས་ནས། ས་གཞི་རྙི་ཡིས་བཀང་ནས། ཁ་བྲལ་རིང་ལུགས་རྩ་མེད་དུ་གཏོང་དགོས༽ཞེས་པའི་དམ་བཅའ་དང་མཐུན་ཞིང་། རྒྱ་རྙི་དེའི་འོག་ན་རྒྱ་རིགས་མིན་པའི་གཞན་རིགས་ཁྲོད་གཅིག་གྱུར་དང་ཁ་བྲལ་གྱི་དབྱེ་བ་མེད་པའང་གསལ་བོ་རེད། ད་དུང་དེ་ཡིས། བོད་དང་ཞིན་ཅང་གི་གནད་དོན་ཐད་རྒྱ་གཞུང་གི་རྣམ་འགྱུར་ཇེ་མཁྲེགས་དང་། འོས་མེད་སྟུན་ཐབས་དང་གཡོ་འགུལ་རྩ་བ་ནས་མེད་པ་མཚོན་ཡོད།
མི་རིགས་ཀྱི་གནད་དོན་དང་། རྒྱལ་ཁབ་གཅིག་གྱུར་གྱི་མདུན་དུ་དེ་སྔོན་གྱི་གོ་མིན་ཏང་གཞུང་དང་དེང་སང་གི་རྒྱ་ནག་དམར་པོའི་གཞུང་ཚང་མའི་ལྟ་བ་གཅིག་མཚུངས་ཡིན་ལ། རྣམ་འགྱུར་ཡང་མཁྲེགས་པོ་ཡིན། དེ་ནི་རྒྱ་ནག་གི་དབུ་ཁྲིད་ཅིག་གིས་ཐག་གཅོད་མི་ཕོད་པ་དེ་དང་། སྲོལ་རྒྱུན་ཆབ་སྲིད་རིག་གནས་ཀྱང་ཡིན། ལྷག་པར་དུ་ཁ་སང་དེ་རིང་རྒྱ་ནག་ལ་ཕོ་མི་ལྟོགས་ཙམ་དང་རྒྱབ་མི་གྲངས་ཙམ་གྱི་གནས་སྟངས་ཤར་དུས། སྲིད་པའི་གནས་ལུགས་དང་། ཡོངས་ཁྱབ་རིན་ཐང་། འཛམ་གླིང་འདིའི་འགྲོ་ལུགས་འདུག་སྟངས་སོགས་ནི་བསྲུང་བྱ་གུས་ཡུལ་ཞིག་ཏུ་མི་སྣང་བར་ང་གཙོ་ང་མཆོག་གི་ང་རྒྱལ་གྱི་བཟི་ཁ་རྒོད་པའི་དུས་ཡིན། དེ་བས་ན། བོད་དང་། ཡུ་གུར་སོགས་སུ་ཡིན་ཡང་། ཞི་འཇམ་པའི་འོས་མེད་སྟུན་ཐབས་དང་། རྒྱ་ནག་གཞུང་གི་གུ་ཡངས་སྲིད་ཇུས་ལ་རེ་སྨོན་བྱས་པ་ནི། སྟོང་བསམ་ཡིན་པ་ཨེལ་ཧམ ཐོ་ཧྭི་ཏས་ཀྱི་མཇུག་འབྲས་ལས་རྟོགས་སླ།
ཡང་གཅིག་བཤད་ན། ཉེ་སྔོན་མཉམ་གནས་དང་རང་བཙན་ཐད་སྤྱི་མོས་འོས་བསྡུ་བྱས་པའི་སི་ཀཱོ་ཊི་ལན་ཌི་གལ་སྲིད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དབང་དུ་བཏང་ན། སི་ཀཱོ་ཊི་ལན་ཌི་རང་བཙན་གྱི་སྣེ་ཁྲིད་པ་སྐུ་ཞབས་ཨ་ལེག་སི སཱའེ་མོན་ཌི་དང་ཁོང་གི་དཔུང་རོགས་ཚོ་ད་ལྟ་བཙོན་འོག་ན་ཡོད་པ་གདོན་མི་ཟ།