གཟུར་བཤོལ་བྱས་དང་མ་བྱས། པེ་ཅིང་ལ་མཚོན་ན་ཚང་མ་ཕམ་ཁ་ཡིན།

Hong Kong Democracy Protestགཙང་བོ་ཞིག་གི་ཕར་ངོགས་ཀྱི་རྒྱ་ནག་སྐམ་ས་ཆེན་པོ་ན། འདས་པའི་ཉིན་ཤས་རིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ ༦༥ འཁོར་བའི“བཅུ་བའི་དགའ་སྟོན”ལ་རོལ་ནས། དབུས་དང་གཞི་རིམ་རྒྱལ་ཡོངས་གང་སར་དགའ་བའི་གླུ་དང་སྐྱིད་པའི་གར། བསྟོད་པའི་ཚིག་དང་བསྔགས་པའི་བརྗོད་པ་རི་ལུང་ཀུན་ཏུ་ཁྱབ་ཅིང་། མེས་རྒྱལ་གྱི“གོང་སེང་རིང་པོའི”སྤྲོད་སྐྱིད་ཀྱི་རྣམ་པ་དེ་དང་། ས་གནས་ཧོང་ཀོང་མི་མང་གི“དམངས་གཙོ་ངོ་མ་ཞིག”རྩོད་ལེན་ཆེད་ཆར་ཆུའི་ཁྲོད་ཆར་གདུགས་བཀར་ནས་སྲང་ལམ་དུ་ངོ་རྒོལ་བྱེད་ཀྱིན་པའི་ངང་ཚུལ་གཉིས་ལ་དགའ་སྐྱོའི་ཧེ་བག་ཆེན་པོ་ཤོར་ཡོད།
གཟའ་ཕུར་བུའི་ནམ་གུང་། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྲིད་སྐྱོང་ལཱང་ཀྲིན་ཡིན་གྱིས་ཁོང་གི་ཕྱག་རོགས་སྲིད་དོན་བློན་ཆེན་ཆེད་མངག་གིས་སློབ་མ་དང་མཉམ་དུ་ཆབ་སྲིད་བཅོས་བསྒྱུར་ཐད་གྲོས་མོལ་བྱ་རྒྱུ་ཡིན་ལུགས་བསྒྲགས་པ་དང་ཆབས་ཅིག “ངས་དགོངས་པ་ཞུ་རྒྱུ་མིན”ཞེས་ནན་བཤད་ཀྱང་བྱས་འདུག  ཧོང་ཀོང་གི་ངོ་རྒོལ་བ་ཚོས་རེ་དོགས་ཀྱི་སེམས་ཁམས་ཞིག་དང་མཉམ་དུ་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་བཏོན་ཡོད་མོད། འོན་ཀྱང་སྲིད་སྐྱོང་གིས་དགོངས་པ་ཞུ་དགོས་མིན་གླེང་མི་འདུག
གྲོས་མོལ་ལ་འབྲས་བུ་ཡག་བཙོག་གང་ཐོན་མིན་ལ་མ་བལྟས་པར། དེ་ནི་གཞུང་གི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ལ་ངོས་འཛིན་བྱས་ཆོག
ཐེངས་འདིའི་ཧོང་ཀོང་མི་སེར་དང་སློབ་མའི་བཀའ་གྱེན་ལྡོག་གི་ངོ་རྔོལ་ལས་འགུལ་དེའི་འབྱུང་རྐྱེན་ནི། ད་ལོའི་ཕྱི་ཟླ ༨འི་མཇུག་ཏུ་རྒྱ་ནག་དམངས་ཆེན་གྱིས་བཞག་པའི་ཕྱི་ལོ ༢༠༡༧ ལོར་ཧོང་ཀོང་གི་སྲིད་སྐྱོང་འོས་འདེམས་ཐད་ཀྱི་གྲོས་ཆོད་དེ་རེད། ལོ ༡༧ གྱི་ཡར་སྔོན་དུ། རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ལ་མིང་དོན་མཚུངས་པའི་དམངས་གཙོའི་འདེམས་བསྐོའི་ཐོབ་ཐང་སྤྲོད་རྒྱུར་ཁས་བླངས་ཡོད་པས། དམངས་ཆེན་གྱི་གྲོས་ཆོད་དེས་ཧོང་ཀོང་བའི་དམངས་གཙོའི་འདེམས་བསྐོའི་ཐོབ་ཐང་རྩིས་མེད་དུ་བཏང་པ་རེད།
ཧོང་ཀོང་མི་དམངས་ཀྱི་ཉིན་གྲངས་མང་པོའི་རིང་གི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྤྲོ་སེམས་དང་སྲང་ལམ་བཀག་འགོག་གི་ངོ་རྒོལ་ལ་པེ་ཅིང་གིས་ཧ་ཅང་མ་དགའ་བའི་རྣམ་འགྱུར་བཏོན་འདུག ཕྱི་ཟླ ༩ ཚེས ༢༨ ཉིན་ཧོང་ཀོང་མི་མང་གིས་ངོ་རྒོལ་རྔམ་སྟོན་ཐོག་མ་དེ་སྤེལ་པ་ནས། རྒྱ་ནག་སྐམ་ས་ཆེན་པོའི་གསར་འགྱུར་སྨྱན་བྱད་རིགས་ཀྱིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐོར་ལ་ཕལ་ཆེར་མི་སྤེལ་དང་ཡང་ན་ཉུང་སྤེལ་གྱི་ངང་ཚུལ་བཟུང་ཡོད་པ་རེད། དམར་ཤོག་ཚོགས་པའི་མགྲིན་ཚབ་བརྙན་རླུང་འཕྲིན་དང་། དྲྭ་ཚུགས། ཚགས་ཤོག དུས་དེབ་སོགས་སུ་ཆེད་བརྗོད་དང་། དཔྱད་བརྗོད། དཔྱད་གཏམ། ཆེད་མཁས་པ་དང་མཁས་པའི་དཔྱད་བརྗོད་རིགས་ཀྱི“རྩོམ་ཡིག”ཁ་བ་འབབ་འབབ་ཀྱིས་ངར་སྐད་བསྒྲགས་དང་སྒྲོག་གིན་ཡོད། སྒོས་སུ་རྒྱ་ནག་གི་གཞུང་འབྲེལ་དང་དམར་ཤོག་ཚོགས་པའི་མགྲིན་ཚབ་གཙོ་གྲས་སྨྱན་བྱད་ཁག་གིས་ཧོང་ཀོང་མི་སེར་དང་སློབ་མའི་དཀའ་གྱེན་ལྡོག་གི་ཞི་རྒོལ་ལ“ཁྲིམས་འགལ་འདུ་འཛོམས” ཞེས་ངོ་བོ་ངོས་འཛིན་བྱས་ཤིང་། ངོ་བོ་ངོས་འཛིན་དང་བཤད་སྟངས་དེ་ཕྱི་ལོ ༡༩༨༩ ལོར་མི་དམངས་ཉིན་རེའི་ཚགས་པར་གྱིས ༦.༤ སློབ་མའི་ངོ་རྒོལ་ལ་ངོ་བོ་ངོས་འཛིན་བྱས་པའི“༤.༢༦”ཆེད་བརྗོད་དང་འདྲ་མཚུངས་རེད།
མི་དམངས་ཉིན་རེའི་ཚགས་པར་དཔྱད་བརྗོད་པའི་རྩོམ་ཡིག་ཏུ། དམངས་ཆེན་གྱི་ཕྱི་ཟླ ༨ ཚེས ༣༡ ཉིན་གྱི་གྲོས་ཆོད་དེ་ནི། ཧོང་ཀོང་དམིགས་བསལ་བཅའ་ཁྲིམས་གཞིར་བཟུང་ནས། ཧོང་ཀོང་སྤྱི་ཚོགས་རིགས་སོ་སོའི་མི་དམངས་ཀྱི་བསམ་འཆར་རྨང་གཞི་བྱས་ཏེ་གཏན་འབེབས་བྱས་པ་ཞིག་ཡིན། གྲོས་ཆོད་དེ་ལ་འགྲན་སློང་མི་རུང་བའི་ཁྲིམས་ཀྱི་ནུས་པ་ཡོད་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་དམིགས་བསལ་བཅའ་ཁྲིམས་གཉིས་ངོས་ལེན་ཡོད་མཁན་ཞིག་གིས་གྲོས་ཆོད་དེ་ལ་ངོས་ལེན་དང་མོས་མཐུན་ཡོད་དགོས། ཞེས་པ་དང་ཆབས་ཅིག ཀྲུང་ཧྭན༼སྲིད་གཞུང་ཡོད་པའི་ས་ཁུལ་གྱི་མིང་།༽བཙན་འཛིན་ལས་འགུལ་ནི། མངོན་སུམ་འཛེམ་མེད་ངང་ཧོང་ཀོང་གི་ཁྲིགས་ལུགས་ལ་འགལ་ཟླ་བྱས་ཤིང་། འགྲིམ་འགྲུལ་ལ་བཀག་འགོག་ཚབས་ཆེན་བྱས་པ། སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ལས་འགུལ་ཞིག་རེད། ཅེས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། དེ་བཞིན་ཞིན་ཧྭ་དྲྭ་ཚུགས་སུ་ཀྲུང་ཧྭན་བཙན་འཛིན་མཁན་ནི་ཐལ་དྲགས་པའི་ངོ་རྒོལ་ཤོག་ཁག་ཡིན་ཞིང་། དེ་ཚོ་ནི་ཧོང་ཀོང་བརྟན་བརླིང་གི་གཏོར་བཤིག་མཁན་ཡིན་པ་མ་ཟད། ཐལ་དྲགས་སྟོབས་ཤུགས་དང་ནུབ་ཕྱོགས་ངོ་རྒོལ་སྟོབས་ཤུགས་ཀྱི་ཧོང་ཀོང་གི་མགྲིན་ཚབ་རེད། ཅེས་སྐྱོན་བརྗོད་བྱས་འདུག
སྐྱོན་བརྗོད་ནི་སྐྱོན་བརྗོད་རང་རེད། སྐྱོན་བརྗོད་བྱས་པས་གནད་དོན་ཐག་གིས་མི་ཆོད།  ཁ་ཚ་དགོས་གཏུག་གི་གནོད་དོན་ནི་གང་མགྱོགས་མགྱོགས་ཀྱིས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།
པེ་ཅིང་གི་བཀའ་འཁྲོལ་མེད་པའི་ཐག་གཅོད་ཅིག་ཧོང་ཀོང་ས་གནས་གཞུང་ལ་ཡོད་མི་སྲིད།  ཡིན་ན་ཡང་། སྲིད་འཛིན་ཞི་ཅིན་ཕེང་གིས་མདུན་དུ་ལྷག་པ་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་གདམ་ཀ་དག་ཡིན། གལ་ཏེ་ཞི་ཅིན་ཕེང་གིས་འོས་མེད་སྟུན་ཐབས་བྱས་ཚེ། བོད་དང་། ཡུ་གུར། ཐེ་ཝན། ཐ་ན་ཀོང་ཏོང་སོགས་བདེ་འཇགས་མིན་པའི་ས་ཁུལ་དང་ཡུལ་གྲུ་ཁག་ལ་གཉོད་ཆུང་ནུས་མེད་ཀྱི་གོ་བརྡ་སྤྲོད་སྲིད་པས། དེ་འདྲའི་རྣམ་འགྱུར་གྱིས་ཁོང་གི་གོ་སར་འཇིགས་སྐུལ་ཐེབས་སྲིད།
Image:གལ་སྲིད་དམག་དཔུང་མངག་ནས་དྲག་གནོན་བྱས་ཚེ། ཧོང་ཀོང་ཀྲུང་ཧྭན་དེ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་མིན་ལ། དེ་རིང་དང་ཕྱི་ལོ་༡༩༨༩ལོ་གཉིས་གང་ཅིའི་ཐད་ནས་བསྡུར་ཐབས་མེད། ནང་སྒོས་སུ་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་ཅུང་ཡོད་ས་ཧོང་ཀོང་དུ་མི་དམངས་དང་སློབ་མར་དྲག་གནོན་བྱས་ཚེ། པེ་ཅིང་ལ་མཚོན་ན་དེ་ནི་གཞལ་དུ་མེད་པའི་རིན་དོད་དང་གནོན་འཚེ་ཞིག་ལས་མ་འདས། ལྷག་པར་དུ་ཐེ་ཝན་མི་དམངས་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་སེམས་གཏིང་ནས་ཡིད་ཐང་ཆད་ངེས་ཡིན།
གལ་ཏེ་པེ་ཅིང་གིས་གླེན་པ་ཨུ་ཚུགས་ཀྱིས་ལྟ་བ་མཁྲེགས་འཛིན་བྱས་ཚེ། ཧོང་ཀོང་གི་གནས་སྟངས་ཛ་ཇེ་དྲག་ཏུ་འགྲོ་རྒྱུར་གདོན་མི་ཟ།
ངོ་རྒོལ་བ་དང་ཐུག་དུས། ཞི་ཅིན་ཕེང་གི་ཚིག་མཛོད་ནང་ན“འོས་མེད་སྟུན་ཐབས”ཞེས་པའི་མིང་ཚིག་དེ་མིན་པ་དང་།  ཁོང་ནི“རྒྱ་ནག་གི་རྨི་ལམ”དུ་ངོ་རྒོལ་བར་གདན་ཐོབ་མེད་པའང་བདེན་ཡང་། ཞི་ཅིན་ཕེང་གིས་འོས་མེད་སྟུན་ཐབས་ཀྱིས་གོམ་གང་ཕྱིར་ཤིག་བརྒྱབ་ན། གཅིག་བགྱིས་ན་ད་ལྟའི་ཧོང་ཀོང་གི་གནད་དོན་སེལ་ནས་འབྱུང་འགྱུར་ཐེ་ཝན་གཅིག་གྱུར་གྱི་ལས་དོན་ལའང་ཡངས་ཞིང་རྒྱ་ཆེ་བའི་ལམ་ཆེན་ཞིག་བསྐྲུན་པ་མ་ཟད། ད་དུང་མ་བསམ་ས་ནས་ཞི་བདེ་བ་ཞེས་པའི་མཚན་སྙན་ཞིག་ཀྱང་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་གནང་མི་སྲིད་པ་མིན།
གོམ་གང་ཕྱིར་ཤིག་གི་བཤོལ་འཇགས་ཡོང་ཐབས་དེ་ནི། ཧོང་ཀོང་གི་ད་ལྟའི་སྲིད་སྐྱོང་ལཱངས་ཀྲིན་ཡིན་གནས་དབྱུང་གཏོང་རྒྱུ་དེ་རེད། ༼དོན་གྱིས་ལས་གནས་བརྗེ་སྤོ་བྱས་ནས་དེ་ལས་ལྷག་པའི་གོ་ས་ཞིག་སྤྲད་རྒྱུ་དེ་རེད༽ཧོང་ཀོང་དམིགས་བསལ་སྲིད་སྐྱོང་གནས་དབྱུང་གཏོང་རྒྱུར་པེ་ཅིང་ལ་སྔོན་དཔེ་ཡོད། ཕྱི་ལོ་༢༠༠༣ལོའི ༧.༡ ཏང་གི་སྐྱེས་སྐར་ཉིན། ཧོང་ཀོང་མི་དམངས་འབུམ་ལྔས་ཧོང་ཀོང་དམིགས་བསལ་བཅའ་ཁྲིམས་ཀྱི་ལེའུ ༢༣ པར་ངོ་རྒོལ་བྱས་རྗེས། པེ་ཅིང་གཞུང་གི་སྐབས་དེའི་སྲིད་སྐྱོང་ཏོང་ཅན་ཧྭ་བདེ་ཐང་ལ་ཁ་གཡར་ནས་གོ་གནས་བརྗེ་སྤོ་བྱས་པ་མ་ཡིན་ནམ།
སྐབས་དེར་ཏོང་ཅན་ཧྭ་ལ་ཧོང་ཀོང་མི་དམངས ༤༨% ཀྱི་རྒྱབ་སྐྱོར་ཡོད་ལ། དེ་རིང་གི་ལཱངས་ཀྲིན་ཡིན་ལ་ཧོང་ཀོང་མི་དམངས ༤༣% གྱི་རྒྱབ་སྐྱོར་ལས་མེད།
འོ་ན། ལཱངས་ཀྲིན་ཡིན་གནས་དབྱུང་བཏང་བ་ཙམ་གྱིས་ད་ལྟའི་ཧོང་ཀོང་གི་གནད་དོན་ཐག་གཅོད་ནུས་སམ་ཟེར་ན། དེ་ཙམ་གྱིས་ཐེངས་འདིའི་ཧོང་ཀོང་གི་ཆབ་སྲིད་འཇིག་ཉེན་འདི་སྐྱོབ་མི་ཐུབ། ཧོང་ཀོང་མི་དམངས་ལ་ཡོངས་ཁྱབ་འདེམས་བསྐོའི་ཐད་ཞིབ་ཕྲའི་དགོས་འདུན་མང་པོ་ཡོད། གལ་ཏེ་ཞི་ཅི་ཕེང་གིས་དམངས་ཆེན་གྱི་སྲིད་སྐྱོང་འོས་མི་གཉིས་ནས་གསུམ་གཏན་འབེབས་བྱས་རྗེས་ཧོང་ཀོང་གི་ས་གནས་འཐུས་མི ༡༢༠༠ས། འོས་མི་དེ་དག་ལས་མཐའ་མའི་སྲིད་སྐྱོང་གཅིག་གདམ་རྒྱུ་ཞེས་པའི་བྱེད་ཐབས་དེ་གཟུར་བཤོལ་བྱ་ནུས་ཚེ། དེ་ནི་ཞི་ཅིན་ཕེང་གི་ཤུགས་རྐྱེན་ཆེས་ཆུང་བའི་གདམ་ཀ་དེ་ཡིན་པར་སྙམ།
གཟུར་བཤོལ་ཆུང་ཆུང་དེ་ཧོང་ཀོང་མུ་མཐུད་ནས་རྒྱ་ནག་གི་དཔལ་འབྱོར་དངུལ་རྩའི་ལྟེ་བ་བྱེད་རྒྱུ་དང་། རྒྱ་ནག་གི་ལམ་ལུགས་མུ་ནས་མུ་རུ་རིམ་འཕེལ་བཅོས་བསྒྱུར་བྱེད་རྒྱུའི་མིག་དཔེ་མཛེས་ཤོས་དེ་རུ་གྱུར་རྒྱུར་སྨོས་མ་དགོས།
ཡིན་ན་ཡང་། གཟུར་བཤོལ་བྱས་དང་མ་བྱས། པེ་ཅིང་ལ་མཚོན་ན་ཚང་མ་ཕམ་ཁ་རེད། ཧོང་ཀོང་མི་དམངས་ལ་མཚོན་ན། ངོ་རྒོལ་ལས་འགུལ་མགོ་ཚུགས་པ་ནས་རྒྱལ་ཁ་ཐོབ་ཡོད།

Advertisements