རང་བཙན: བོད་མི་དམངས་ཀྱི་ཐོབ་ཐང་ཡིན།

ཚའོ་ཁྲང་ཆིན་གྱིས་བརྩམས།     འབྲོག་མྱིས་བསྒྱུར།

182197_10150091601396752_2315940_nབོད་དོན་ནི་ཐོག་མཐའ་བར་གསུམ་དུ་རྩོད་པ་ཅན་གྱི་གླེང་གཞི་ཞིག་ཡིན། མཚོ་འགག་གཉིས་ཀྱི་རྒྱ་ནག་སྲིད་གཞུང་དང་བཙན་བྱོལ་བོད་གཞུང་གིས་གནད་དོན་དེའི་ཐད་རྦད་དེ་མི་མཐུན་པའི་ལྟ་ཚུལ་བཟུང་ཡོད་པ་མ་ཟད། རྒྱ་མཚོ་ཕྱི་ནང་གི་རྒྱ་ནག་པའི་ཁྲོད་དུའང་དེ་ལ་ལྟ་ཚུལ་ཐ་དད་བཟུང་ཡོད། ལྟ་ཚུལ་ཐ་དད་སྣ་ཚོགས་ཤིག་ཡོད་པ་དེ་དག་གི་བྱུང་རྐྱེན་ནི། གཙོ་བོ་མི་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ཐད་ཀྱི་རྒྱུས་ལོན་ཚད་རིམ་དང་བཀོལ་སྤྱོད་བྱས་པའི་རིན་ཐང་ཚད་ཐིག་དང་རག་ལས་ཡོད། དེའི་རྐྱེན་གྱིས། བོད་ཀྱི་གནད་དོན་གླེང་སློང་སྐབས་སུ། བོད་ཀྱི་ལོ་རྒྱུས་ངོ་མ་དང་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཙམ་གྱིས་མ་ཚད། མིའི་རང་དབང་འདུ་ཤེས་དང་རྒྱལ་ཁབ་གཅིག་གྱུར། མི་རྣམས་ཀྱིས་ཐོབ་ཐང་དང་རྒྱལ་ཁབ་ཀྱི་ངོ་བོ་འདམ་སྒྲུག དེ་བཞིན་དུ་མི་རིགས་རང་ཐག་རང་གཅོད་སོགས་གལ་གནད་ཅན་གྱི་རིན་ཐང་གི་མཚན་ཉིད་དང་འགལ་ཟླར་བསམ་བློ་ཡང་བསྐྱར་གཏོང་རྒྱུར་ང་ཚོར་སྐུལ་འདེད་བྱས་ཡོད། རིན་ཐང་འདི་དག་དོར་ལེན་ཇི་ལྟར་བྱ་རྒྱུ་དེ་རྒྱ་ནག་པ་ཚོ་རང་དབང་དང་དམངས་གཙོར་ཕྱོགས་པའི་འཕེལ་རིམ་ལ་ཐད་ཀར་འབྲེལ་བ་ཡོད།

གཅིག བོད་ཀྱི་དངོས་བྱུང་ལོ་རྒྱུས།

མཚོ་འགག་གཉིས་ན་ཡོད་པའི་ཐེ་ཝན་ཀོ་མིན་ཏང་གཞུང་དང་རྒྱ་ནག་དམར་པོའི་གཞུང་གཉིས་ཀས་བོད་ནི་རྒྱ་ནག་མངའ་ཁོངས་དང་ཁ་བྲལ་ཐབས་མེད་པའི་ཆ་ཤོས་ཤིག་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་མོད། འོན་ཀྱང་། བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ཐད་ཀྱི་ལྟ་ཚུལ་དེ་ལྟ་མིན་ལ། བོད་ནི་ལོ་རྒྱུས་སུ་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གྱིས་དེ་ལ་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས། ཕྱི་ལོ་༡༩༥༠འི་ལོར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་ནས་བོད་དེ་ཞིང་བྲན་ལམ་ལུགས་ཀྱི་བཅིངས་པ་ལ་བཀྲོལ་རྗེས། བོད་ཁུལ་དུ་ཡར་རྒྱས་དང་དར་རྒྱས་ཆེན་པོ་ཕྱིན་ཡོད་པར་ངོས་འཛིན་བྱས་ཡོད་ལ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཧྲིལ་བོ་བཙན་འཛིན་བྱས་རྗེས། བོད་མི་རྣམས་ལ་གཉའ་གནོན་བཤུ་གཞོག་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤུ་རྩེ་ཙམ་ཡང་མེད་པ་ངོས་འཛིན་གྱིས་སྐྱོན་བརྗོད་བྱས་དང་བྱེད་ཀྱིན་ཡོད།

རྦད་དེ་ལྡོག་ཕྱོགས་ཡིན་པའི་ལྟ་ཚུལ་དེ་གཉིས་ལས། གང་དངོས་ཡོད་བདེན་པ་དང་བར་ཐག་ཅུང་ཉེའམ།

 

༡༽བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་སྤྱི་ཁོག

ང་ཚོས་ལོ་རྒྱུས་དེབ་ཐེར་དུ་བོད་དང་རྒྱ་ནག་གི་ཐང་དང་། སོན། ཡོན། མེན། ཆིན་བཅས་རྒྱལ་རབས་འདི་ལྔ་བོའི་འབྲེལ་བར་ལྟ་ཞིབ་ཐེངས་ཤིག་བྱེད་དང་།

ནུབ་ལོའི་སྔོན་གྱི་༡༢༧ལོར། ཧྭན་རྒྱལ་རབས་ཚུགས་པའི་དུས་མཉམ་དུ། གངས་ཅན་བོད་ཡུལ་དུའང་རྒྱལ་བོ་ཐོག་མ་སྟེ་གཉའ་ཁྲི་བཙན་པོ་གསེར་ཁྲི་མངའ་གསོལ་གནང་ཡོད་པ་དང་། དེའི་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མ་ནི་སྡེ་ཤོག་བར་དབང་ཤུགས་འཕྲོག་རྩོད་གྱི་ནང་འཁྲུག་ལོ་རྒྱུས་ཡིན།

རྒྱ་ནག་གི་ཐང་རྒྱལ་རབས་སྐབས། བོད་བཙན་པོའི་རྒྱལ་ཁབ་དེ་སྟོབས་དང་མངའ་ཐང་རྒྱས་པ་དང་། ནུབ་ལོའི་དུས་རབས་བདུན་པར། བཙན་པོ་སྲོང་བཙན་སྒམ་པོས་ཕྱོགས་བཞིའི་སྡེ་ཤོག་ཆམ་ལ་ཕབ་ནས་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་མ་ཟད། ད་དུང་མངའ་ཁོངས་རྒྱ་བསྐྱེད་ཀྱང་བྱེད་ཐུབ་ཡོད། ཐང་རྒྱལ་པོས་སྲས་མོ་འུན་ཤིང་ཀོང་ཇོ་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོར་བཙུན་མོར་ཕུལ་ནས་རྒྱལ་ཁབ་གཉིས་བར་འགྲིག་མཐུན་ཞི་འཇགས་ཡོད་ཐབས་བྱས། བོད་དམག་གིས་སྐབས་ཤིག་ལ་རྒྱལ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ཡང༼ད་ལྟའི་ཞི་ཨན༽བཙན་འཛིན་བྱས་པ་རེད།

རྒྱ་ནག་སོན་རྒྱལ་རབས་ཀྱི་དུས་མཇུག་ཏུ། བོད་ཀྱང་སོན་རྒྱལ་རབས་ནང་བཞིན་དམག་སྟོབས་ཤིན་ཏུ་ཆེ་བའི་ཧོར་གྱི་རྒྱལ་པོ་ཇིང་གིར་རྒྱལ་པོས་དབང་ལ་བསྡུས་ཤིང་། ཆེན་པོ་ཧོར་གྱིས་སོན་རྒྱལ་རབས་རྩ་རྫོགས་ཀྱིས་རྒྱ་ནག་ཀྲུང་ཡོན་དུ་ཡོན་རྒྱལ་རབས་གསར་དུ་བཙུགས་ཏེ་པེ་ཅིང་རྒྱལ་སར་གཏན་ཁེལ་བྱས་པ་རེད། ཡིན་ན་ཡང་། བོད་དུ་ཡོན་རྒྱལ་རབས་འཛུགས་མཁན་ཧུ་པི་ལེས་སི་ཆིན་ཧན་ཀྱིས་ས་སྐྱ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ཆེན་པོ་ཧོར་གྱི་གུ་ཤྲི་དང་རྒྱལ་པོའི་ཏི་ཤྲིའམ་དབུ་བླའི་གོ་ས་ཕུལ་ནས་གུས་བཀུར་བྱས་པ་མ་ཟད། བོད་ཁྲི་སྐོར་བཅུ་གསུམ་སྟེ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཀྱང་ཕུལ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱིས་དབང་གི་བདག་པོར་བསྐོས།

དེ་བས་ན། ཆེན་པོ་ཧོར་གྱིས་ཐད་ཀར་བོད་ཡུལ་ལ་དབང་བསྒྱུར་བྱས་མྱོང་མེད།

ཧོར་བཙན་རྒྱལ་ཉམས་དམས་སུ་ཕྱིན་རྗེས། བོད་དང་མེན་རྒྱལ་རབས་གཉིས་བར་ཕལ་ཆེར་འབྲེལ་བ་བྱུང་མེད།

རྒྱ་ནག་ཆིན་རྒྱལ་རབས་སྐབས། བོད་དང་ཆིན་རྒྱ་རབས་ཀྱི་འབྲེལ་བ་གཞི་རྩའི་ཆ་ནས་མཛའ་མཐུན་རེད། ཆིན་རྒྱལ་རབས་ཀྱི་དམག་དཔུང་ཏཱ་ལའི་བླ་མའི་རོགས་སྐྱོར་རེ་འདུན་བཞིན་ཐེབས་བཞི་ལ་བོད་དུ་སོང་ནས་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་ནང་གི་ཟིང་འཁྲུག་རིགས་ཞོད་བཇགས་བྱས་ཡོད། ཆིན་གཞུང་གིས་ལས་འགན་འགྲུབ་རྗེས་དམག་དཔུང་མྱུར་བར་ཕྱིར་འཐེན་བྱས་འདུག

ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ། བོད་ལ་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་ཡོ་རབ་དབྱིན་ཇི་གཉིས་ཀྱིས་བཙན་འཛུལ་བྱས་པ་དང་། ཕྱི་ལོ་༡༩༠༩༠ལོར། ཆིན་རྒྱལ་རབས་ཀྱི་ཀོང་ཞིའུ་རྒྱལ་བོ་དང་རྒྱལ་མོ་ཚཱི་ཞི་གཉིས་སྔ་རྗེས་སུ་གྲོངས་རྗེས། ཆིན་དམག་གིས་བོད་ཀྱི་རྒྱལ་ས་ལྷ་སར་དཔུང་འཇུག་གིས་བོད་བཙན་འཛིན་བྱས། ལོ་གཉིས་ཀྱི་རྗེས་སུ། རྒྱ་ནག་ནང་ཁུལ་དུ་ལྕགས་ཕག་ལོ་གསར་བརྗེ་བསླངས་ཤིང་། བོད་བསྡོད་ཆིན་དམག་ནང་ཁུལ་དུ་“རྒྱལ་བོ་སྐྱོབ་སྲུང”དང“ སྤྱི་མཐུན”ཕྱོགས་ཁག་གཉིས་སུ་གས་ནས་ནང་འཁྲུག་ལངས། བོད་མིས་གོ་སྐབས་དེ་དམ་འཛིན་གྱིས་གྱེན་ལངས་བྱས་ནས་ཆིན་དམག་ཕམ་པར་བརྒྱབས་པ་དང་། དེ་ནས་ཕྱི་ལོ་༡༩༡༣ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་མོས་བོད་རང་བཙན་གྱི་གནས་བབ་ཡང་བསྐྱར་འཛམ་གླིང་ཡོངས་ལ་བསྒྲགས།

ཕྱི་ལོ༡༩༥༠ལོའི་མགོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་དཔུང་འཇུག་བྱས་ཤིང་། དམག་དཔུང་ཆེན་པོས་མཐའ་མཚམས་མནན་ནས་དྲག་པོའི་འཇིགས་སྐུལ་འོག བོད་གཞུང་གིས་སྐུ་ཚབ་ཚོགས་པ་ཞིག་ཆེད་དུ་པེ་ཅིང་ལ་མངག་ནས་ཞི་འགྲིག་ཡོང་ཐབས་སུ་འབད། ཞི་དྲག་མཉམ་བསྡོངས་ཀྱི་འཇིགས་སྐུལ་འོག་བོད་གཞུང་དགའ་ལྡན་ཕོ་བྲང་ཐབས་ཟད་འུ་ཐུག་ནས་པེ་ཅིང་སྲིད་གཞུང་དང་མཉམ་དུ“དོན་ཚན་༡༧”ཞེས་པའི་གྲོས་མཐུན་ཆིངས་ཡིག་བཞག ཆིངས་ཡིག་གི་ནང་དོན་གཙོ་བོ་ནི། བོད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་རྒྱུར་པེ་ཅིང་གིས་ཁས་ལེན་བྱས་པ་དང་། ལྷ་སས་བཅིངས་འགྲོལ་དམག་ཞི་བདེའི་ངང་བོད་དུ་ཡོང་རྒྱུར་བཀག་འགོག་མི་བྱེད་རྒྱུར་ཁས་ལེན་བྱས་འདུག འོན་ཀྱང་། རྒྱ་དམག་བོད་དུ་ཡོང་ནས་ཅུང་མ་འགོར་བར། རྒྱ་ནག་དེང་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་སྟབས། བོད་མི་རྣམས་ཀྱིས་དེར་མོས་མཐུན་རྩ་བ་ནས་བྱས་མེད་ལ་མི་དགའ་བའི་རྣམ་འགྱུར་ཉིན་རེ་ནས་ཉིན་རེར་ཇེ་དྲག་ཏུ་སོང་ཞིང་། ཕྱི་ལོ་༡༩༥༩ལོར་བོད་མིས་ལྷ་ས་རུ་ཞི་བའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དང་། རྒྱ་ནག་དེང་གཞུང་གིས་དེ་ལ“ངོ་ལོག་གྱེན་ལངས”ཞེས་ཉེས་མིང་བཏགས་ཏེ་ཚད་ལྡན་དམག་དཔུང་གིས་དྲག་གནོན་བྱས་ཤིང་། དེའི་རྐྱེན་གྱིས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་དང་བོད་མི་འབུམ་གཅིག་ཙམ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས། རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་བཙན་བྱོལ་བོད་གཞུང་བཙུགས།

 

༢༽ཐེ་ཝན་གོ་མིན་ཏང་གཞུང་དང་རྒྱ་ནག་དམར་ཤོག་གཞུང་གཉིས་ཀས་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བརྗོད་པའི་ལོ་རྒྱུས་ཀྱི་ཁུངས་ལུང་དང་སྐྱོན་ཆ།

དེང་སང་། ཐེ་ཝན་གོ་མིན་ཏང་གཞུང་དང་རྒྱ་ནག་དམར་ཤོག་གཞུང་གཉིས་ཀས་བོད་ནི“གནའ་ནས་བཟུང”རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བརྗོད་ཀྱིན་ཡོད། དེ་ལ་ཁུངས་ལུང་ལྔ་གཙོ་བོར་འཛིན་གྱིན་འདུག

༡༽ རྒྱ་ནག་གི་ཐང་རྒྱལ་རབས་སྐབས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་འིན་ཤིང་ཀོང་ཇོ་བཙུན་མོར་བཞེས་པ་དང་། རྗེས་སུ་འུན་ཤིང་ཀོང་ཇོར་དབང་ཤུགས་ཆེན་པོ་ཡོད་པ།

༢༽རྒྱ་ནག་ཡོན་རྒྱལ་རབས་སྐབས། བོད་ཀྱང་ཧོར་བཙན་རྒྱལ་གྱི་ཁོངས་སུ་བཅུགས་པས་ཡོན་རྒྱལ་རབས་ཀྱི་ཁོངས་སུ་གཏོགས་པ།

༣༽ཆིན་རྒྱལ་རབས་སྐབས་སུ། ཆིན་དམག་ཐེངས་མང་པོར་བོད་དུ་སོང་ནས་བོད་ཁུལ་སྲུང་སྐྱོབ་བྱས་པ།

༤༽༧རྒྱལ་དབང་ལྔ་བ་ཆེན་མོའི་མཚན་གནས་ནི་གོང་མ་ཆིན་རྒྱལ་པོས་གནང་བ།

༥༽དེ་སྔོན་ཅིང་ཅེ་ཧྲིའི་གོ་མིན་ཏང་དབུས་གཞུང་གིས་བོད་སོག་ལྷན་ཁང་གི་ཚོགས་མི་བཱའོ་ཀྲུང་ཞིན་ཆེད་དུ་ལྷ་སར་མངག་ནས་༧རྒྱལ་དབང་བཅུ་བཞི་བ་ཆེན་མོའི་ཁྲི་སྟོན་མཛད་སྒོ་གཙོ་སྐྱོང་གནང་བ། བཅས་རེད།

ལོ་རྒྱུས་ཡིག་ཆ་དང་རྒྱུན་ཤེས་ཀྱི་ཆ་ནས་གཞིགས་ན། ཁུངས་ལུང་ལྔ་པོ་དེ་ལ་རང་ཁུངས་རང་སྐྱེལ་གྱི་ནུས་པ་མི་ལྡན།

༡༽བོད་ཀྱི་རྒྱལ་པོ་བཙན་པོ་སྲོང་བཙན་སྒམ་པོས་ཐང་རྒྱལ་པོའི་སྲས་མོ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་པ་ནི། ཐང་རྒྱལ་རབས་ཀྱིས་གཉེན་སྒྲིག་ཉེ་ཚན་གྱི་འབྲེལ་བ་བརྒྱུད་རྒྱལ་ཁབ་གཉིས་ཞི་འགྲིག་འགྲོ་རྒྱུར་དམིགས་པ་ཤ་སྟག་རེད། དེ་རིང་གི་མིས་ལོ་ངོ་༡༤༠༠འི་སྔོན་དུ་བྱུང་བའི་ཐང་རྒྱལ་རབས་ཀྱིས་རྒྱལ་བོའི་སྲས་མོ་བོད་ཀྱི་རྒྱལ་བོར་བཙུན་མོར་བརྫངས་པའི་ལོ་རྒྱུས་དེ་བོད་དེ་གནའ་སྔ་མོའི་ནས་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྒྲུབ་བྱེད་བྱས་ན། དེ་ནི་འདོ་མེད་ཆོ་མེད་ཀྱི་ཧ་ཅང་དགོད་བྲོ་བའི་ཁུངས་ལུང་ཞིག་ལས་མ་འདས།

༢༽ཇིང་གིར་རྒྱལ་པོའི་སྐྱ་དམག་གིས་རྒྱ་ནག་ཆམ་ལ་ཕབ་ནས་ཀྲུང་ཡོན་ཡུལ་དབུས་སུ་ཡོན་རྒྱལ་རབས་བཙུགས་པ་རེད། ཆེན་པོ་ཧོར་གྱིས་རྒྱ་ནག་པ་འཚོ་གནས་བྱེད་སའི་ས་ཁུལ་དུ་སྲིད་དབང་གསར་ཏུ་བཙུགས་སྟབས། རྒྱ་ནག་པས་ཡོན་རྒྱལ་རབས་དེ་རྒྱ་ནག་གི་ལོ་རྒྱུས་སུ་རྒྱལ་རབས་གཅིག་ལ་ངོས་འཛིན་བྱས་ཡོད་པ་རེད། དེ་མཚུངས་ཀྱིས་བོད་ཀྱང་ཇིང་གིར་རྒྱལ་པོའི་སྐྱ་དམག་གིས་བཙན་འཛིན་བྱས་པར་བརྟེན། ཆེན་པོ་ཧོར་གྱི་ཆ་ཤས་ཤིག་ཏུ་གྱུར་པ་དང་། རྒྱུ་མཚན་དེའི་དབང་གིས། བོད་ནི་ཡོན་རྒྱལ་རབས་སམ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་ཡོད་པ་དེ་ནི་གནས་ལུགས་དང་མི་མཐུན་ཞིང་། སྲིད་ལུགས་འགྲོ་ལུགས་དང་ཡང་མི་མཐུན་པ་ཞིག་རེད། གལ་སྲིད་གནས་ལུགས་དེ་མཐུན་པའི་དབང་དུ་སོང་ཚེ། ཇིང་གིར་རྒྱལ་པོའི་བུ་རབས་ཚ་རྒྱུད་ཚོས་ཁོང་ཚོའི་མེས་པོས་རྒྱ་ནག་དང་། བོད། ཨུ་རུ་སིའི་ས་ཁུལ་ཁག་ཅིག་ལ་དབང་བསྒྱུར་བྱས་མྱོང་ཡོད་པས། ས་ཁུལ་དེ་དག་གི་བདག་དབང་ཁོང་ཚོར་དབང་ལུགས་དེ་རིང་བཤད་ཆོག དེ་ལྟ་ན། དེ་རིང་གི་རྒྱ་ནག་གི་བདག་དབང་སོག་པོ་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པ་རེད། གཏན་ཚིགས་དེ་ལྟ་ན། ད་ལྟའི་ཝེ་ཐི་ནམ་དང་། བྱང་ཁོ་རེ་ཡ་སོགས་ཀྱང་རྒྱ་ནག་གི་མངའ་ཁོངས་ཡིན་དགོས། རྒྱུ་མཚན་ནི་དེ་སྔོན་ས་ཁུལ་དེ་དག་ཀྱང་རྒྱ་ནག་གིས་དབང་བསྒྱུར་བྱས་མྱོང་བས་སོ། ལྟོས་དང། གཏན་ཚིགས་འདིའི་རིགས་ཆོས་ཉིད་དང་མི་མཐུན་པ་གསལ་བོ་རེད།

༣༽ ཆིན་དམག་ཐེངས་མང་པོར་བོད་དུ་རྒྱབ་རོགས་ཆེད་ཡོང་ནས་ཟིང་འཁྲུག་བདེ་འཁོད་དང་ཕྱི་དགྲར་འགོག་རྒོལ་བྱས་པ་རེད། ཡིན་ན་ཡང་རོགས་སྐྱོར་བྱས་པ་ཙམ་གྱིས་ཆིན་རྒྱལ་རབས་ལ་བོད་ཐད་བདག་དབང་ཡོད་པས་མི་ཁྱབ། གལ་ཏེ་འདི་ལྟ་བུའི་གནས་ལུགས་ཀྱང་གྲུབ་པའི་དབང་དུ་སོང་ཚེ། ལོ་ཤས་སྔོན་ཨ་མེ་རི་ཀས་ཁཱི་བེ་ཊིར་ལ་དམག་རོགས་བྱས་ཏེ་ཨེ་རག་གི་བཙན་འཛུལ་ཕམ་པར་བརྒྱབས་པ་རེད། འོ་ན། ཁཱི་བེ་ཊིར་གྱི་རྒྱལ་ཁབ་ཀྱི་བདག་དབང་ཨ་མེ་རི་ཀར་ཡོད་པ་རེད་དམ། དེ་བཞིན་དུ་ཨ་མེ་རི་ཀས་གཙོས་མཉམ་འབྲེལ་དམག་དཔུང་ཧེ་ཊེར་སོང་ནས་དམག་གིས་མགོ་རྟིང་སློག་པའི་གཞུང་དམངས་གཉིས་ཀར་རོགས་རམ་དང་ཆབས་ཅིག མི་དམངས་ཀྱིས་གདམས་པའི་སྲིད་འཛིན་ཡང་བསྐྱར་སྲིད་འཛིན་གྱི་གོ་སར་བཞག་ནས་བདེན་པར་སྲུང་སྐྱོབ་བྱས་པ་རེད། གོང་ཞུས་གནས་ལུགས་ལྟར་ན་དུས་དེ་ནས་བཟུང་ཧེ་ཊེར་གྱི་རྒྱལ་ཁབ་བདག་དབང་ཨ་མེ་རི་ཀར་ཡོད་པ་རེད་དམ།

༤༽རྒྱལ་དབང་ལྔ་བ་ཆེན་མོར་ཆིན་གོང་མ་ཧྲོན་ཀྲུ་རྒྱལ་བོས་མཚན་ཐོབ་ཅིག་གནང་བ་ཙམ་གྱིས་བོད་དེ་ཆིན་རྒྱལ་རབས་ཀྱི་ཁོངས་གཏོགས་ཡིན་ཚུལ་དཔང་རྟགས་བྱེད་སྲོལ་དེའང་དངོས་ཡོད་ལོ་རྒྱུས་དང་གཏན་ནས་མི་མཐུན།

རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་རྗེས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་དཔང་གྲགས་གཅིག་ནི་སྐུ་ཞབས་ཡཱ་ཧན་ཀྲང་ཡིན། ཡཱ་ཧན་ཀྲང་གིས༼ཏཱ་ལའི་བླ་མའི་རྣམ་ཐར༽རྩོམ་བསྒྲིགས་བྱས་ཡོད། དེབ་དེའི་གླེང་གཞི་རུ་ཁོང་གིས་འདི་ལྟར་བྲིས་ཡོད། འཐབ་རྩོད་ཀྱི་དགོས་དབང་ལྟར། རྩ་འཛུགས་ཀྱིས་ང་ལ་བོད་ཀྱི་ལོ་རྒྱུས་སྐོར་གྱི་དེབ་ཅིག་འབྲི་དགོས་པའི་བཀའ་རྒྱ་ཕབ། བོད་ཀྱི་ལོ་རྒྱུས་སྐོར་གྱི་དེབ་དེར་ནུས་པ་གཉིས་ལྡན་དགོས་ཤིང་། གཅིག་ནི་ངོ་ལོགས་པའི་དཀྲོག་གཏམ་འཆལ་གཏམ་ལ་འགག་པ་སུན་འབྱིན་དང་། གཞན་ཞིག་ནི་རྒྱ་ཆེའི་བོད་མང་ཚོགས་ལ་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་དེ་གཉིས་ཡིན། [1]ཞེས་བྲིས་འདུག

ལོ་རྒྱུས་སུ་ཅི་བྱུང་དེ་འབྲི་དང་ལོ་རྒྱུས་ཀྱི་དངོས་ཡོད་ལ་གུས་བཀུར་བྱེད་རྒྱུ་ནི་ལོ་རྒྱུས་སྨྲ་བའི་བསྲུང་བྱ་ཡིན། ཡིན་ན་ཡང་། ཡཱ་ཧན་ཀྲང་གིས་བོད་ཀྱི་ལོ་རྒྱུས་འབྲི་དུས་ཀྱི་བསྲུང་བྱ་ནི་གོང་གི་བཀའ་དགོངས་དང་ཆབ་སྲིད་ཀྱི་དགོས་དབང་ཡིན། དེ་འདྲ་ཡིན་ཡང་ཁོང་གི་དེབ་དེའི་ནང་ཏཱ་ལའི་བླ་མའི་མཚན་ཐོབ་དེ་ཆིན་གོང་མས་གསོལ་བ་མིན་པར། དེ་ནི་མེང་རྒྱལ་རབས་ཀྱི་ཧྲུན་ཙུན་ཁྲི་ལོ་བརྒྱད་པར། མཚོ་སྔོན་གྱི་སོག་པོའི་རྒྱལ་བོ་ཨལ་ཐན་གྱིས་བོད་ཀྱི་དགེ་ལུགས་པའི་བླ་མ་བསོད་ནམས་རྒྱ་མཚོར་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་ཞིང་།[2] ཏཱ་ལའི་ཞེས་པ་ནི་སོག་སྐད་ཡིན་ཞིང་། བོད་སྐད་དུ་རྒྱ་མཚོ་ཞེས་པའི་དོན་དུ་འཇུག བླ་མ་ནི་བོད་སྐད་དེ་དགེ་རྒན་གྱི་དོན་རེད། དུས་དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་ཐོབ་དེ་བྱུང་ཞིང་། རྗེས་སུ་དགེ་འདུན་གྲུབ་པ་དང་། དགེ་འདུན་རྒྱ་མཚོ་སོ་སོར་ཡང་ཏཱ་ལའི་བླ་མའི་སྐུ་ཕྲེང་དང་པོ་དང་། གཉིས་པའི་མཚན་དེ་གསོལ་བ་དང་། བསོད་ནམས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པར་ངོས་འཛིན་བྱས། དུས་དེ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་མཚན་ཐོབ་དེ་གསོལ་བ་རེད།[3] ཅེས་བྲིས་འདུག

ཆིན་རྒྱལ་བོས་རྒྱལ་དབང་ལྔ་བ་ཆེན་པོ་མཆོག་ལ་ཡིག་འབྲི ༢༤ཅན་གྱི་ཆེ་བསྟོད་ཀྱི་མཚན་ཐོབ་ཞིག་བསྩལ་བ་དང་། དེ་བཞིན་དུ་ཏཱ་ལའི་བླ་མས་ཀྱང་ཆིན་རྒྱལ་བོར་ཆེ་བསྟོད་ཀྱི་མཚན་ཐོབ་མོད་པོ་ཞིག་བསྩལ་གནང་ཡོད་[4]པས། དེ་ལྟ་བུའི་ཕན་ཚུལ་ལ་ཆེ་བསྟོད་མཚན་ཐོབ་ཕུལ་སྲོལ་དེ་ནི་མཛའ་མཐུན་མཚོན་པའི་རྣམ་པ་ཙམ་ལས་གཅིག་ཁོངས་གཅིག་གཏོགས་ཀྱི་འབྲེལ་བ་གཏན་ནས་མེད།

༥༽ལྕགས་ཕག་ལོའི་གསར་བརྗེ་ནས་ཕྱི་ལོ ༡༩༥༠ ལོའི་བར་གྱི་ལོ་ངོ ༤༠ ཙམ་གྱི་རིང་། བོད་ནི་རང་དབང་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་རེད། དུས་སྐབས་དེའི་རིང་། ༧གོང་ས་བཅུ་གསུམ་པ་ཆེན་མོ་དགོངས་པ་རྫོགས་པ་དང་། དགུང་ལོ་གཞོན་པའི་༧གོང་ས་བཅུ་བཞི་བ་ཆེན་མོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བསྐོས་པ་སོགས་སྲིད་དབང་བརྗེ་སྤོ་ཡི་སྐབས་ཤིག་ཏུ་ཁེལ་ཡོད་མོད། འོན་ཀྱང་། བོད་གཞུང་དམངས་གཉིས་ཀས་ཇང་ཇེ་ཧྲིས་དབུ་ཁྲིད་པའི་གོ་མེན་ཏང་གཞུང་གིས་བཏོན་པའི་བོད་དེ་རྒྱ་ནག་གི་ཁོངས་སུ་གཏོགས་དགོས་པ་དང་། རྒྱ་ནག་པའི་དབང་བསྒྱུར་གྱི་ཁོངས་གཏོགས་ཡིན་དགོས་པའི་རེ་འདུན་ལ་རྩ་བ་ནས་ཁས་ལེན་བྱས་མེད། པེ་ཅིང་གི་ཀྲུང་གོ་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་ལོ་རྒྱུས་ཡིག་ཚགས་ཨང་གཉིས་པས་མཉམ་འབྲེལ་གྱིས་རྩོམ་སྒྲིག་བྱས་པའི༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་མཆོད་འབུལ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གསེར་ཁྲི་མངའ་གསོལ་ཡིག་ཚགས་གཅེས་བཏུས༽( གཤམ་དུ         “གཅེས་བཏུས ”ཟེར་རྒྱུ།)ཞེས་པའི་དེབ་ནང་། སྐབས་དེའི་གོ་མིན་ཏང་གཞུང་གི་དོན་དག་དེའི་ཐད་ཀྱི་གཞུང་ཡིག་དང་གློག་འཕྲིན་སོགས ༤༧༨ [5]འཚོལ་བསྡུ་ཕྱོགས་བསྒྲིགས་བྱས་ཡོད། ངས་ཡིག་ཆ་དེ་ཚང་མ་ནན་ཏན་གྱིས་བཀླགས་པ་ཡིན། བོད་གཞུང་དམངས་གཉིས་ཀས་བོད་དེ་རྒྱ་ནག་གི་ཁོངས་གཏོགས་དབང་བསྒྱུར་བྱེད་རྒྱུར་རྩ་བ་ཉིད་ནས་ཁས་ལེན་བྱས་མི་འདུག

ཐེ་ཝན་གོ་མིན་ཏང་གཞུང་དང་རྒྱ་ནག་དམར་ཤོག་གཞུང་གཉིས་ཀས་དེ་སྔོན་རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་གིས་དམིགས་བསལ་སྐུ་ཚང་བཱའུ་ཀྲུང་ཞིན་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་དུ་མངགས་ནས། དབུས་གཞུང་གི་སྐུ་ཚབ་ཀྱི་ངོ་བོས་ཡང་སྲིད་ལ “གཟིགས་ཞིབ་དང་ངོས་འཛིན”བྱས་པ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ“གཙོ་སྐྱོང”གནང་ལུགས་བཤད་ཀྱིན་ཡོད། དེ་ལྟར་གང་ཐུབ་ཀྱིས་བསྒྲུབས་དགོས་དོན་ཡང་བོད་ཀྱི་འབྲེལ་གཏོགས་གོ་ས་བདེན་དཔང་བྱེད་ཆེད་ཡིན།

ཡིན་ན་ཡང་། “གཅེས་བཏུས”ཞེས་པའི་དེབ་དེའི་ནང་བཀོད་པའི་བཱའུ་ཀྲུང་ཞིན་གྱི་ལྷ་ས་ནས་ཇང་ཇེ་ཧྲི་བར་གྱི་ཕར་གཏོང་ཚུར་འབྱོར་གྱི་འཕྲིན་ཡིག་ལས་ཤེས་ཐུབ་པ་ཞིག་ནི། རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་ལ་ངོ་སོ་ཡོད་སླད་བོད་མས་བཱའུ་ཀྲུང་ཞིན་ཡང་སྲིད་ལ་མཇལ་རྒྱུ་དང་། གསེར་ཁྲི་མངའ་གསོལ་གྱི་མཛད་སྒོར་ཞུགས་རྒྱུར་བཀག་འགོག་བྱས་མི་འདུག ཡིན་ན་ཡང་། བཱའུ་ཀྲུང་ཞིན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཡང་སྲིད་ངོས་འཛིན་དང་ཟློག་དབང་སོགས་ཅི་ཡང་མེད་པ་གསལ་བོ་རེད། ཡཱ་ཧན་ཀྲང་གིས༼ཏཱ་ལའི་བླ་མའི་རྣམ་ཐར༽དུ་ཡང་འདི་ལྟ་བྲིས་འདུག “གཟིགས་ཞིབ” ཅེས་པ་ནི། རྒྱལ་དམངས་གཞུང་གི་ངོ་སོ་ཅུང་ཞིག་གསོ་ཆེད་ཡིན་ལ། དོན་དངོས་སུ་ཟློག་དབང་མེད།[6] ཅེས་དང་། གསེར་ཁྲི་མངས་གསོལ་མཛད་སྒོའི་སྟེང་རྩོད་གླེང་བྱུང་ཡོད་པ་དང་། རྩོད་གླེང་གི་འབྱུང་རྐྱེན་ནི་བཱའུ་ཀྲུང་ཞིན་ཀྱི་འདུག་སྟེགས་མི་མཐོང་སའི་གྲལ་མཐའ་ཞིག་ཏུ་བཀོད་སྒྲིག་བྱས་ཡོད་པས་ཡིན། རྩོད་མོལ་གྱི་རྗེས་སུ་བཱའུ་ཀྲུང་ཞིན་ལ་ཆིན་གོང་མིའི་བོད་སྡོད་ཨམ་བན་གྱི་བཞུགས་ཁྲི་དང་ཆ་འདྲ་བོ་ཞིག་བཀོད་སྒྲིག་བྱས་འདུག ཡཱ་ཧན་ཀྲང་གིས། “གྲལ་རིམ” གྱི་གནད་དོན་ཞེས་པ་དེ་ཡང་། རྒྱལ་ནག་མི་སེར་གཞུང་གི་ངོ་སོ་ཅུང་གསོ་བའི་དོན་ལས་མ་འདས། དེ་ལས་གསལ་བ་ཞིག་ནི་བཱའུ་ཀྲུང་ཞིན་གྱི་གོ་ཐོབ་དེ་བོད་སྡོད་ཨམ་བན་ལས་མཐོ་བ་མིན་ལ་དེ་རེད། ཅེས་བྲིས་འདུག[7] རྒྱ་ནག་དམར་གཞུང་གིས་བྲིས་བའི་ལོ་རྒྱུས་སུ་གསལ་བ་ཇི་བཞིན། བཱའུ་ཀྲུང་ཞིན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་“གཙོ་སྐྱོང”གནང་མེད།

དེ་དུས་སུ། རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་གི་ཚགས་ཤོག་སྟེང་བཱའུ་ཀྲུང་ཞིན་དང་ཏཱ་ལའི་བླ་མ་མཉམ་དུ་ཡོད་པའི་པར་ཞིག་བཏོན་ནས་བཱའུ་ཀྲུང་ཞིན་གྱིས་ཏཱ་ལའི་བླ་མའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་གནང་ལུགས་བདེན་དཔང་བྱེད་སྤྱད་བྱས་འདུག འོན་ཀྱང་། ད་ལྟ་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱིས༼བོད་ལྗོངས་ཉིན་རེའི་ཚགས་པར༽སྟེང་། པར་དེ་ནི་གསེར་ཁྲི་མངའ་གསོལ་གྲུབ་པའི་ཉིན་ཤས་རྗེས། བཱའུ་ཀྲུང་ཞིན་༧གོང་ས་༧རྒྱལ་བ་རིན་པོ་ཆེར་མཇལ་བ་ཞུས་དུས་བསྒྲོན་པ་རེད།[8] ཅེས་གསལ་བཤད་བྱས་འདུག

བདག་གིས“གཅེས་བཏུས”ནང་གི་ཡིག་ཆ་དག་ཞིབ་ཀློག་བྱེད་དུས་སུ། ཡིག་ཆ་མོད་པོའི་ཁྲོད་ཀྱི་གློག་འཕྲིན་གཉིས་ཀྱིས་དེ་བདེན་དཔང་བྱེད་ནུས་པར་སེམས། དཔེར་ན། གཞུང་ཡིག་ཨང ༤༣༩ པ་ནི། རྒྱ་ནག་མི་སེར་རྒྱལ་ཁབ་གཞུང་གི་དབུས་དྲིལ་བསྒྲགས་ལྷན་ཁང་གི་བློན་ཆེན་གཞོན་པ་ཏོན་ཞན་ཀོང་གིས་ལྷ་ས་ན་ཡོད་པའི་བཱའུ་ཀྲུང་ཞིན་ལ་སྤྲིངས་པའི་གློག་འཕྲིན་རེད། གློག་འཕྲིན་དེའི་ནང་། ཨ་མེ་རི་ཀའི༼མཉམ་འབྲེལ་གསར་ལས་ཁང༽གིས་ཏཱ་ལའི་བླ་མའི་གསེར་ཁྲི་མངའ་གསོལ་སྐོར་གྱི་པར་ཞིག་འཚོལ་གྱིན་འདུག དུས་ཚོད་དམ་འཛིན་གྱི་ཆེད་དུ་དེའི་སྐོར་གྱི་འདྲ་པར་རྒྱ་གར་གྱི་ཚགས་པར་ཁང་ཞིག་ལ་བསྐུར་ཏེ་དེ་ནས་ཨ་མེ་རི་ཀའི༼མཉམ་འབྲེལ་གསལ་ལས་ཁང༽ལ་སྤྲད་ན་འགྲིག[9] ཅེས་བྲིས་ཡོད་པ་དང་། བཱའུ་ཀྲུང་ཞིན་གྱི་འཕྲིན་ལན་ཨང་༤༤༡པའི་ནང་། གསེར་ཁྲི་མངའ་གསོལ་སྔ་དྲོར་བསྐྱངས་གནང་ཡོད་པས། པར་ལེན་རྒྱུར་སྟབས་བདེ་བོ་མ་བྱུང་། ཞེས་བྲིས་ཡོད་པས། བཱའུ་ཀྲུང་ཞིན་གྱི་ཡིག་ལན་དེའི་ནང་དོན་ནི། ཁོང་ལ་ཏཱ་ལའི་བླ་མའི་གསེར་ཁྲི་མངའ་གསོལ་གྱི་འདྲ་པར་མེད། དེ་དང་མཉམ་དུ་བཱའུ་ཀྲུང་ཞོན་གྱིས་ཡིག་ལན་དུ། ས་ཁུལ་གཞན་དག་ཏུ་བླངས་པའི་པར་ཞིག་ངས་༼མཉམ་འབྲེལ་གསར་ལས་ཁང༽ལ་སྤྲིངས་ཆོག[10] ཅེས་བྲིས་འདུག ས་ཁུལ་གཞན་དག་ཏུ་པར་ལེན་སྲིད་ཀྱང་། རྒྱལ་དམངས་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་པའི་བཱའུ་ཀྲུང་ཞིན་གིས“གཙོ་སྐྱོང” གནང་གིན་པའི་པར་ཞིག“གམིགས་བསལ་སྐུ་ཚབ” མི་བརྒྱ་ལོན་ལ་ཁལ་ཞིག་གིས་པར་གཅིག་ཀྱང་བླངས་མེད་པས། བཱའུ་ཀྲུང་ཞིན་གྱིས་ཏཱ་ལའི་བླ་མའི་གསེར་ཁྲི་མངའ་གསོལ“གཙོ་སྐྱོང” གནང་ཞེས་པར་མི་རྣམས་པས་ཡིད་ཆེས་ཧ་ཅང་དཀའ།

 

༣༽བོད་དེ་ནང་བསྟན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དམིགས་བསལ་གོ་ས།

 

མཚོ་འགག་ཕྱོགས་གཉིས་ཀའི་གཞུང་གིས་བོད་ནི་བདག་དབང་ཧྲིལ་བོ་ཅན་གྱི་རྒྱལ་ཁབ་ཅིག་མིན་པར་ངོས་འཛིན་བྱས་འདུག དེ་ཚོའི་གཞི་འཛིན་ས་གཅོ་བོ་ཞིག་ནི། བོད་དང་རྒྱལ་ཁབ་གཞན་བར་ཕྱི་འབྲེལ་མེད་པ་དང་། ཆིན་གོང་མས་ཐེངས་མང་པོར་དམག་དཔུང་མངག་ནས་བོད་ཁུལ་གྱི་ཟིང་ཆ་བདེ་འཁོལ་དང་བཙན་འཛུལ་ལ་འགོག་རྒོལ་བྱས་པ་དེ་གཉིས་རེད།

གནས་སྟངས་དེ་འདྲ་བྱུང་དགོས་དོན་ནི་བོད་ཀྱི་གམིགས་བསལ་ཀྱི་ནང་བསྟན་རྒྱལ་ཁབ་ཀྱི་ངོ་བོ་ལ་རག་ལས་ཡོད། བོད་དང་རྒྱ་ནག་བར་འབྲེལ་བ་ཅུང་ཟབ་མོ་དང་བཟང་པོ་བྱུང་དུས་ནི་ཕལ་ཆེར་མན་ཆིན་རྒྱལ་རབས་ཀྱི་སྐབས་དུས་ཡིན། བོད་དང་མན་ཆིན་གྱི་འབྲེལ་བ་ནི“མཆོད་ཡོན” མཆོད་ཡོན་ཏེ“མཆོད་ཡུལ” དང“ཡོན་བདག” གི་འབྲེལ་བ་ཡིན། མན་ཆིན་རྒྱལ་བོ་ཡོན་བདག་ཡིན་པའི་ཆ་ནས། དམག་དོན་སྟོབས་ཤུགས་དང་ལོ་ལྟར་རྒྱུ་ནོར་འབོར་ཆེན་ཕུལ་ནས་མཆོན་ཡུལ་ཏཱ་ལའི་བླ་མས་བོད་ཀྱི་ཆོས་སྲིད་གཉིས་ཀ་སྐྱོང་དགོས་པ་མ་ཟད། ད་དུང་མན་ཆིན་བཙན་རྒྱལ་ཧྲིལ་བོའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་བསམ་བློའི་དབུ་ཁྲིད་ཀྱང་ཡིན་ཞིང་། ཆེན་པོ་ཧོར་དང་། ཤར་ཏིར་ཀུ་སི་ཐན། ཁོ་རེ་ཡཱ། འབར་མ་སོགས་སུ་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན་ནས། མན་ཆིན་རྒྱལ་རབས་ཀྱི་བདེ་འཇགས་ལ་རོགས་འདེགས་མི་དམན་པ་ཐེབས་ཡོད། བོད་དང་མན་ཆིན་ཕྱོགས་གཉིས་ཀ་འཇིག་རྟེན་དང་ཆོས་ཕན་ཚུན་གཉིས་ཕན་ལྟ་བུའི་མཉམ་ལས་མཉམ་གནས་ཀྱི་གནས་སྟངས་ཤིག་གི་འབྲེལ་བར་གནས་ཡོད།

དཔེ་འཇོག་ཅིག་གི་ལམ་ནས་བཤད་ན། བོད་དང་མན་ཆིན་གྱི་འབྲེལ་བ་དེ་གྲོང་སྡེ་ཞིག་དང་གྲོང་སྡེའི་མཐའི་རི་ཁྲོད་ཀྱི་དགོན་པ་ཞིག་དང་མཚུངས་ཤིང་། གྲོང་སྡེ་དེའི་སྡེ་དཔོན་འཇིག་རྟེན་པའི་སྡེ་དཔོན་ཞིག་གི་ངོ་བོས་གྲོང་སྡེ་དེར་བདག་སྐྱོང་བྱེད་རྒྱུའི་དབང་ཆ་ཡོད་པ་དང་། གྲོང་སྡེ་དེའི་ནང་གི་སྡེ་དཔོན་ཐེ་བའི་སྡེ་དམངས་ཡོངས་རྫོགས་ནང་པ་བ་ཤ་སྟག་ཡིན་སྟབས། ཚང་མས་སྡེ་མཐའི་རི་ཁྲོད་ཀྱི་དགོན་པའི་དགོན་བདག་བླ་མ་དེ་སོ་སོའི་རྩ་བའི་བླ་མར་བརྩིས་ནས་བཀུར་གྱིན་ཡོད། སྡེ་དཔོན་ལ་དགོན་པར་བདག་སྐྱོང་བྱེད་རྒྱུའི་དབང་ཚད་མེད་མོད། འོན་ཀྱང་། གལ་ཏེ་དགོན་པར་ཇག་པས་ཇག་བགྱིས་པ་དང་། ཡང་ན་དགོན་པའི་ནང་གི་དགེ་འདུན་པའི་ངོ་ལོག་བྱས་ཚེ། དགོན་བདག་བླ་མས་སྡེ་དཔོན་ལ་རོགས་རམ་དགོས་པའི་འབོད་སྐུལ་ཞུས་ན། སྡེ་དཔོན་གྱི་སྡེ་དམག་མངག་ནས་ཇག་པ་མཐར་སྐྲོད་དང་། ཡང་ན་དགོན་པའི་ནང་གི་ཟིང་ཆ་འཇགས་ཐབས་བྱས་ནས་དགོན་པའི་སྒྲིག་ལམ་སླར་གསོ་བྱས་རྗེས། སྡེ་དམག་རྣམ་ཕྱིར་རང་སར་ལོག་འགྲོ དེ་མིན་ནམ་རྒྱུན་ཡོན་བདག་གི་འགན་ཁུར་ནས་དགོན་པར་བཅའ་བཏུང་གིས་གཙོས་མཁོ་ཆས་ཕུལ་སྲོལ་ཡོད། སྡེ་དཔོན་གྱིས་དགོན་བདག་བླ་མར་གུས་བཀུར་དང་ཆེ་མཐོང་སྤྲད་པར་བརྟེན་ནས་སྡེ་དམངས་ཀྱིས་སྡེ་དཔོན་ལ་ཡིད་ཆེས་དང་གུས་བཀུར་བྱས། དེ་འདྲའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ལས་གྲོང་སྡེའི་སྲིད་དབང་ཇེ་བརྟེན་ཡིན་པ་མ་ཟད། གྲོང་སྡེའི་དཔོན་འབངས་བར་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡིན།

ནང་པ་བར་སྲོག་གཅོད་ཀྱི་ལས་ནི་སྤང་བྱ་ཡིན་པས་དགོན་པར་མཚོན་ན་གྲྭ་དམག་འཛུགས་མི་དགོས་ལ་ཡོད་ཅིང་མེད། གལ་སྲིད་དགོན་པར་འཇིག་ཉེན་ལ་འཕྲད་ན་ལྷ་སྡེ་དང་ཡང་ན་ཡོན་བདག་ལ་སྲུང་སྐྱོབ་དགོས་པའི་རེ་སྐུལ་ཞུས་ཆོག དེ་བཞིན་དུ་དགོན་པས་བདག་དབང་ཐད་ན་རང་བཙན་ཡིན་པ་གསལ་བསྒྲགས་ཀྱང་བྱེད་མི་དགོས། རྒྱུ་མཚན་ནི་དགོན་པ་དེ་དུས་ནམ་ཡང་གྲོང་སྡེའི་བདག་སྐྱོང་འོག་མེད། དགོན་བདག་བླ་མ་དང་གྲོང་སྡེའི་དཔོན་པོའི་འབྲེལ་བ་ནི་གཉིས་ཕན་གཉིས་གྲོགས་ཡིན།

གནས་ཚུལ་དེ་ཨེ་ཊ་ལེ་དང་བཱ་ཌི་ཁཱན་གྱི་འབྲེལ་བ་དང་ཡང་འདྲ་ས་ཡོད། བཱ་ཌི་ཁཱན་ཞེས་པ་དེ་ཨེ་ཊ་ལེ་རྒྱལ་ཁབ་ཀྱི་ནང་ཁུལ་དུ་ཡོད་ཀྱང་། དེ་ཨེ་ཊ་ལེ་ཡི་མངའ་སྡེ་ཞིག་མིན་ལ། ཨེ་ཊ་ལེ་གཞུང་གི་བདག་སྐྱོང་འོག་ནའང་མེད། རཱོམ་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་གྱི་བཞུགས་གནས་བཱ་ཌི་ཁཱན་ལ་ཕྱི་འཇབ་རྒོལ་བཙན་འཛུལ་སོགས་ཀྱི་འཇིག་ཉེན་ལ་ཐུག་ཚེ། ཡི་ཤུའི་བླ་ཆེན་གྱི་རེ་སྐུལ་ལྟར་ཨེ་ཊ་ལེ་ཡི་དམག་གིས་རོགས་རམ་བྱེད་ངེས་རེད། ཡིན་ན་ཡང་། རོགས་རམ་མཇུག་རྫོགས་རྗེས་ཕྱིར་མི་ལོག་པར་མུ་ནས་བཙན་འཛིན་བྱེད་མི་སྲིད།

དེ་ལྟ་བུའི་འབྲེལ་བར་སྐབས་ཤིག་ལ་དྲི་མས་གོས་དོན་ནི། རྒྱུ་རྐྱེན་མང་ཆེ་བ་སྡེ་དཔོན་གྱིས་ཕྱོགས་ནས་བྱུང་གིན་ཡོད། དཔེར་ན། དགོན་པར་གོད་ཆག་བྱུང་ནས་རོགས་རམ་གྱི་རེ་སྐུལ་ཞུས་ཀྱང་སྡེ་དཔོན་གྱི་ཁ་ཡ་མ་བྱས་པ། ཡང་ན་སྡེ་དཔོན་གྱིས་དགོན་པའི་རྒྱུ་ནོར་འཕྲོག་འདོད་ཀྱི་བློ་སྐྱེས་པ། དགོན་པ་གནས་པའི་རྒྱུ་ནི་བསམ་བློ་དང་དད་པའི་དབང་གིས་ཡིན་པ་ལས་དམག་དོན་སྟོབས་ཤུགས་མིན། གལ་ཏེ་འཇིག་རྟེན་པའི་གྲོང་སྡེ་དེས་ཆོས་ལུགས་ལ་ཡིད་ཆེས་དང་དད་པ་ཡལ་ཚེ། དྲག་ཤུགས་བཀོལ་ནས་སྐད་ཆ་བཤད་དུས། དགོན་པའི་ངོ་ཡ་མི་ཡོང་བ་ནི་རང་བཞིན་ཡིན། གལ་སྲིད་སྡེ་དཔོན་ནི་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་པ་དང་། དགོན་པར་བཙན་འཛིན་དང་དགོན་པའི་རྒྱུ་ནོར་ཧམ་འཕྲོག་བྱས་པ་མ་ཟད་། ད་དུང་དགོན་པའི་བླ་མ་གྲྭ་བ་ཚོར་སྤྱི་ཚོགས་བཅོས་བསྒྱུར་བྱས་ན། དགོན་པ་དེ་འཇིག་རྒྱུ་ལས་གཞན་ཅི་ཡང་ལྷག་མེད།

བོད་ཀྱི་དེ་ལྟ་བུའི་དམིགས་བསལ་གྱི་ཆོས་ལུགས་རྒྱལ་ཁབ་གྱི་རང་བཞིན་དང་། དེ་བཞིན་མན་ཆིན་གྱི་མཆོད་ཡོན་གྱི་འབྲེལ་བས་བོད་དང་འཛམ་གླིང་རྒྱལ་ཁབ་གཞན་བར་ཕྱི་འབྲེལ་ཆེར་མེད་པའི་རང་བཙན་རྒྱལ་ཁབ་ཏུ་གྱུར་བ་རེད་ལ། དེ་ནི་རྒྱ་ནག་པས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་པའི་འཁྲུལ་སྣང་བྱུང་སའང་ཡིན།

 

༤༽བོད་དེ་ཀྲུང་ཧྭ་བཙན་རྒྱལ་གྱི་ཞིང་ཆེན་ཞིག་མིན་པའི་བདེན་དཔང་གཉིས།

རྒྱལ་དབང་ལྔ་བ་ཆེན་མོ་མཆོག་མན་ཆིན་ཧྲོན་ཀྲི་རྒྱལ་བོའི་འདན་ཞུ་ལྟར། ཕྱི་ལོ ༡༦༥༢ ལོར་པེ་ཅིང་དུ་ཕེབས་སྐབས་ཀྱི་གུས་སྲོལ་ལས་ཀྱང་བོད་ནི་མན་ཆིན་རྒྱལ་རབས་ཀྱིས་དབང་བསྒྱུར་འབྲེལ་གཏོགས་འོག་མེད་པ་གསལ་བོ་ཤེས་ཐུབ། ཡཱ་ཧན་ཀྲང་གིས༼ཏཱ་ལའི་བླ་མའི་རྣམ་ཐར༽ནང་། ཏཱ་ལའི་པེ་ཅིང་མཁར་དུ་མ་འབྱོར་གོང་། མན་ཆིན་རྒྱལ་བོས་མན་དང་ཧན༼མན་མི་རིགས་དང་རྒྱ་ཧན་མི་རིགས། བསྒྱུར་མཁན་གྱིས༽གཉིས་ཀའི་བློན་པོ་རྣམ་བསྡུས་ནས་ཏཱ་ལའི་བསུ་བ་བྱེད་སྟངས་ཀྱི་གུས་སྲོལ་ལ་གོ་བསྡུར་ཞུས་ཡོད་པ་དང་། མན་བློན་གྱིས། ཏཱ་ལའི་ནི་དབུ་བླ་ཡིན་པས། རྒྱལ་བོ་མཁར་རྫོང་གི་ཕྱི་རུ་ཕེབས་ནས་བསུ་བ་བྱེད་དགོས་ལ། དེ་འདྲ་བྱས་ན་ནང་བསྟན་ལ་དད་པ་བྱེད་པའི་ཕྱི་སོག་ནང་འགུག་ལ་ཕན་ཐོགས་ཆེན་པོ་ཡོད་པར་འདོད། ཧན་བློན་གྱིས། རྒྱལ་བོ་ནི་གནམ་འོག་གི་རྒྱལ་ཁབ་ཀྱི་མངའ་བདག་ཡིན་པས། དངོས་སུ་ཕེབས་ནས་བསུ་བ་བྱ་ན་གོ་ཐོབ་དབང་ཐང་དང་མི་མཐུན་པར་འདོད། མཐའ་མཇུག་ཧྲོན་ཀྲི་རྒྱལ་པོས་དབུ་མའི་བཏང་སྙོམས་ཐབས་ལམ་བཟུང་ནས། “རི་དྭགས་རྔོན་པར” ཁ་གཡར་ནས་མཁར་རྫོང་ཕྱིའི་རྒྱང་གྲགས་གཉིས་དང་ཕྱེད་ལ་ཕུབ་ནས། ཏཱ་ལའི་དང “ལམ་བར་དུ་ཐུག་པ”ཡི་སྲོལ་བྱས་པ་རེད།[11] ཅེས་བཀོད་འདུག

རྒྱ་ནག་གི་བཀས་བཀོད་རྒྱལ་རབས་ལོ་རྒྱུས་སུ། རྒྱལ་བོ་མཁར་རྫོང་གི་ཕྱི་རུ་དངོས་སུ་ཕེབས་ནས་རང་གི་མངའ་འོག་གི་མི་ཞིག་བསུས་པའི་ལོ་རྒྱུས་བྱུང་མྱོང་མེད་པ་མ་ཟད། ཆིན་རྒྱལ་རབས་ཀྱི་མཇུག་ཏུ། སྟོབས་དང་མངའ་ཐང་རྒྱས་པའི་དབྱིན་ཇི་བཙན་རྒྱལ་བའི་སྐུ་ཚབ་པེ་ཅིང་ལ་འབྱོར་དུས། མན་ཆིན་གྱི་རྒྱལ་བོས་དབྱིན་ཇིའི་སྐུ་ཚབ་ཀྱིས་ངེས་པར་དུ་པུས་མོ་སར་བཙུགས་ནས་ཕྱག་འཚལ་བའི་གུས་སྲོལ་བྱེད་དགོས་པའི་དགོས་འདུན་བཏོན་པ་རེད། ཏཱ་ལའི་དམིགས་བསལ་གུས་སྲོལ་ལས་བོད་དེ་མན་ཆིན་གྱི་འབྲེལ་གཏོགས་ཁོངས་གཏོགས་གཅིག་ཀྱང་མིན་པ་གསལ་བོ་རེད།

ཧ་ཅང་གསལ་བའི་ཁུངས་སྐྱེལ་དཔེ་མཚོན་གཞན་ཞིག་ནི། གལ་སྲིད་བོད་དེ་མན་ཆིན་གྱི་འབྲེལ་གཏོགས་ཡིན་པའི་དབང་དུ་བཏང་ན། བོད་ཀྱིས་མངའ་འོག་གི་ཞིང་ཆེན་དང་ཡང་ན་ཁོངས་གཏོགས་རྒྱལ་ཕྲན་བཞིན་གཞུང་ལ་འབུལ་ཚན་འབུལ་དགོས། འོན་ཀྱང་། ལོ་རྒྱུས་སུ་བོད་ཀྱིས་མན་ཆིན་ལ་འབུལ་ཚན་འབུལ་བའི་ལོ་རྒྱུས་གཅིག་ཀྱང་མེད་པ་མ་ཟད། ད་དུང་མན་ཆིན་གྱིས་བོད་ལ་རྟེན་འབུལ་འབོར་ཆེན་བསྟུད་མར་ཕུལ་བ་གསལ་འདུག མན་ཆིན་རྒྱལ་རབས་ཀྱིས་ནང་པ་སངས་རྒྱས་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་ངོས་འཛིན་བྱས་ཡོད་སྟབས། ཏཱ་ལའི་བླ་མ་དབུ་བླ་རུ་བརྟེན་ཡོད་པ་རེད།

 

 

 

༥༽དོན་དངོས་སུ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གཞི་འཛིན་ས་གཙོ་བོ།

ཉེ་རབས་ལོ་རྒྱུས་ལ་གཞིགས་ན། བོད་དང་བལ་བོ་སོགས་རྒྱལ་ཁབ་བར་ཕྱི་འབྲེལ་ཡོད། འོན་ཀྱང་། བདག་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཕྱི་འབྲེལ་དངོས་གཞིའི་ཐད་ཆ་རྐྱེན་འདང་ཚོད་ཅིག་མེད་ན་ཡང་། རང་བཙན་རྒྱལ་ཁབ་ཅིག་གི་ཆ་རྐྱེན་གཞན་དག་ཚང་མ་ཚང་ཡོད། དཔེར་ན་གཤམ་གྱི་རྣམ་པ་དེ་བརྒྱད་ལྟ་བུ།

༡༽བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་༧གོང་ས་ཏཱ་ལའི་བླ་མའི་ཕེབས་སྟངས་ཐད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱུང་སྟངས་ཡོད་པ་དང་། བོད་ལ་རང་གི་གཞུང་གི་སྒྲིག་གཞི་དང་རྒྱལ་སྲིད་ལས་ཁུངས་ཡོད་པ།

༢༽བོད་ལ་རང་གི་རྒྱལ་ས་ཡོད་པ། ལོ་མང་རིང་ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན།

༣༽བོད་ལ་རང་ཉིད་ཀྱིས་གཏན་འབེབས་དང་ལག་ལེན་དུ་བསྟར་བའི་རྩ་ཁྲིམས་ཡོད་པ།

༤༽དཔྱ་ཁྲལ་ལམ་ལུགས་རང་ཆས་སུ་ཡོད་པ་དང་། སྒོར་མོ་པར་སྐྲུན་དང་འགྲེམས་སྤེལ་བྱེད་པ། རང་དབང་ཅན་གྱི་ནོར་སྲིད་ལམ་ལུགས་ཡོད་པ།

༥༽གཞི་རྒྱ་ཆེ་ཆུང་ལ་མ་བལྟས་པར། བོད་ལ་རང་གི་དམག་དཔུང་ཡོད་པ།

༦༽གལ་འགངས་ཆེ་ཤོས་ནི་བོད་ལ་རང་གི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། རྒྱ་ནག་གི་སྐད་དང་ཡི་གེ་ལས་རྦད་དེ་ཐ་དད་ཡིན་པའི་སྐད་ཡིག་ཡོད་པ།

༧༽ས་བབ་མཐོ་ཚད་དེ་ལོ་རྒྱུས་ཀྱི་ས་མཚམས་བྱས་པའི་རང་བྱུང་གི་ས་ཁུལ་ཡོད་པ།

༨༽གནའ་ནས་ད་བར་དུ་མཚམས་མ་ཆད་པའི་ལོ་རྒྱས་མངའ་བ།

 

གཉིས་པ། བོད་ཀྱི་དངོས་ཡོད་གནས་སྟངས།

 

༡༽བོད་ཀྱི་ལོ་རྒྱུས་ལ་བརྩི་འཇོག

མཚོ་འགག་གཉིས་སུ་བོད་ཀྱི་ལོ་རྒྱུས་ངོ་མ་ཤེས་མཁན་རྒྱ་རིགས་ཤིན་ཏུ་དཀོན། མཚོ་འགག་ཕྱོགས་གཉིས་ཀའི་སྲིད་དབང་གི་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་ཡོད་པས། བོད་རང་བཙན་གྱི་ལོ་རྒྱུས་དང་འབྲེལ་ཡོད་དཔེ་དེབ་ཅིག་པར་སྐྲུན་བྱ་རྒྱུར་བགག་རྒྱ་མང་པོ་བསྐྲུན་ཡོད། དེའི་ཁར་རྒྱ་ནག་པའི་སེམས་སུ་རྒྱུན་འབྱམས་སུ་འཇགས་པའི“གཅིག་གྱུར་ཆེན་མོ”ཡི་རྒྱལ་ཁབ་ཀྱི་བློ་ཁ་དེ་བསྣན་ཚེ། བོད་ཅེས་གླེང་ཙ་ན། ཚོར་ཤེས་དང་པོ་ནི་བོད་རང་བཙན་བྱེད་མི་རུང་བ་དེ་ཡིན།

རྒྱ་ནག་པའི་བོད་ཀྱི་ལོ་རྒྱུས་ཐད་ཀྱི་ཤེས་བྱ་ནི། ཕལ་ཆེར་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ལས་རེག་པའི་ཤེས་བྱ་ཁོ་ན་ཡིན།

ཕྱི་ལོ་༡༩༩༢ལོའི་ཟླ་༡༠བར། རྒྱ་ནག་གཞུང་གིས“བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དེབ་རྒྱབ་ཤོག་དཀར་པོ་ཅན”ཞེས་པ་འགྲེམས་སྤེལ་བྱས་ཤིང་། ཏིང་ཞོ་ཕེང་གི་སྐད་ཆ“གཞི་རྩའི་གནད་དོན་ནི། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན། འགྲིག་དང་མི་འགྲིག ཚད་ཐིག་འདི་གཞིར་བཟུང་ནས་ཐག་གཅོད་བྱེད་དགོས”[12]ཞེས་པ་འདི་ནི་དེབ་རྒྱབ་ཤོག་དཀར་པོ་ཅན་འབྲི་དུས་ཀྱི་ལུང་དང་སྒྲོམ་གཞི་རེད།

“འགྲིག”དང་“མི་འགྲིག”ལ་མ་བལྟས་པར“བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན”ཞེས་པ་དེ་ཅི་འདྲའི་ཀླ་ཀློའི་ཧམ་ཤེད་གང་འདོད་ཀྱི་གཏན་ཚིགས་ཤིག་རེད་ཨང་། བློ་ཕམ་པ་ཞིག་ལ། ཏིང་ཞོ་ཕེང་གི་བསམ་བློ་འཁྱེར་ཕྱོགས་དེས་རྒྱ་རིགས་གང་མང་ཞིག་གི་བསམ་བློའང་མཚོན་ཡོད། བོད་ཅེས་གླེང་མ་ཐག་ལམ་སང་བོད་རང་བཙན་བྱས་མི་ཆོག་ཅེས་པའི་བསམ་བློ་དེ་རེད། དངོས་ཡོད་ལོ་རྒྱུས་ལ་མི་བསམ་པར། ད་ལྟའི་དངོས་ཡོད་གནས་སྟངས་ལའང་མི་གཞིག་པར། ནུབ་ཕྱོགས་བོད་དོན་ཞིབ་འཇུག་པའི་ཞིབ་འཇུག་ལ་རྒྱུས་ལོན་དེ་བས་མི་བྱེད་པར། བོད་མིའི་འབོད་སྐུལ་ལ་དེ་བས་དེ་བས་ཀྱང་ཉན་རྒྱུ་ཕར་ལ་ཞོག

 

༢༽བོད་ཀྱི་དངོས་ཡོད་གནས་སྟངས་ལ་གཙིགས་ཆེན་བྱེད་པ།

ལོ་རྒྱུས་ལ་བརྩི་འཇོག་བྱེད་རྒྱུ་ནི་མི་རྣམས་ཀྱིས་བོད་ཀྱིས་གནད་དོན་ལ་བསམ་གཞིག་བྱེད་པའི་གཞི་རྩའི་ལངས་ཕྱོགས་དེ་ཡིན་དགོས། འདི་ལས་ཀྱང་གལ་འགངས་ཆེ་ཤོས་ནི་རྒྱ་ནག་དེང་གཞུང་གི་དབང་བསྒྱུར་འོག་གི་བོད་ཀྱི་དངོས་ཡོད་གནས་སྟངས་དང་རྒྱ་ཆེའི་བོད་མི་དམངས་ཀྱི་བློ་མོས་ལ་གཙིགས་ཆེན་བྱེད་རྒྱུ་ལས་མ་འདས།

གལ་ཏེ་བོད་མི་དམངས་ཀྱི་འཚོ་གནས་དངོས་ལ་དཔྱད་ཞིབ་ཅིག་བྱེད་པའི་དབང་དུ་བཏང་ན། ཚད་འཇལ་ས་གཙོ་བོ་འདི་དག་ཡིན་དགོས། རྒྱ་ནག་དེང་གཞུང་གི་ལོ་ངོ ༤༥འི་རིང་གི་དབང་བསྒྱུར་འོག

ཆབ་སྲིད་ཀྱི་ཐད། བོད་མི་རྣམས་དོན་གྱིས་བཅིངས་པ་ལས་བཀྲོལ་ཡོད་དམ། “རང་ཁྱིམ་རང་བདག”ཟེར་བའི་རང་དབང་ཐོབ་ཡོད་དམ། ཡང་ན་ཆེས་གཞི་རྩའི་ཆབ་སྲིད་ཀྱི་ཐོབ་ཐང་ཡང་བཙན་འཕྲོག་བྱས་འདུག

དཔལ་འབྱོར་གྱི་ཐད། བོད་མིའི་སྒེར་གྱི་རྒྱུ་ནོར་ཡོད་ཆོག་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་འདུག་གམ། བོད་མི་ཚོ་ཇེ་ཕྱུག་ཏུ་སོང་འདུག་གམ་ཁོང་ཚོའི་འཚོ་གནས་ཇེ་སྡུག་ཏུ་སོང་འདུག ཡང་ན་བོད་མིར་སྔོན་ཆད་ནས་ཡོད་པའི་ཐོབ་ཐང་རྣམས་བཙན་འཕྲོག་བྱས་འདུག

ཆོས་ལུགས་ཐད། ཆོས་ལུགས་དད་མོས་ལ་བརྩི་སྲུང་གུས་བཀུར་བྱས་འདུག་གམ། ཡང་ན་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་བཏང་འདུག

མི་ཆོས་དང་སྐྱེ་ཁམས་ཁོར་ཡུག་ཐད། བོད་ཀྱི་རིག་གཞུང་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱས་འདུག་གམ། ཡང་ན་གཏོར་བརླག་བྱས་འདུག

རིགས་ཚོགས་འབྲེལ་བའི་ཐད། བོད་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པའི་ཆ་ནས་གུས་བཀུར་བྱས་འདུག ཡང་ན་ཐོག་མཐའ་བར་གསུམ་དུ་མཐོང་ཆུང་བྱས་འདུག

གལ་ཏེ་མི་རྣམས་ཀྱིས་རྒྱུས་ལོན་ཕྲན་བུ་ཙམ་བྱས་ན། བོད་ཀྱི་དངོས་ཡོད་གནས་ཚུལ་ནི་ཧ་ཅང་སྡུག་བསྔལ་ཚད་མེད་དང་ཞེ་ནས་སྡང་བ་ཞིག་ཡིན་པ་ཤེས་ཐུབ།

ཆབ་སྲིད་ཐད་ནས་བཤད་ན། བོད་མིར་འདམ་སྒྲུག་གི་ཐོབ་ཐང་ཡེ་ནས་མེད། བོད་ཀྱང་རྒྱ་ནག་སྐམ་ས་ཆེན་པོ་ཇི་བཞིན། མི་དམངས་ལ་འདེམས་བསྐོའི་ཐོབ་ཐང་ཞིག་ཡོད་མྱོང་མེད་ལ། རིམ་པ་སོ་སོའི་སྲིད་གཞུང་ལ་མི་དམངས་ཀྱི་འདོད་བློའི་རྨང་གཞི་ཟེར་བ་ཞིག་རྩ་བ་ནས་མི་མཆིས། བོད་དུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ནི་གོ་ས་མཐོ་ཤོས་དང་དབང་ཆ་ཆེ་ཤོས་ཅན་དེ་ཡིན། ཕྱི་ལོ ༡༩༥༩ལོའི“ཟིང་འཁྲུག་ཞོད་འཇགས”ཟེར་བ་ནས་དེའི་རྗེས་ཀྱི“དམར་ཤོག་དྲུང་ཆེ”བདུན་ཏེ—- ཀྲང་གོའུ་ཧྭ། ཙིན་ཡོན་ཡཱ། རིན་རོན། ཡིན་ཧྥ་ཐང་། བོའོ་ཅིན་ཧྭ། ཧོའོ་ཅིན་ཐོའོ། ཁྲིན་ཁཱས་ཡོནབཅས་རེད། དེའི་ནང་བོའོ་ཅིན་ཧྭ་ཡེས་མི་རིགས་རེད་མ་གཏོགས་གཞན་རྣམས་ཚང་མ་རྒྱ་ཧན་མི་རིགས་རེད།

བོད་ཀྱང་རྒྱལ་ནག་སྐམ་ས་ཆེན་པོ་ཇི་བཞིན། སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་མེད། ངོ་རྒོལ་རིགས་ཅི་ཞིག་སྤེལ་ཡང་རྒྱ་ནག་དེང་གཞུང་གི་དམག་མས་དྲག་གནོན་བྱེད་རྐྱང་ཡིན། ཉེ་སྔོན་ནུབ་གླིང་ཁག་ཏུ་འབྱོར་བའི་རྒྱ་ནག་གི་བོད་ལྗོངས་སུ་ཡོད་པའི་དམག་ཁུལ་གྱི་ཡིག་ཆར་གཞིགས་ན། ཕྱི་ལོ་༡༩༥༩ལོའི“ཟིང་འཁྲུག་ཞོད་འཇགས”ཁོ་ནའི་ཁྲོད། བོད་མིའི ༨༧༠༠༠ ལྷག་རྩ་མེད་དུ་བཏང་འདུག[13]

དེ་སྔོན“རྒྱལ་ཡོངས་དམངས་ཆེན”གྱི་ཨུ་ཡོན་ཀྲང་གཞོན་པའི་ཐུགས་འགན་བཞེས་པའི་ཀུན་གཟིགས་པན་ཆེན་རིན་པོ་ཆེས་མཛད་པའི་བསྡོམས་རྩིས་ལ་གཞིགས་ན། སྐབས་དེའི་བོད་མིའི་མི་འབོར་གྱི ༡༠-༡༥% བཙོན་ཁང་དུ་བཅུག་ཡོད་ཅིང་། དེའི་ཁྲོད ༤༠% བཙོན་དུ་ཤི་ཡོད་འདུག [14]

ཡང་རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་ཡིག་ཆེར་གཞིགས་ན། ཕྱི་ལོ ༡༩༨༧ ནས ༡༩༩༢ བར། ལྷ་ས་གྲོང་ཁྱེར་གཅིག་པུར་བོད་མིའི་ངོ་རྒོལ་ལས་འགུལ ༡༥༠ ལྷག་ལ་དྲག་གནོན་བྱས་ཡོད་པ་རེད།[15] སྒོས་སུ་ཕྱི་ལོ་༡༩༨༩ལོར་དཔྱིད་ཀ་སྟེ། “པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ”མ་ལངས་པའི་ཟླ་གཉིས་ཀྱི་སྔོན་དུ། རྒྱ་ནག་དེང་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་པ་མ་ཟད་ཉེན་ཟོན་དམ་དྲག་བྱས་ཡོད་པ་རེད། སྐབས་དེར་ལྷ་ས་ན་ཡོད་པའི༼པེ་ཅིང་ན་གཞོན་ཚགས་པར༽གྱི་གསར་འགོད་པ་ཐང་ཏཱ་ཞན་ལགས་ཀྱིས་རང་ཉིད་ཀྱི་མིག་མཐོང་ལག་ཟིན་དང་ཐབས་ལམ་གཞན་དག་ནས་རེག་པའི་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཁག་གཞིར་བཟུང་ནས་ཕྱི་རྒྱལ་དུ་ལྷ་ས་དྲག་གནོན་བྱས་པའི་ནང་མཚང་འགྲེམས་སྤེལ་བྱས་ཡོད་པ་དང་། ཁོང་གི་བསྡོམས་རྩིས་ལྟར་ན། སྐབས་དེ་ལག་ན་ཁབ་འབུག་ཙམ་གྱི་ལག་ཆ་ཡང་མེད་པའི་བོད་མི་ཉུང་མཐའ་༤༠༠དམར་གསོད་བྱས་དང་། ༣༠༠༠ལྷག་ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད་འདུག[16] དེ་མིན་ཡིག་ཆ་གཞན་དག་ཏུ་བཏོན་པ་ལྟར་ན། དོན་རྐྱེན་དེ་དང་འབྲེལ་བའི་བོད་མི་༤༠༠༠༠ལྷག་གི་གྲོང་ཁྱེར་གྱི་ཁྱིམ་ཐོ་རྩིས་མེད་བཙན་འཕྲོག་བྱས་ཏེ་ལྷ་ས་གྲོང་ཁྱེར་ནས་རྒྱང་ཕུད་བཏང་ཡོད་འདུག

༧གོང་ས༧རྒྱལ་བ་རིན་པོ་ཆེས་ཨ་རིའི་ཡེལ་གཙུག་ལག་སློབ་ཆེན་དུ་གསུང་བཤད་གནང་སྐབས། རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་ལོ་ངོ ༤༠ལྷག་གི་རིང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་དུས་མིན་པར་ཤི་ཡོད། [17]ཅེས་གསུངས་ཡོད་པ་དང་། བཙན་བྱོལ་བོད་གཞུང་གིས་གྲངས་ཀ་དེ་ཚན་ཁག་དབྱེ་འབྱེད་ཀྱིས་བསྡོམས་རྩིས་ཞིབ་མོ་བྱས་ཡོད་ལ། དེའི་ཁྲོད་བཙོན་ཁང་དུ་ཤི་བ ༡༧༠༠༠༠ དང་། སྲོག་ཁྲིམས་བཅད་ནས་བསད་པ ༡༦༠༠༠༠། འཐབ་འཁྲུག་ཁྲོད་ཤི་བ ༤༣༠༠༠༠། མུ་གེས་ཤི་བ ༣༤༠༠༠༠། ཐབས་ཟད་འུ་ཐུག་ནས་རང་ཤི་བརྒྱབ་པ་དང་འཐབ་རྩོད་འོག་ཤི་བ ༡༠༠༠༠༠ བཅས་རེད། དུས་སྐབས་དེའི་རིང་རྐྱེན་འདས་སུ་གྱུར་བའི་སྤྱིའི་ཤི་གྲངས་ཀྱིས་བོད་ཆོལ་ཁ་གསུམ་སྟེ་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ཀྱི་དྲུག་ཆའི་གཅིག་ཟིན་ཡོད་ཅིང་། དེ་ནི་བོད་མི་དྲུག་གི་ནང་དུ་གཅིག་དུས་མ་ཡིན་པར་རྐྱེན་འདས་སུ་གྱུར་ཡོད་པ་རེད།[18] ཤི་གྲངས་བསྡུར་ཚད་འདི་ལྟ་བུ་འགྲོ་བ་མིའི་ཉེ་རབས་ལོ་རྒྱུས་སུ་ཤིན་ཏུ་དཀོན་པོ་རེད། [19]

དཔལ་འབྱོར་ཐད། བོད་མིའི་སྒེར་ལ་རྒྱུ་ནོར་ཡོད་ཆོག་པའི་ཐོབ་ཐང་ཡོངས་སུ་བཙན་འཕྲོག་བྱས་ཡོད། བཙན་དང་དབང་གིས་བོད་མི་ཡོངས་རྫོགས་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ནང་ཞུགས་པར་བཅུག་སྟབས། བོད་མིའི་འཚོ་བ་སྔོན་ཆད་ལས་ཀྱང་དབུལ་ཞིང་ཕོངས་པར་གྱུར། ཕྱི་ལོ ༡༩༨༠ ལོར། རྒྱ་ནག་དབུས་དམར་ཤོག་དྲུང་ཆེ་ཧོའུ་ཡའོ་པང་ལྷ་སར་གཟིགས་ཞིབ་ཏུ་ཕེབས་སྐབས། བོད་མིའི་ཧ་ཅང་སྐྱོ་ཞིང་སྡུག་པའི་འཚོ་བའི་གནས་སྟངས་དེ་མཐོང་ཚེ། ཧོའུ་ཡའོ་པང་ཁོང་ཁྲོ་རབ་ཏུ་ལངས་ནས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་། “དབུས་གཞུང་གིས་བོད་ལྗོངས་ལ་གནང་བའི་དམིགས་བསལ་རོགས་སྐྱོར་སྒོར་མོ་དེ་དག་ཡར་ཀླུང་གཙང་པོའི་ནང་དབྱུག་པ་ཡིན་ནམ”། ཞེས་བཀའ་བཀྱོན་གནང་བ་རེད། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་རིན་རོན་བརྗེ་སྤོར་བྱས་ཏེ་ཚབ་ཏུ་ཡིན་ཧྥ་ཐང་མངག་པ་རེད། ཧོའུ་ཡའོ་པང་གིས་བོད་ལྗོངས་ལ་གནང་བའི་ལམ་སྟོན་ནི། ལོ་འགར་ཧུར་བརྩོན་བྱས་ཏེ། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལོ་ཉི་ཤུའི་སྔོན་གྱི་ཕྱི་ལོ ༡༩༥༩ ལོའི་ཆུ་ཚད་དང་མཉམ་ཐབས་བྱེད་དགོས་ཞེས་པ་དེ་རེད། དེའི་རྗེས་སུ་ཡིན་ཧྥ་ཐང་གིས༼དར་དམར༽ཞེས་པའི་དུས་དེབ་སྟེང་རྩོམ་ཡིག་སྤེལ་ནས། “བློ་མཐུན་ཧོའུ་ཡའོ་པང་གིས་བོད་ལྗོངས་སུ་གཟིགས་ཞིབ་སྐབས་སུ། སྐབས་དེའི་བོད་ལྗོངས་ཀྱི་གནས་སྟངས་ལ་གཞིགས་ནས་གནང་བའི་ལམ་སྟོན་ལྟར་བོད་ལྗོངས་ཀྱི་དངོས་ཡོད་གནས་སྟངས་ནི་ཧ་ཅང་གིས་དབུལ་ཕོངས་དང་རྗེས་ལུས་རེད”[20]ཅེས་བཀོད་འདུག

ཉེ་བའི་ལོ་ཤས་སུ། རྒྱ་ནག་ཧྲིལ་བོའི་དཔལ་འབྱོར་བཅོས་བསྒྱུར་གྱི་འགྲོས་དང་བསྟུན་ནས། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཧོའུ་ཡའོ་པང་གི་གཟིངས་ཞིབ་སྐབས་དང་བསྡུར་ན་ཅུང་ཞིག་ཇེ་བཟང་དུ་ཕྱིན་ཡོད་མོད། འོན་ཀྱང་། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་ཅན་གྱིས་བཤད་ན། ད་ལྟ་བོད་ལྗོངས་སུ་དཔལ་འབྱོར་གྱི་ཁེ་བཟང་རེག་ནས་ཕྱུག་པོར་གྱུར་མཁན་ཕལ་མོ་ཆེ་རྒྱ་རིགས་ཡིན་ཞིང་། རྒྱུ་མཚན་ནི་དཔལ་འབྱོར་དང་འབྲེལ་ལས་དོན་ཡོད་ཚད“འབྲེལ་བ”དགོས་པ་ལས། དེ་གར་འདྲ་མཚུངས་ཀྱི་འགྲན་རྩོད་མེད། དེ་བས། རྒྱ་རིགས་ཁོ་ནར་པེ་ཅིང་དང་རྒྱ་ནག་ནང་ལོགས་སུ་འབྲེལ་བ་དང་ལམ་ཁ་སྣ་ཚོགས་ཡོད། ཡང་གསར་འགྱུར་སྨྱན་བྱད་ཁག་གི་གནས་ཚུལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་ཆེས་གྲ་རྒྱས་སའི་ས་ཁུལ་ནི“བར་སྐོར”ཡིན་ལ། “བར་སྐོར”གྱི་ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་བདག་པོ་མང་ཆེ་བ་རྒྱ་རིགས་རེད།

ཆོས་ལུགས་ཐད། བོད་མིར་གཞན་ལས་ལྡབ་འགྱུར་གྱིས་ལྷག་པའི་གནོན་འཚེ་ཐེབས་ཡོད། བཙན་བྱོལ་བོད་གཞུང་གི་བསྡོམས་རྩིས་ལ་གཞིགས་ན། ཕྱི་ལོ ༡༩༧༩ ལོར་བསླེབས་དུས། བོད་ཀྱི་དགོན་པ ༦༢༥༩འི་ཤུལ་ན ༨ མ་གཏོགས་ལྷག་མེད་པ་དང་། དེ་སྔོན་གྱི་གྲྭ་བཙུན ༥༩༠༠༠༠ ལས ༡༡༠༠༠༠ གནོན་འཚེ་འོག་རྐྱེན་འདས་དང་། ༢༥༠༠༠༠ བཙན་དབང་གིས་སྐྱ་སར་ཕབ་འདུག ཕྱི་ལོ ༡༩༨༨ ལོར་པེ་ཅིང་དུ་གསར་དུ་བཙུགས་པའི་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་དབུ་འབྱེད་མཛད་སྒོའི་སྟེང་། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེས་ཐུགས་སྐྱོ་བའི་ངང“བོད་པ་སྡོད་གནས་ས་ཁུལ་ཡོངས་ཀྱི་དགོན་པ ༡༠༠% ལ་གཏོར་བརླག་ཐེབས་ཡོད་པ་དང་། ཤུལ་ན་དགོན་པ་བདུན་བརྒྱད་ཅིག་ལས་ལྷག་མེད་ལ། དེ་དག་ཁྲོད་ཀྱང་གནོད་སྐྱོན་ཐེབས་མེད་པ་གཅིག་ཀྱང་མེད”ཅེས་གསུངས་ཡོད།

ད་ལྟ་རྒྱ་ནག་གཞུང་གི་ཆོས་ལུགས་ལ་གནོད་འཚེ་གཏོང་སྟངས་དེ་སྔོན་ཆེད་ནང་བཞིན་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཁོ་ན་མིན་མོད། འོན་ཀྱང་། བོད་མིར་ད་དུང་ཡང་ཆོས་ལུགས་དད་མོས་རང་དབང་མེད། བོད་ཀྱི་དགོན་པ་དང་གྲྭ་བཙུན་ཚང་མིས་ངེས་པར་རྒྱ་ནག་དེང་གཞུང་གི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་དོ་དམ་ཁང་གི་བཀའ་བཀོད་ལ་ཉན་དགོས། “གྲྭ་བཙུན་གྱི་སྒྲིག་ཁྲིམས”ཞེས་པའི་ནང་འདི་ལྟར་བྲིས་འདུག “ལོ་ན ༡༨ ཡན། རྒྱལ་ཁབ་ལ་དགའ་བ། གུང་ཁྲན་ཏང་ལ་དགའ་བ། ཕ་མ་གཉིས་མོས་མཐུན་ཡིན་པ ་་་་་་་་་་་་་་་་དགོན་པར་ཞུགས་རྗེས། མཱ་ཁེ་སི་རིང་ལུགས་ལ་སློབ་སྦྱོང་བྱེད་དགོས་ཤིང་། སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གཉིས་ནི་ཐ་དད་པའི་འཇིག་རྟེན་གྱི་ལྟ་བ་གཉིས་ཡིན་པ་ཤེས་དགོས”།

གྲྭ་བཙུན་ཚོས་ཆོས་ལུགས་དད་མོས་རང་དབང་མེད་པའི་གནས་སྟངས་ལ་མ་དགའ་བའི་རྣམ་འགྱུར་ཕྲན་བུ་ཙམ་བསྟན་ཚེ་ལམ་སང་ཉེས་ཆད་ལྗིད་མོ་གཅོད་ངེས་ཡིན། ལྷག་པར་དུ་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོར་གདུག་རྩུབ་ཆེན་པོས་རྡུང་རྡེག་བྱེད་ཀྱིན་ཡོད། རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་ཚད་མེད་མྱངས་པའི་བོད་མི་ཚོས་དངོས་སུ་སྡུག་གྱོང་མྱངས་ཚུལ་བརྗོད་པ་ལྟར་ན། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་། ཉེན་རྟོག་པ། དམག་མས་གློག་འགྱིག་དང་། བོའུ་ཤིང་། ལྕགས་མདོང་། ཁུ་ཚུར་དང་རྡོག་པ་གཞུ་བ་སོགས་ལས་གཞན། ད་དུང་ཐ་མག་གིས་སྲེག་པ། ཁྱི་ལ་སོ་རྒྱག་གི་འཇུག་པ། བཙུན་མའི་མོ་མཚན་ནང་གློག་འགྱིག་གིས་རྒྱག་པ་སོགས་ལྟ་བའི་མིག་གིས་མི་བཟོད་པའི་ཡ་ངའི་ཐབས་ངན་གྱིས་ཚ་འདྲི་ཚ་ལེན་བྱེད་ཀྱིན་ཡོད། དེ་སྔོན་བོད་ལྗོངས་དུ་ཉེན་རྟོག་པ་ཡིན་པའི་རྒྱ་རིགས་བཙན་བྱོལ་བ་ཞིག་གིས་“བོད་ལྗོངས་སུ། ཉེན་རྟོག་པའི་ཉེས་གཏག་གཏོང་སྟངས་རིགས ༣༣ ཡོད”[21]ཅེས་བརྗོད་འདུག

མི་རིག་རིང་ལུགས༼འགྲོ་བ་མི་དང་རིག་གཞུང་གི་རིང་ལུགས་ལ་གོ་དགོས། བསྒྱུར་མཁན་གྱི་མཆན༽དང་རང་བྱུང་ཁོར་ཡུག་ཐད། བོད་དོན་ལ་ཞིབ་འཇུག་གནང་མཁན་ནུབ་གླིང་བའི་ཐུན་མོང་གི་ལྟ་ཚུལ་ཞིག་ནི། བོད་ཀྱི་རིག་གཞུང་དང་རང་བྱུང་ཁོར་ཡུག་ལ་སྔོན་ཆད་བྱུང་མྱོང་མེད་པའི་གནོད་འཚེ་ཞིག་ཐེབས་ཀྱིན་ཡོད་པ་དེ་རེད། རྒྱ་ནག་དམག་ཤོག་སྲིད་དབང་གིས་བོད་ཀྱི་མངའ་ཁུལ་ཡང་བསྐྱར་ཆ་བགོ་བྱེད་པའི་རྣམ་པས། ཤར་བོད་ཨ་མདོ་དང་ལྷོ་བོད་ཁམས་ཀྱི་མངའ་ཁུལ་མང་ཆེ་བ་སི་ཁྲོན་དང་། ཡོན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་ཁག་གི་མངའ་ཁོངས་སུ་བཅད་བགོས་བྱས་པ་མ་ཟད། ད་དུང་ས་ཁུལ་དེ་དག་ཏུ་རྒྱ་རིགས་འབོར་ཆེན་གཞི་སྤོ་བྱས། རྒྱ་ནག་གི་རྒྱལ་ཡོངས་མི་འབོར་བསྡོམས་རྩིས་འགར་གཞིགས་ན། ད་ལྟ་བོད་ཆོལ་ཁ་གསུམ་ལ་ཁྱོན་བསྡོམས་པའི་རྒྱ་རིགས ༧༠༠༠༠༠༠ ལྷག་འཚོ་གནས་བྱས་ཡོད་པས། གྲངས་ཀ་དེ་བོད་ཀྱི་གདོད་མའི་བོད་མི་རིགས ༦༠༠༠༠༠༠ ལས་རྦད་དེ་བརྒལ་ཡོད་འདུག

བོད་ཀྱི་གནས་སྟངས་སོགས་ལ་རྒྱུས་མངའ་མེད་པའི་མི་ཞིག་ལ་མཚོན་ན་ཡང་། རྒྱ་ནག་དམག་ཤོག་སྲིད་དབང་འོག་འཚོ་གནས་བྱེད་མྱོང་མཁན་ཅན་ཞིག་ཡིན་ན། མི་སར་རང་བཞག་གིས་རྒྱ་ནག་དེང་གཞུང་གིས་བོད་ཁུལ་དུ་སྤེལ་གྱིན་པའི་སྲིད་ཇུས་དེ་ཇི་འདྲའི་མུན་ནག་ཅིག་ཡིན་པ་བློ་ཡུལ་དུ་འཁོར་ཐུབ། བོད་མི་ཚོས་རྒྱ་ནག་དམར་གཞུང་གི་གཉའ་གནོན་དང་བཤུ་གཞོག་མྱངས་དགོས་པ་མ་ཟད། ད་དུང་མཐའ་འཁོར་གྱི་རྒྱ་རིགས་ཀྱི་མཐོང་ཆུང་དང་བརྙས་བཅོས་ཀྱང་འཁུར་དགོས། སྐད་གྲགས་ཆེ་བའི་རྒྱ་ནག་གཞུང་དང་ལྟ་བ་ཐ་དད་ཅན་སྐུ་ཞབས་ཝེ་ཇིང་ཧྲིང་གིས་ཕྱིར་དྲན་གྱི་ཚུལ་དུ། ཁོང་གི་ཨ་ཕ་ལགས་བོད་དང་འབྲེལ་བ་གཏན་ནས་མེད། ཁོང་གི་དགའ་གྲོགས་དེ་བོད་རིགས་ཤིག་ཡིན་པ་གོ་རྗེས། གཉེན་ཉེ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཟད། གལ་ཏེ་བོད་རིགས་བུད་མེད་དེ་བཟའ་ཟླར་བསུ་རྒྱུ་ཡིན་ན་ཐོག་མར་ཕ་བུའི་འབྲེལ་བ་གཅོད་དགོས་ཞེས་ཐ་ཚིག་བསྒྲགས་ཡོད་ལུགས་གསུངས་འདུག ཁོང་གི་ཨ་ཕས་གཉེན་ཉེ་དེ་ལ་ངོ་རྒོལ་བྱེད་དགོས་དོན་གཙོ་བོ་ཞིག་ནི། བོད་མི་མ་རེད། ཕྱེད་དུད་འགྲོ་རེད་ཟེར།[22] ཁོང་གི་ཨ་ཕའི་ལྟ་ཚུལ་དེ་ནི་རྒྱ་ནག་དམར་གཞུང་གིས་ལོ་མང་རིང་དྲིལ་བསྒྲགས་བྱས་པའི་མཇུག་འབྲས་རེད།

གསུམ་པ། རྒྱ་ནག་པས་བོད་མི་དམངས་ཀྱིས་རང་ཉིད་ལ་མངའ་བའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ངོ་རྒོལ་བྱས་པ་ལས་མངོན་པའི་རིན་ཐང་གི་གནད་དོན་བཞི།

རྒྱ་ནག་པ་མང་པོ་ཞིག་གིས་ལོ་རྒྱུས་ལ་གུས་བཀུར་མི་བྱེད་ལ་གཞི་འཛིན་སའང་མི་བྱེད་པ་མ་ཟད། བོད་མི་དམངས་ཀྱིས་འདས་པའི་ལོ་ངོ ༤༠ ལྷག་གི་རིང་མྱངས་པའི་དཀའ་སྡུག་ལ་དེ་བས་ཀྱང་བསམ་ཤེས་མི་བྱེད་པར། བོད་མིའི་རང་དབང་རང་བཙན་གྱི་དགོས་འདུན་ལ་མཐའ་གཅིག་ཏུ་མོས་མཐུན་མི་བྱེད། ཁོང་ཚོའི་བློ་ཡུལ་དུ་འཇགས་པ་ནི“གཅིག་གྱུར་ཆེན་མོའི”རྒྱ་ནག་ནི་བླ་ན་མ་མཆིས་པ་དེ་ཡིན་པར་རྒྱུན་འཁྱོངས་བྱས་འདུག མཚོ་འགག་གཉིས་ཀའི་རྒྱ་ནག་གཞུང་གིས་བོད་རང་བཙན་ལ་ངོ་རྒོལ་ཡོད་པ་དེ་དབང་བསྒྱུར་བ་རང་ཉིད་ཀྱི་ཁེ་བཟང་ལས་རང་བཞིན་ངང་བྱུང་བ་ཞིག་ཡིན་མོད། འོན་ཀྱང་། མཚོ་འགག་གཉིས་ཀའི་ཤེས་ལྡན་མི་སྣས་བོད་མི་དམངས་ཀྱི་རང་དབང་རང་བཙན་རྩོད་ལེན་གྱི་ཐོབ་ཐང་ལ་སྣང་མེད་དུ་འཇོག་ག་ལ་རུང་།

༡༽གཅིག་གྱུར་གལ་ཆེན་པོ་རེད་དམ་ཡང་ན་འགྲོ་བ་མིའི་རང་དབང་གི་རིན་ཐང་གལ་ཆེན་པོ་རེད།

བོད་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཚོའི་རྒྱུ་མཚན་ཁུངས་ལུང་ནི། གལ་སྲིད་བོད་རང་བཙན་བྱས་ཚེ། ཞིན་ཅིང་ངམ་ཤར་ཏིར་གུ་སི་ཐན་དང་། སོག་པོ་ནང་མ་སོགས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་རང་བཙན་གྱི་དགོས་འདུན་འདོན་ངེས་ཡིན་པས། རྒྱ་ནག་ཆེན་པོ་ཐོར་ཞིག་ཏུ་འགྲོ་རྒྱུ་ལས་མ་འདས། མཇུག་འབྲས་དེའི་འགན་སུ་ཡིས་འཁུར་རམ།

ཡིན་ན་ཡང་། ང་ཚོས་གནད་དོན་ལ་བསམ་ཞིབ་སྐབས་སུ་མགོ་ཚུགས་ས་དེ“འགྲོ་བ་མི”ཡིན་ནམ། ཡང་ན“རྒྱལ་ཁབ”ཡིན། “གཅིག་གྱུར”གྱི་རིན་ཐང་དེ་གལ་ཆེན་པོ་རེད་དམ། ཡང་ན་འགྲོ་བ་མིའི་རང་དབང་གལ་ཆེན་པོ་རེད། གང་དེ་མཐར་ཐུག་གི་རིན་ཐང་ཡིན་དགོས་སམ། ཡང་བཤད་སྲོལ་གཞན་ཞིག་གིས་བཤད་ན། “ཐོར་ཞིག”དང་འགྲོ་བ་མི་བྲན་དུ་བཀོལ་བ་གཉིས་ལས་འཇིགས་སུ་རུང་བ་དེ་གང་ཡིན་ནམ། ང་ཚོས་འདི་ལྟ་བུའི་རི་མོ་གཉིས་རྟོག་བཟོ་བྱས་ཆོག ལའེ་ཉིན་ཤི་ལོག་བརྒྱབ་པའི་དབང་དུ་བཏང་ན། དྲག་ཤེད་ལ་བརྟེན་ནས་དེ་སྔོན་གྱི“སོའུ་ལེན་བཙན་རྒྱལ་ཆེན་པོ”ཡི་ཨོ་རུ་སུ་ཐེ་བའི་རྒྱལ་ཁབ ༡༥ གཅིག་གྱུར་གྱིས་སོའུ་ལེན་ཆེན་པོ་གསར་འཛུགས་བྱས་ནས་གུང་ཁྲིན་རིང་ལུགས་ཀྱི་ལམ་ལུགས་ལྟར་དབང་བསྒྱུར་ཏེ་རྒྱ་ཆེ་བའི་སོའུ་ལེན་མི་དམངས་ཡོངས་རྫོགས་བྲན་གཡོག་ཏུ་བཀོལ་ཚེ། རྒྱལ་ཁབ་གཅིག་གྱུར་བྱས་པ་རེད། རི་མོ་གཞན་པ་དེ་ནི། སོའུ་ལེན་ཐོར་ཞིག་ཏུ་སོང་ནས་ད་ལྟའི་རྒྱལ་ཁབ ༡༥ རུ་གྱུར། སོའུ་ལེན་ཆེན་པོ་ཟེར་བ་ཞིག་མེད་པར་གྱུར་ཡང་མི་དམངས་ལ་རང་དབང་ཐོབ། གོང་ཞུས་རི་མོ་དེ་ལྟ་བུ་གཉིས། འཚོ་བ་རོལ་སྟངས་གཉིས་ལ་གདོང་ཕྱོགས་ཚེ། མི་དམངས་ཀྱིས་གང་གདམ་སྲིད་པ་རེད་དམ། སོའུ་ལེན་མི་དམངས་གྱིས“སོའུ་ལེན་ཆེན་པོ”ཐོར་ཞིག་གི་རིན་དོད་གཏོང་དགོས་ཀྱང་འགྲོ་བ་མིའི་རང་དབང་བདམས་པ་རེད། རྒྱ་ནག་པ་ཚོས་ཅིའི་ཕྱིར“ཀྲུང་གོ་ཆེན་པོ”ཐོར་ཞིག་ལས་རང་དབང་སྤུ་ཙམ་མེད་ན་དགའ་ཞེས་པའི་བསམ་བློའི་འདུ་ཤེས་བདམས་པ་རེད་དམ།

མཐའ་མཚམས། རྒྱལ་ཁབ་སོགས་ཐ་སྙད་འདི་དག་ལ་མཐར་ཐུག་གི་རིན་ཐང་དུས་ནམ་ཡང་མི་ལྡན། ཕྱི་ལོ ༡༩༧༥ ལོར། ཡོ་རུབ་རྒྱལ་ཁག་གིས་མཚན་རྟགས་བཀོད་པའི་“ཧེལ་སིན་ཁཱས་བསྒྲགས་གཏམ” ༼ Declaration of Helsinki ༽ནང་འདི་ལྟ་བུའི་དོན་ཚན་ཞིག་ཀྱང་ཡོད་ལ། དེ་ནི། ཡོ་རུབ་རྒྱལ་ཁབ་ཡོངས་ཀྱིས་ཕན་ཚུན་བར་གྱི་མཐའ་མཚམས་ལ་འགྱུར་བ་གཏོང་དགོས་པ་བྱུང་ཚེ། གལ་ཏེ་ཞི་བདེའི་རྣམ་པས་སྤེལ་བ་ཡིན་ན། མ་ཆོག་པ་མེད། ཧེལ་སིན་ཁཱས་བསྒྲགས་གཏམ་གྱི་བརྗོད་བྱའི་སྙིང་བོ་ནི། ས་མཚམས་ནི་ཡུན་གཏན་འགྱུར་མེད་ཀྱི་རང་བཞིན་ཅན་མིན་ལ། འགྲོ་བ་མིའི་རང་དབང་གི་སྨོན་འདུན་དེ་རྒྱལ་ཁབ་དང་ས་མཚམས་སོགས་རིན་ཐང་ལས་མཐོ། འདི་རྟོགས་དཀའ་བའི་གནས་ལུགས་ཤིག་མིན། རྒྱུ་མཚན་ནི་ས་མཚམས་དང་། རྒྱལ་ཁབ་ཀྱི་རྣམ་པ། སྤྱི་ཚོགས་ལམ་ལུགས་སོགས་ནི་མིས་གསར་གཏོད་བྱས་པ་རྐྱང་རྐྱང་རེད། དེ་ཚོའི་དང་ཐོག་གི་རིག་ལམ་དང་མཐའ་མའི་འཇུག་ཡུལ་ཚང་མ་འགྲོ་བ་མིའི་རང་དབང་དང་ལ་རྒྱའི་ཆེད་དུ་ཡིན། དེ་ཡིས་མི་མང་མང་ཆེ་བའི་འདོད་བློ་དང་འགལ་བ་དང་། ཡང་ན་འགྲོ་བ་མིའི་དགོས་འདུན་དང་མི་མཐུན་པའི་སྐབས་སུ། མི་རྣམས་ཀྱིས་དེ་དུས་དང་དགོས་དབང་སོགས་དང་འཚམ་པར་བཅོས་བསྒྱུར་བྱེད་དགོས་པ་ལས། འགྲོ་བ་མིའི་རང་དབང་རིན་དོད་དུ་བཞག་ནས་དེ་དང་མཐུན་ཐབས་བྱ་རྒྱུ་མིན།

མི་ལ་ལས། གལ་སྲིད་གནས་ལུགས་དེ་རྟག་གྲུབ་ན། ཀོང་ཏོན་དང་། སུ་ཁྲོན། ཧྲང་ཧེ་སོགས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ས་ཁུལ ༢༩ ཚང་མས་རང་བཙན་བྱས་ཚེ་ཇི་ལྟར་བྱ་ཟེར། གནད་དོན་ནི། དེ་འདྲའི་བསམ་ཚོད་ཀྱི་རྨང་གཞི་ཡོད་མ་ཡིན། ས་ཁུལ་ཞིག་གི་མི་དམངས་ཀྱིས་རང་བཙན་གྱི་དགོས་འདུན་བཏོན་ཚེ། དེ་ལ་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་པ་གདོན་ནི་ཟ། དཔེར་ན། ཐུན་མོང་མ་ཡིན་པའི་རིག་གཞུང་། མི་རིགས་ཁ་ཁ་། དེ་སྔོན་རང་བཙན་ཡིན་པའི་ལོ་རྒྱུས་ཡོད་པ། དེ་བཞིན་དུ་མི་དམངས་མང་ཆེ་བའི་འདོད་བློ་སོགས་ལྟ་བུ། རྒྱུ་མེད་རྐྱེན་མེད་དང་། གནས་ལུགས་རྒྱུ་མཚན་སོགས་གཅིག་ཀྱང་མེད་པར་རང་བཙན་གྱི་དགོས་འདུན་འདོན་ནི་སྲིད། དཔེར་ན། སོའུ་ལེན་རྒྱལ་ཁབ ༡༥ རུ་གས་པར་མཚོན་ན། ཨོ་རུ་སུ་ཡི་མངའ་ཁོངས་རྒྱ་ཁྱོན་དང་མི་འབོར་ཕྱོགས་གང་ནས་བསྡུར་ཡང་རྒྱལ་ཁབ་གཞན ༡༤ དང་ཆེ་བ་དང་མང་བས་བསྡུར་ཐབས་མེད་མོད། འོན་ཀྱང་། ཨོ་རུ་སུ་མི་དམངས་ཀྱིས་ད་དུང་ཡང་དུམ་བུ་འགའ་རུ་བགོ་རྒྱུའི་དགོས་འདུན་བཏོན་པ་གོ་ཐོས་མ་བྱུང་། དེའི་གལ་ཆེས་རྒྱུ་རྐྱེན་ཞིག་ནི། ཨོ་རུ་སུ་ནི་མི་རིགས་གཅིག་གིས་གྲུབ་པ་དང་། རིག་གཞུང་གཅིག་པ་མ་ཟད། ཉེ་རབས་ལོ་རྒྱུས་སུ་ཨོ་རུ་སུ་རྒྱལ་ཁབ་འགའ་རུ་གས་མྱོང་བའི་ལོ་རྒྱུས་ཀྱང་མེད། དེ་ལས་ཀྱང་གལ་ཆེ་བ་ནི། ཨོ་རུ་སུ་མི་དམངས་ལ་དེ་འདྲའི་འདོད་བློ་མེད་པས་ཡིན།

དེ་ནི་རྒྱ་ནག་གི་ཤར་བྱང་ཞིང་ཆེན་གསུམ་དེ་སྔོན་ཉི་ཧོང་གིས་དབང་བསྒྱུར་སྐབས་སུ། དངོས་སུ“མན་ཀྲུག་རྒྱལ་ཁབ”བཙུགས་པ་དང་གཅིག་མཚུངས་རེད། ཡིན་ན་ཡང་། དུས་དེ་རིང་བར་དུ་ཤར་བྱང་མི་དམངས་ཀྱིས་“རང་བཙན”རྒྱལ་ཁབ་འཛུགས་རྒྱུའི་དགོས་འདུན་བཏོན་མྱོང་མེད། གལ་ཏེ་བོད་རང་བཙན་བྱས་ཚེ། ཀོང་ཏོན་དང་། ཆིན་ཏའོ། ཧར་པེན་སོགས་ཀྱང་རང་བཙན་བྱེད་ངེས་ཡིན་པར་ཚོད་དཔག་གིས་བཤད་སྲོལ་དེ་ནི། རྒྱ་ནག་གི་སྐྱབས་བཅོལ་བ་བསྟུད་མར་ཨ་མེ་རི་ཀར་བསླེབས་དང་སླེབས་ཀྱིན་པའི་གནས་སྟངས་ལ་སྔོན་འགོག་དང་། དེ་ཚོ་ཕྱིར་རྒྱ་ནག་ཏུ་མ་སྤྲད་ན། གལ་ཏེ་རྒྱ་ནག་པ་དུང་ཕྱུར ༡༢ ཨ་མེ་རི་ཀར་ཡོང་ཚེ་ཅི་ཞིག་བྱེད་དམ། ཞེས་པའི་སེམས་ཁྲལ་དང་གཅིག་མཚུངས་རེད། དེ་དག་ཚང་མ་ནི་བྱུང་མི་སྲིད་པའི་བྱ་བ་ཞིག་མ་བྱུང་གོང་གི་ཚོད་དཔག་བསམ་ཚོད་ཁག་ཅིག་གིས་ཉམ་ཞན་གྱི་སར་ཡོད་པའི་མི་སྐོར་ཞིག་གམ་རིགས་ཚོགས་ཤིག་ལ་ཡོད་རུང་བའི་ཐོབ་ཐང་བཙན་འཕྲོག་བྱས་པ་རེད།

རྒྱ་ནག་པའི“རྒྱལ་ཁབ”ཀྱི་འདུ་ཤེས་མི་སྒེར་གྱི་རང་དབང་དང་ལ་རྒྱ་ལས་ཀྱང་གཙིགས་སུ་འཛིན་པའི་སྲོལ་རྒྱུན་ལ་དུས་ཡུན་ཧ་ཅང་རིང་བའི་ལོ་རྒྱུས་ཡོད། ལོ་ངོ་ལྔ་སྟོང་གི་རྒྱ་ནག་རིག་གཞུང་གི་ལོ་རྒྱུས་ཧྲིལ་བོ་ནི། རྒྱལ་བོ་དང་། རྒྱལ་ཁབ། སྤྱི་ཚོགས་སོགས་རིགས་ཚོགས་ཀྱི་རིན་ཐང་ནི་མི་སྒེར་གྱི་རང་དབང་ལས་གལ་ཆེན་དུ་སྒྲོག་པའི་ལོ་རྒྱུས་ཤིག་ཡིན། རྒྱ་ནག་གི་ཤེས་ལྡན་མི་སྣའི་མེས་པོ་ཁོན་ཙི་དང་། མིན་ཙི། དེ་བཞིན་ཁོང་ཚོའི་རྗེས་མཇུག་པ་བཅས་ཀྱིས་ཞིབ་མོའི་བློ་ཡིས་འཛུགས་བསྐྲུན་བྱས་པའི་རྒྱ་ནག་གི་རིག་གཞུང་གི་ཡང་སྙིང་ནི་མི་སྒེར་གྱིས་རིགས་ཚོགས་ལ་ཞབས་ཞུ་ཞུ་རྒྱུ་དེ་ཡིན།

ཉེ་རབས་རྒྱ་ནག་གི་རྙིང་རྒོལ་གསར་སྒྱུར་བཅོས་བསྒྱུར་མཁན་སྐག་གྲགས་ཆེ་བའི་ཤེས་ལྡན་མི་སྣ་ཁཱང་ཡིག་ཝེ། ལཱང་ཆས་ཁྲོ། ཁྲིན་ཏུའུ་ཞིག ཀྲང་ཐེ་ཡན། ལཱང་ཧྲའོ་མེན་སོགས་ཀྱིས་ཀྱང་ནན་གྱིས་བརྗོད་པ་ནི་སྟོབས་དཔལ་སྤེལ་རྒྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་རྒྱུ་ལས་མ་འདས། མི་སྒེར་གྱི་རང་དབང་དང་ཐོབ་ཐང་གླེང་སློང་བྱས་པ་ཤིན་ཏུ་ཉུང་། མོའུ་ལའེ་ཡི༼རང་དབང་གླེང་བ༽བསྒྱུར་མཁན་ཡཱན་ཧྥུ་ལྟ་བུར་མཚོན་ན་ཡང་། བསམ་བཞིན་དུ་དབྱིན་ཇིའི་རང་དབང་རིང་ལུགས་ཀྱི་བསམ་བློ་ཅན་གྱི་ཤེས་ལྡན་མི་སྣ་རྒྱ་ནག་པ་ཚོར་ངོ་སྤྲོད་དང་སྒྲོག་སྤེལ་བྱས་པ་བརྒྱུད། ད་དུང་ཡང་རང་དབང་རིང་ལུགས་དེ་རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་ཧྲག་པོར་གཏོང་བྱའི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱས་པ་ལས། རང་དབང་དམིགས་ཡུལ་དུ་བཟུང་བ་མིན། རྒྱ་ནག་དམར་པོའི་གཞུང་གིས་རྒྱ་ནག་འདི་དུས་རབས་ཕྱེད་ཙམ་ལ་དབང་བསྒྱུར་བྱས་པའི་རིང་། རྒྱལ་ཁབ་ཀྱི་རིན་ཐང་དེ་མི་སྒེར་ལས་ཆེ་བ་ཡིན་པའི་ལངས་ཕྱོགས་དང་སྲོལ་རྒྱུད་དེ་ཐལ་དྲགས་པའི་ཚད་ལ་གཏུགས་ཡོད། རྒྱ་ནག་པ་ཚོར་རྒྱལ་ཁབ་སྟོབས་ཆེན་དང་། མེས་རྒྱལ་གྱི་ཁེ་ཕན་དེ་གཙོ་བོའི་ནང་གི་ཡང་གཙོ་དེ་ཡིན་པའི་རིག་གཞུང་གི་བསླད་སྐྱོན་སྒོ་ཀུན་ནས་ཐེབས་ཡོད།

ཉེ་བའི་ལོ་ཤས་སུ་བྱུང་བའི་རྒྱ་ནག་སྐམ་ས་ཆེན་མོའི་མི་དམངས་ཀྱི་དམངས་གཙོ་དང་རང་དབང་རྩོད་ལེན་གྱི་ལས་འགུལ་ཁྲོད་། རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་དེ་ཡིན་པའི་མི་རིགས་བློ་ཁ་མཐོང་ཐུབ། དཔེར་ན། ཕྱི་ལོ ༡༩༧༦ ལོའི“ལྔ་བཞི”གནམ་བདེ་སྒོ་མོ་ཆེའི་ལས་འགུལ་དང་། ཡང་ན“གྱ་དགུ་ལོའི་དམངས་གཙོའི་ལས་འགུལ”། གནམ་བདེ་སྒོ་མོ་ཆེའི་དབྱངས་རྟ་གཙོ་བོ་དེ“རྒྱལ་གཅེས”རེད། གནམ་བདེ་སྒོ་མོ་ཆེའི་སློབ་མའི་དབུ་ཁྲིད་ཀྱིས་གཞུང་ལ་བཏོན་བའི་དགོས་འདུན་ཡང་དེང་གཞུང་གིས་སློང་མའི་ལས་འགུལ་དེ་ནི་རྒྱལ་གཅེས་ལས་འགུལ་ཞིག་ཡིན་པ་ངེས་ལེན་དགོས་པ་དེ་རེད། མི་སྒེར་རིང་ལུགས་དང་རང་དབང་རིང་ལུགས་ཀྱི་འབོད་སྒྲ་དེ་ཧང་ཅང་ཞན་པ་དང་ཕྲན་ཆུང་ཡིན། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་ཧ་ཅང་དྲག་པོ་ཡིན་པའི་གནས་ཚུལ་འོག རྒྱ་ནག་གི་ཤེས་ལྡན་མི་སྣ་སྐོར་ཞིག་གིས“དབང་གྲགས་རིང་ལུགས་གསར་བ”ཡི་བསམ་ཕྱོགས་བཏོན་ཡོད། “རིང་ལུགས”དེའི་ངོ་བོ་ནི། ད་དུང་ཡང་རྒྱལ་ཁབ་ཀྱི་ཁེ་ཕན་དེ་མི་སྒེར་གྱི་ཐོབ་ཐང་ལས་ཆེ་དང་། སྤྱི་ཚོགས་ལམ་ལུགས་དེ་མི་སྒེར་གྱི་རང་དབང་ལས་གལ་ཆེན་ཡིན་པ་སྣང་ཡོད་པས། སྲོལ་རྒྱུན་རྒྱ་ནག་གི་རིག་གཞུང་བསམ་གཞིག་ལས་འདའ་མེད།

དཕྱ་སྨོད་ཀྱི་ཡུལ་དུ་གྱུར་བ་དང་མི་རྣམས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་ནི། “རྒྱལ་ཁབ་སྟོབས་ཆེན་གལ་ཆེན་དུ་འཛིན་པའི”བསམ་བློ་དེ་རྒྱ་ནག་ནང་ལོ་ངོ་ལྔ་སྟོང་རིང་ཁྱབ་ནས་གནས་པ་རེད། འོན་ཀྱང་། རྒྱལ་ཁབ་དེ་སྟོབས་ལྡན་དུ་གནའ་ནས་ད་བར་དུ་གྱུར་ཐུབ་མེད། དེ་ཡི་རྒྱུན་མཚན་གཙོ་བོ་རྒྱ་ནག་པར་རག་ལས་ཡོད་ལ། ནང་སྒོས་སུ་རྒྱ་ནག་གི་སྐོར་དང་སྐོར་གྱིས་བྱུང་པའི་རྙིང་རུལ་གྱི་ཤེས་ལྡན་མི་སྣས་རིན་ཐང་གི་ལྟ་བའི་མགོ་མཇུག་གི་གོ་ལྡོག་པ་རེད། རྒྱལ་ཁབ་སྟོབས་ལྡན་གནད་དུ་བཟུང་བས་མི་སྒེར་གྱི་རང་དབང་དང་ཐོབ་ཐང་ཉམས་ཞན་དུ་བཏང་བ་རེད། རྒྱལ་ཁབ་ཕྱུག་པོ་དང་ཧྲག་པོ་དེ་མཐར་ཐུག་གི་དམིགས་ཡུལ་བྱེད་མི་རུང་། དེ་ལས་ལྡོག་སྟེ། མི་སྒེར་གྱི་རང་དབང་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ད་གཟོད་རྒྱལ་ཁབ་གནས་པའི་རིན་ཐང་དང་དོན་སྙིང་ཡིན་དགོས། རྒྱལ་ཁབ་སྟོབས་ཆེན་ནི“མཇུག་འབྲས”ཤིག་ཡིན་རུང་། རང་དབང་གི་གནས་སྟངས་འོག་ད་གཟོད་མི་ལ་བསམ་པའི་རིག་སྟོབས་དང་གསར་གཏོད་ཀྱི་རིག་སྟོབས་ལྡན་ཞིང་། ད་གཟོད་བསམ་པ་དང་དངོས་པོའི་ནོར་རྫས་ཕོན་ཆེན་གསར་གཏོད་བྱེད་ནུས། མཐའ་མར་ད་གཟོད་རྒྱལ་ཁབ་ལ་སྟོབས་གྱི་འབྲས་བུ་ཐོགས་ངེས་ཡིན། འདས་པའི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་སུ་རྒྱ་ནག་པས་མགོ་མཇུག་གོ་ལྡོག་ཡོད་པ་དང་། དེ་ཡིས་མཇུག་འབྲས་ནི་རྒྱལ་ཁབ་སྟོབས་ལྡན་དུ་མ་གྱུར་ལ། འགྲོ་བ་མིའི་རང་དབང་གི་ཐོབ་ཐང་ཡང་བཙན་འཕྲོག་བྱས་ཡོད།

མིའི་རང་དབང་གཙིགས་སུ་བཟུང་ན། བོད་དོན་སེལ་བའི་གཞི་རྩའི་ཐབས་ལམ་དེ་ཡིན་པ་མ་ཟད། རྒྱ་ནག་པ་རང་ཉིད་དེང་རབས་ཀྱི་མི་རུ་འགྱུར་ཐུབ་མིན་ཡང་དེར་རག་ལས་ཡོད་ཅིང་། རྒྱ་ནག་དེ་མིང་དོན་མཚུངས་པའི་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་མིན་གྱི་གནད་འགག་ཀྱང་དེ་ཡིན།

༢༽རྒྱ་ནག་པ་དུང་ཕྱུང ༡༢ ཀྱིས་ཐག་གཅོད་བྱེད་དམ། ཡང་ན་བོད་མི་མང་ཆེ་བའི་གདམ་ཀར་གུས་བརྩི་ཞུ་རྒྱུ།

མི་ལ་ལ་ཞིག་གིས། བོད་རང་བཙན་བྱེད་མིན་དེ་བོད་མི་ཁོ་ནས་གདམ་ཀ་བྱེད་ག་ལ་རུང་། དེ་རྒྱ་ནག་མི་དམངས་མང་ཆེ་བའི་འདོད་མོས་ལ་རག་ལས་ཡོད་ལ། རྒྱ་ནག་མི་དམངས་དུང་ཕྱུར ༡༢ མོས་མཐུན་ཡོད་མེད་ལ་ལྟ་དགོས་ཟེར། མི་ལ་ལས་དེ་ལ་མི་མངོན་བགབས་པའི་ཚུལ་གྱིས་རྒྱ་བོད་གཉིས་ཀ་ཐུན་མོང་གིས་ཐག་གཅོད་བྱེད་དགོས་ཟེར། འདི་ལྟ་བུའི“རྒྱ་རིགས་མང་ཤས་ཀྱིས་ཐག་གཅོད་སྨྲ་བ”དོན་དངོས་སུ་བོད་མིའི་གདམ་ཀའི་ཐོབ་ཐང་བཙན་འཕྲོག་བྱས་པ་རེད། གནས་ལུགས་དེ་དེ་འདྲའི་རྟོགས་དཀའ་མོ་མིན། རྒྱ་རིགས་དུང་ཕྱུར་བཅུ་ལྷག་ཡོད་པ་དང་། བོད་རིགས་ལ་ས་ཡ་དྲུག་མ་གཏོགས་མེད། གལ་ཏེ་རྒྱ་རིགས་ཀྱི་མི་འབོར་མི་འཕར་བའི་དབང་དུ་བཏང་ན། བོད་རིགས་འཛམ་གླིང་སྟེང་མི་འབོར་འཕེལ་ཚད་མགྱོགས་ཤོས ༣% གྱི་མྱུར་ཚད་ཀྱིས་འཕར་ཡང་། ལོ ༡༥༠༠འི་རྗེས་སུ་ད་གཟོད་ད་ལྟའི་རྒྱ་རིགས་ཀྱི་མི་འབོར་དང་འདྲ་མཉམ་ཡིན། དེ་ལྟ་བུའི་རྒྱ་རིགས་མང་ཤས་ཀྱིས་ཐག་གཅོད་བྱེད་རྒྱུའི་ལྟ་གྲུབ་དེས། དོན་དངོས་སུ་བོད་མི་རང་གིས་ཐག་གཅོད་བྱེད་རྒྱུའི་གོ་སྐབས་དུས་གཏན་དུ་མེད་པར་བཏང་བ་རེད།

བོད་ཀྱི་གནད་དོན་ཐད། “མང་ཤོས་ཀྱི”འདོད་མོས་ལ་གུས་བརྩི་ཞུ་རྒྱུ་ཟེར་བ་ནི། གནད་འགག་གཙོ་བོ་བོད་མི་མང་ཤོས་ཀྱི་འདོད་མོས་ལ་གུས་བརྩི་ཞུ་རྒྱུ་དེ་ཡིན་དགོས། “རྒྱ་ནག་ཆེན་པོ”དང “གཅིག་གྱུར”གཉིས་མཐར་ཐུག་གི་དམིགས་ཡུལ་མིན་པ་ཇི་བཞིན། རང་བཙན་ཡང་གལ་འགངས་ཤིན་ཏུ་ཆེ་བའི་རིན་ཐང་ཞིག་མིན། གལ་ཆེན་འགངས་ཆེན་དེ་བོད་མི་མང་ཆེ་ཤོས་ཀྱི་རང་དབང་གདམ་ཀའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུ་དེ་ཡིན་དགོས་ལ། ཁོང་ཚོས་རང་བཙན་དང་ཡང་ན་རྒྱ་ནག་གཅིག་གྱུར་ནང་མཉམ་གནས་བྱེད་རྒྱུ་གང་གདམ་ཡང་།

ཕྱི་ལོ ༡༩༣༣ ལོར། ཨ་མེ་རི་ཀའི་ཚབ་གཉེར་ས་ཁུལ—-ཕཱོར་ཀྲོ རི་ཀོ༼ The Commonwealth of Puerto Rico ༽ཡིས“སྤྱི་མོས་འོས་བསྡུ”ཡི་ལམ་ནས་གླིང་ཕྲན་དེ་ཨ་མེ་རི་ཀའི་མངའ་སྡེ ༥༡ པ་དེ་བྱེད་མིན་ཐག་གཅོད་བྱས་པ་རེད། སྤྱི་མོས་འོས་བསྡུ་དེ་ནི་མི་དམངས་ཀྱི་གདམ་ཀའི་ཐོབ་ཐང་ལ་གུས་བརྩི་བྱས་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན། གླིང་ཕྲན་དེ་ཨ་མེ་རི་ཀའི་ཆ་ཤས་ཤིག་ཏུ་གྱུར་མིན་དེ་ཨ་རིའི་མངའ་སྡེ་༥༠འི་མི་དམངས་ཀྱི་འདོད་མོས་ལ་རག་ལས་མེད་པར། གླིང་ཕྲན་དེའི་སྟེང་ཏུ་འཚོ་གནས་མི་དམངས་ཀྱིས་རང་དབང་འདེམས་བསྐོའི་ལམ་ནས་ཐག་གཅོད་བྱས་པ་རེད། གལ་ཏེ་ཨ་རི་མི་དམངས་མང་ཤོས་ཀྱིས་ཐག་གཅོད་བྱེད་དགོས་པའི་རྩ་དོན་ལྟར་སྤེལ་བའི་དབང་དུ་བཏང་ན། ཕཱོར་ཀྲོ རི་ཀོ་མི་དམངས་ལ་གདམ་ཀའི་ཀོ་སྐབས་ཡོད་མི་སྲིད། གླིང་ཕྲན་དེ་འཚོ་གནས་བྱེད་མཁན་མི་འཁོར་ས་ཡ་གསུམ་ལས་མེད་ཅིང་། ཨ་མེ་རི་ཀའི་མི་འབོར་ནི་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཡིན།

“སྤྱི་མོས་འོས་བསྡུའི་རང་ཐག་རང་གཅོད”ཀྱི་མཐའ་མའི་འབྲས་བུར། ཕཱོར་ཀྲོ རི་ཀོ་མི་དམངས་མང་ཆེ་བས་སྐབས་དུས་གནས་སྟངས་སོར་འཇོག་བྱེད་རྒྱུ་བདམས་ཡོད་པ་དང་། ཨ་མེ་རི་ཀའི་མངའ་སྡེ་ཞིག་ཏུ་གྱུར་རྒྱུའི་འདོད་མོས་བྱས་མེད། ཨ་རི་གཞུང་དང་མི་དམངས་ཀྱིས་མཐའ་མའི་འབྲས་བུ་དེ་ལ་ཐེ་གཏོགས་བྱས་མེད་པར། མཐའ་གཅིག་ཏུ་གླིང་ཕྲན་དེའི་མི་དམངས་ཀྱི་འདོད་བློ་ལ་གུས་བརྩི་བྱས་ཡོད། ཨ་མེ་རི་ཀའི་ཁྲིམས་ལུགས་ལྟར་ན། གལ་ཏེ་ཕཱོར་ཀྲོ རི་ཀོ་མི་དམངས་མང་ཆེ་བས་ཨ་རི་དང་གཅིག་གྱུར་བྱེད་རྒྱུ་བདམས་ནས་ཨ་རིའི་མངའ་སྡེ ༥༡ པ་དེར་གྱུར་ཚེ། རང་བཞིན་ངང་གིས་དངོས་ཡོད་གནས་སྟབས་སུ་ད་དུང་ཡང་གྱུར་མི་སྲིད། གྲོས་གཞི་དེ་ད་དུང་ཨ་རི་གྲོས་ཚོགས་ཀྱི་ཆོག་མཆན་དགོས་ལ། ཨ་མེ་རི་ཀའི་གྲོས་ཚོགས་ནི་རྒྱལ་ཡོངས་ཀྱིས་ཆེས་མཐོའི་ཁྲིམས་བཟོ་ལྷན་ཡང་ཡིན་པས། མི་དམངས་ཀྱི་འདོད་བློ་མཚོན་ཡོད། ཨ་རིའི་གྲོས་ཚོགས་ཀྱིས་དཔྱད་ཞིབ་བྱས་པ་དེ་ཨ་རི་མི་དམངས་མང་ཆེ་བས་དཔྱད་ཞིབ་བྱས་པ་དང་གཉིས་སུ་མ་མཆིས། བཤད་སྲོལ་ཞིག་གིས་བཤད་ན། ཕཱོར་ཀྲོ རི་ཀོ་ཡིས་རང་བཙན་བྱ་རྒྱུ་བདམས་ཚེ། ཁོང་ཚོ་རང་གི་མི་དམངས་མང་ཆེ་བས་ཐག་གཅོད་བྱེད་དགོས་ལ། ཕཱོར་ཀྲོ རི་ཀོ་མི་དམངས་མང་ཆེ་བས་ཨ་མེ་རི་ཀ་དང་ཟླ་སྒྲིལ་བྱ་རྒྱུར་བདམས་ཚེ། ཨ་རི་མི་དམངས་ཀྱི་ཆོག་མཆན་དགོས་པ་རེད།

གནས་ཚུལ་འདི་གཉེན་སྒྲིག་དང་ཁྱིམ་རྒྱུད་འབྲེལ་བ་གཉིས་དང་འདྲ་བོ་ཡོད། ཨ་མེ་རི་ཀར། གལ་ཏེ་བཟའ་མི་ཡ་གཅིག་གིས་གཉེར་འཐོར་གྱི་རེ་བ་བཏོན་ཚེ་ཁྲིམས་ཁང་གིས་ངོས་ལེན་བྱེད་པ་མ་ཟད། འཐོར་ཡང་ཐུབ། དེ་ལ་བཟའ་མི་ཕྱོགས་གཉིས་ཀས་མོས་མཐུན་མི་དགོས། གལ་ཏེ་བཟའ་ཚང་ཕྱོགས་གཅིག་གིས་ཡང་བསྐྱར་བསྐྱར་སྒྲིག་བྱ་རྒྱུའི་རེ་བ་བཏོན་ཚེ། ངེས་པར་དུ་ཕྱོགས་གཞན་པ་དེའི་མོས་མཐུན་ཡོད་ན་ད་གཟོད“གཅིག་གྱུར”བྱེད་ཐུབ། གཉེན་འཐོར་ལ་ཕྱོགས་གཅིག་ཁོ་ནའི་རེ་བ་བཏོན་ན་འགྲིག གཉེན་སྒྲིག་ལ་ངེས་པར་དུ་ཕྱོགས་གཉིས་ཀས་མོས་མཐུན་དགོས་ཤིང་། ཕྱོགས་གཅིག་གིས“སྒྲིག”འདོད་པ་ཙམ་གྱིས་སྒྲིག་ཆོག་ཆོག་མིན། ཁྱིམ་རྒྱུད་ཀྱི་འབྲེལ་བའང་དེ་འདྲ་རེད། གལ་ཏེ་སྤུན་མཆེད་འགའ་མཉམ་དུ་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན། གལ་ཏེ་སྤུན་གཅིག་ཕྱིར་བུད་ནས“རང་བཙན”གྱི་འཚོ་བ་རོལ་རྒྱུའི་རེ་འདུན་བཏོན་ཚེ། ཐོབ་ཐང་དེ་ཁོང་རང་ཉིད་གཅིག་པུ་ཁོ་ནར་ཡོད། གལ་སྲིད་ཕྱིར་བུད་ཟིན་པའི་བུ་སྤུན་དེ་ཉི་མ་ཞིག་ལ་ཕྱིར་ཡོང་ནས་སྤུན་མཆེད་ཚོ་དང་མཉམ་དུ“གཅིག་གྱུར”གྱི་འཚོ་བ་རོལ་རྒྱུའི་རེ་འདུན་ཡོད་ཚེ། སྤུན་མཆེད་མང་ཆེ་བའི་མོས་མཐུན་དགོས་པ་དང་ཀུན་ནས་མཚུངས་སོ།

གོང་ཞུས་དཔེ་མཚོན་དང་དོན་དག་དེ་དག་གི་རྒྱབ་ན། འདི་ལྟ་བུའི་མཚན་ཉིད་ཅིག་མངོན་ཡོད་ལ། དེ་ནི་མིའི་གདམ་ཀའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་དང་། མི་ཡི་རང་དབང་གི་འདོད་བློ་ནི་ཆེས་མཐོའི་རིན་ཐང་དུ་ངོས་འཛིན་བྱེད་དགོས་པ་དེ་རེད། འགྲོ་བ་མིའི་ལོ་རྒྱུས་ཀྱིས་མུ་ནས་མུ་རུ་བདེན་དཔང་བྱས་དང་བྱེད་ཀྱིན་པ་ཞིག་ནི། བཟང་བ་དང་ཡག་པོའི་རིགས། ཡང་ན་འཚོ་བ་རོལ་སྲོལ་ཡག་པོའི་རིགས་ལ། མི་རྣམས་ལ་བཙན་སྐུལ་བྱེད་མི་དགོས། མི་དམངས་ལ་རང་དབང་གདམ་ཆོག་པའི་ཆ་རྐྱེན་འོག མི་རྣམས་ཀྱིས་དུས་ནམ་ཡང་ཡག་པོ་དང་བཟང་བ་དེ་འདམ་ངེས་ཡིན། “ཡག་པོ”འདམ་པ་དེ་མངོན་པར་གྱུར་ཐུབ་པ་ནི། མི་རྣམས་ལ“བཙོག་པ”འདམ་པའི་ཐོབ་ཐང་ཡང་སྤྲད་པས་རེད།

 

 

༣༽བོད་རང་བཙན་བྱས་ཚེ་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་དམ།

ཅུང་མངོན་སུམ་པ་རྒྱ་རིགས་སྐོར་ཞིག་གིས་གལ་ཏེ་བོད་རང་བཙན་བྱས་ཚེ། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཐེབས་སྲིད་པ་རེད་ཅེས་ནན་བརྗོད་བྱས་འདུག ཁོང་ཚོའི་སེམས་ཁྲལ་ནི་རྒྱ་ནག་དང་རྒྱ་གར་བར་མཐའ་མཚམས་དམག་འཁྲུག་བྱུང་མྱོང་བ་དང་། ད་ལྟ་ད་དུང་ཡང་ཧི་མ་ལ་ཡ་རི་བོ་ངོས་གཉིས་ན་དམག་ཁུལ་ལྟེ་གནས་བཙུགས་ནས་ཁ་གཏད་དུ་ལངས་ཡོད། གལ་སྲིད་བོད་རང་བཙན་བྱས་ཚེ། རྒྱ་གར་གྱི་སྟོབས་ཤུགས་དང་དམག་བོད་ཁུལ་དུ་བསླེབ་ངེས་ཡིན་པས། རང་བྱུང་རི་རྒྱུད་མཐོན་པོའི་སྒྲིབ་པ་མེད་པར་གྱུར་དུས། རྒྱ་ནག་དབུས་ཁུལ་གྱི་བདེ་འཇགས་ལ་དམག་དོན་གྱི་ཉེན་ཁ་ཐད་ཀར་ཡོད་བ་དེ་རེད།

བསམ་ཚོད་དེས་དོན་དངོས་སུ་བོད་མིའི་ཞི་བདེ་དང་རང་དབང་རང་བཙན་འཚོལ་རྩོད་ཀྱི་སྲོལ་རྒྱུན་དང་རེ་སྨོན་ལ་མཐོང་ཆུང་བྱས་འདུག བོད་ཀྱི་ཉེ་རབས་ལོ་རྒྱུས་སུ་བོད་ལ་ཆིན་རྒྱལ་རབས་སོགས་རྒྱལ་ཁབ་གཞན་དག་གིས་བཙན་འཛུལ་ཐེངས་མང་བྱས་ཡོད། ད་སྐབས་རྒྱ་ནག་དམར་པོའི་གཞུང་གིས་དབང་བསྒྱུར་བྱས་ཡོད་པ་རེད། བོད་མི་རྣམས་རྒྱ་ནག་པའི་དབང་བསྒྱུར་ལས་ཐར་ཚེ། རང་དབང་རང་བཙན་རེག་དུས། རྒྱ་གར་གྱི་དབང་བསྒྱུར་དང་ཡང་ན་རྒྱ་གར་གྱི་དམག་གི་བཙན་འཛུལ་ལ་ཁས་འཆེས་ངེས་ཡིན་ཟེར་བར་གཞི་རྩ་ཅི་ཞིག་ཡོད་དམ། བཙན་བྱོལ་བོད་གཞུང་དང་བོད་མི་འབུམ་གཅིག་ཙམ་རྒྱ་གར་ནང་བཙན་བྱོལ་ཆེད་ཕེབས་ནས་ད་བར་ལོ ༣༥ ལྷག་ཕྱིན་ཡོད། རྒྱ་གར་གྱི་ས་ཐོག་ན་འཚོ་གནས་བྱས་ཡོད་ཀྱང་རྒྱ་གར་གྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དབང་བསྒྱུར་བྱས་མེད་ལ། བཙན་བྱོལ་བོད་གཞུང་དང་། དེ་ཡི་དབུ་ཁྲིད་ཚོ། བོད་མིའི་བཙན་བྱོལ་སྤྱི་ཚོགས་བཅས་ནི་རང་དབང་དང་རང་བཙན་ངང་གནས་ཡོད།

ཕྱི་ལོ་༡༩༨༧ལོར། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེས་ཨ་མེ་རི་ཀའི་གྲོས་ཚོགས་སུ་བཀའ་སློབ་བསྩལ་དུས། བོད་དོན་ཐག་གཅོད་བྱེད་ཐབས ༼ གྲོས་ཆོད་དོན་ཚན་ལྔ༽[23] ཞེས་པ་བཏོན་པ་རེད། དོན་ཚན་ནང་འབྱུང་འགྱུར་བོད་དེ་དམག་དོན་མེད་པའི་ས་ཁུལ་ཞིག་ཏུ་བསྐྲུན་རྒྱུ་དང་། དེ་མཚུངས་སུ་བོད་དེ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ལྗོངས་རྒྱུ་ས་ཁུལ་ཞིག་ཏུ་བསྐྲུན་རྒྱུའི་དགོངས་འཆར་བཏོན་ཡོད། གལ་སྲིད་བོད་དེ་དམག་དོན་མེད་པའི་ས་ཁུལ་ཞིག་ཏུ་གྱུར་ཚེ། རྒྱ་ནག་དང་རྒྱ་གར་གང་ཡིན་ཡང་བདེ་འཇགས་ཐད་བཟང་ལས་ངན་མེད་ལ། ཕྱོགས་སུ་ཡིས་ཕྱོགས་གཞན་ལ་ཕར་རྒོལ་བྱེད་དགོས་ན་ཐོག་མར་བོད་ཡུལ་བརྒྱུད་དགོས་པས། དེ་འདྲའི་ལས་ལ་བོད་མི་རྣམས་ཀྱིས་བཀག་འགོག་བྱེད་ངེས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སུན་འབྱིན་དྲག་པོ་བྱེད་ངེས་ཡིན། དེང་སྐབས་ནང་བཞིན། རྒྱ་གར་ནག་གི་དམག་དོན་བར་འགལ་ཟླ་ཞིག་བྱུང་མ་ཐག་དམག་འཁྲུག་ལངས་ཆོག་ཆོག་ཅིག་ཡིན་པ་དང། དེ་ནི་རྒྱ་ནག་དང་རྒྱ་གར་བར་བར་ཆོད་ས་ཁུལ་ལམ་འགལ་ཟླ་ཞི་ས་མེད་པས་ཀྱང་ཡིན། དམག་དོན་མེད་པའི་ས་ཁུལ་བོད་ལྟ་བུ་ཞིག འཚེ་མེད་ཞི་བའི་ལྟ་གྲུབ་ཅན་ཞིག་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཏཱ་ལའི་བླ་མས་དབུ་ཁྲིད་པའི་བོད་ཀྱིས་རྒྱལ་ཁབ་གང་གི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་དམ།

༤༽རྒྱ་ནག་གི་རོགས་སྐྱོབ་དང་བྲལ་ཚེ། བོད་ལ་རང་བཙན་རེག་ཀྱང་རང་ཁ་རང་གསོ་ཡི་ནུས་པ་ཡོད་དམ།

དང་པོ ༽ རྒྱ་རིགས་མང་པོ་ཞིག་གིས་བོད་དོན་གླེང་སློང་སྐབས། རྒྱ་ནག་དམར་པོའི་གཞུང་གིས་ནམ་རྒྱུན་གླེང་གིན་པའི་ལྟ་གྲུབ་ཅིག་ནན་གྱིས་བརྗོད་ཀྱིན་ཡོད། བོད་དེ་སྔ་ཞིང་བྲན་ལམ་ལུགས་ཡིན་ཞིང་། ཧ་ཅང་རྗེས་ལུས་དང་དབུལ་ཕོངས་ཡིན་པས། རྒྱ་ནག་ནང་ལོགས་ཀྱི་དངོས་ཤུགས་བརྒྱུད་གསུམ་ལ་བསྟེན་ནས་ད་གཟོད་བོད་མིའི་འཚོ་བ་ཡར་རྒྱས་སུ་སོང་ཡོད་ཚུལ་བཤད་ཀྱིན་ཡོད། པེ་ཅིང་གིས་བཀྲམས་པའི ༼བོད་ལྗོངས་འགྲོ་བ་མིའི་ཐོབ་ཐང་དེབ་རྒྱབ་ཤོག་དཀར་པོ་ཅན༽ཞེས་པས་ཀྱང་གཞུང་ཕྱོགས་ཀྱི་གྲངས་ཀ་འབོར་ཆེན་དྲངས་ནས་དེ་གསལ་བཤད་བྱས་འདུག་པ་དང་། དེ་ཡིས “གུང་ཁྲན་ཏང་མེད་ན། བོད་གསར་བ་མེད”ཞེས་པའི་ལྟ་གྲུབ་དེ་བདེན་དཔང་བྱེད་ཐབས་བྱས་ཡོད།

ཐོག་མར། ༼བོད་ལྗོངས་འགྲོ་བ་མིའི་ཐོབ་ཐང་དེབ་རྒྱབ་ཤོག་དཀར་པོ་ཅན༽གྱིས་ཁུངས་གཏུགས་སའི་གྲངས་ཀ་དེར་ཡིད་ཆེས་ཆོག་མིན་ལ་དོགས་པ་ཟས་ཆོག རྒྱ་ནག་སྐམ་ས་ཆེན་པོར་ད་བར་དུ་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་མེད། གྲངས་ཀ་ཞིག་ལ་གསར་འགྱུར་གླེང་ཕྱོགས་ཀྱི་ལྟ་སྐུལ་བྲལ་ཞིང་། ལྟ་སྤྱོད་མི་གཅིག་མཁན་གྱིས་དགག་རྒྱག་ཀྱང་བྱས་མི་ཆོག་པའི་གནས་སྟངས་འོག དེ་ཡི་བདེན་པའི་རང་བཞིན་ལ་ཡིད་ཆེས་ག་ཚོད་ཅིག་བྱས་ཆོག་གམ། ཕྱི་རུ་གོམ་གང་ནུར་ནས་བཤད་ན། གྲངས་ཀ་དེ་དག་ལ་ཡིད་ཆེས་རུང་ཡང་། རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་ལ་ལོ་ངོ་བཞི་བཅུ་ལྔ་བཅུའི་རིང་གི་འཕེལ་རྒྱས་ཀྱི་དུས་སྐབས་རིང་། ཡར་རྒྱས་ཆུང་ཆུང་ཞིག་དང་འཕེལ་རྒྱས་གང་མཚམས་ཤིག་ཡོད་སྲིད་པ་མ་རེད་དམ། བོད་མི་རང་གིས་བོད་ལྗོངས་བདག་སྐྱོང་བྱས་ཡོད་པའི་དབང་དུ་བཏང་ན། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་ད་ལྟའི་གནས་སྟངས་ལས་ཞན་ངེས་ཡིན་པ་ཡང་སུ་ཡིས་བདེན་དཔང་བྱེད་ཐུབ་བམ།

གཉིས་པ༽ མི་སུ་གཅིག་གིས་ཀྱང་དེ་སྔོན་ཞིང་བྲན་ལམ་ལུགས་སྐབས་ཀྱི་བོད་ཀྱི་རྗེས་ལུས་གནས་བབ་ལ་བསྒགས་མེད། འོན་ཀྱང་། དམག་ཤེད་བཙན་འཛུལ་གྱི་རྣམ་པས་རིགས་ཐ་དད་ཅན་གྱི་སྤྱི་ཚོགས་ཤིག་ལ་བཙན་ཤེད་ཀྱིས་བཅིས་བསྒྱུར་བྱས་ན་འགྲིག་གམ། གནས་ལུགས་དང་མཐུན་ནམ།

རྒྱ་ནག་པས་ཞིང་བྲན་ལམ་ལུགས་གླེང་དུས་སུ། ལམ་སང་མིག་ལམ་དང་བློ་ཡུལ་དུ་ཤར་བ་ནི་དེ་སྔོན་རྒྱ་ནག་དེང་གཞུང་གིས་བཟོ་བསྐྲུན་བྱས་པའི་བོད་ལྗོངས་ཀྱི་་ཞིང་བྲན་བདག་པོའི་སྙིང་རྗེ་མེད་པའི་བྱ་སྤྱོད་ཐེར་འདོན་བྱེད་པའི༼ཞིང་བྲན༽ཞེས་པའི་གློག་བརྙན་དེ་ཡིན། གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་སྟེ་བྱམས་པ་ཡི་དཀའ་སྡུག་གི་སྣང་བརྙན་དེ་བོད་ལྗོངས་ཀྱི་མཚོན་བྱེད་དུ་གྱུར་ཡོད། ཡིན་ན་ཡང་། སྤྱི་ཚོགས་རྙིང་པའི་བོད་ཀྱི་མུན་ནག་གི་རྣམ་པ་དེ་དོན་དངོས་སུ་རྒྱ་ནག་དེང་གཞུང་གིས་སྒེར་གཅོད་བྱས་པའི་སྨྱན་བྱད་ཁག་གིས་འཁྱོག་བརྗོད། འུར་བརྗོད། བཙོག་བརྗོད་བྱས་པ་ཤར་སྟག་རེད། རྒྱ་ནག་དམར་པོའི་གཞུང་གིས་ཀྲུང་གོ་སྤྱི་ཚོགས་རྙིང་བའི་གནས་སྟངས་ཀྱང་གཅིག་མཚུངས་ཀྱིས་འཁྱོག་བརྗོད་བྱས་ཡོད་ལ། དེ་ཡི་དམིགས་ཡུལ་ནི། ཇི་འདྲའི་དབུལ་ཞིང་ཕོངས་ཡང་། མི་རྣམས་དེང་སྐབས་གྱི་འཚོ་བར་ཡིད་ཚིམ་བྱེད་རྒྱུའི་སླད་དུ་ཡིན། དེ་དང་འགྲོས་མཉམ་དུ་དམར་ཤོག་ཚོགས་པའི་དེང་སྐབས་ཀྱི་དབང་བསྒྱུར་དེའི་གནས་ལུགས་རང་བཞིན་དང་། ཁྲིམས་མཐུན་རང་བཞིན་དེ་བདེན་དཔང་བྱེད་རྒྱུར་དམིགས་པ་ཞིག་ཀྱང་ཡིན།

རྒྱ་ནག་མི་དམངས་དུས་ཡུན་རིང་པོར་དེ་ལྟ་བུའི་སྣ་གཅིག་དྲིལ་བསྒྲགས་འོག་གནས་ཞིང་། དུས་ཡུན་རིང་པོ་ཕྱིན་ཚེ། བོད་ཀྱི་མཚོན་རིས་དེ་གློག་བརྙན༼ཞིང་བྲན༽ཁོར་ནར་གྱུར་བ་དང་། བོད་མི་རྣམས་བྱམས་པ་རུ་གྱུར་བ་རེད། དེ་ལྟར་ངང་གནས་པས། རྒྱ་ནག་དམར་པོའི་གཞུང་གིས་དམག་ཤེད་བཀོལ་ནས་བོད་བཙན་འཛིན་བྱས་རྗེས་བོད་ཁུལ་ཡོངས་སུ་བཙན་དབང་གིས་སྤྱི་ཚོགས་བཅོས་བསྒྱུར་བྱས་པའི་གདུག་རྩུབ་ལ་དྲན་གསོ་མི་བྱེད། ཕྱིར་འདང་ཡང་མི་རྒྱག

གསུམ་པ༽ “གུང་ཁྲན་ཏང་མེད་ན། ཀྲུང་གོ་གསར་བ་མེད”ཅེས་པའི་གནད་དོན་ཇི་བཞིན། “གུང་ཁྲན་ཏང་མེད་ན། བོད་གསར་བ་ཡོད་དམ་མེད”། རྒྱ་ནག་སྐམ་ས་ཆེན་མོའི་འདས་པའི་ལོ་ངོ ༤༥འི་རིང་གི་བློ་ཕམ་ཡིད་གདུང་ཆེ་བའི་དངོས་ཡོད་བསླབ་བྱས་མི་རྣམས་ལ་བརྗོད་པ་ཞིག་ནི། དམར་ཤོག་ཚོགས་པའི་དབང་བསྒྱུར་འོག རྒྱ་ནག་མི་དམངས་ཀྱིས་ཇི་འདྲའི་བློ་ཡུལ་དུའང་ཤར་དཀའ་བའི་སྡུག་བསྔལ་མྱངས་པ་དེ་རེད། བོད་དུའང་གཅིག་མཚུངས་རེད། འདས་པའི་དུས་རབས་ཕྱེད་ཀྱི་རིང་དམར་ཤོག་ཚོགས་པས་ད་དུང་ཡང་ལམ་ལུགས་ཡག་པོ་ཞིག གནས་བབ་བཟང་པོ་ཞིག་བསྐྲུན་ཐུབ་མེད་པས། ཅིའི་ཕྱིར་ད་དུང་ཡིན་ཡང“ཏང་གི་འགོ་ཁྲིད”རྒྱུན་འཁྱོངས་བྱེད་དགོས་དོན་ཅི་ཡིན་ནམ།

རྒྱ་ནག་པའི་རོགས་རམ་དང་བྲལ་ཚེ། བོད་མི་རྣམས་འཚོ་གནས་བྱེད་ཐབས་མེད་ཟེར་པའི་ལྟ་གྲུབ་དེ། དོན་དངོས་སུ་བོད་མི་དམངས་ཀྱི་བློ་གྲོས་དང་། ཤེས་རབ། གསར་གཏོད་ཀྱི་ཤེས་པ། འགྲོ་བ་མིའི་ཐུན་མོང་རང་བཞིན་ལ་དམའ་འབེབས་བྱས་ཡོད་ལ། གཞི་རྩའི་ཆ་ནས་མཐོང་ཆུང་དང་ཁྱད་གསོད་ཡིན།

རྒྱ་གར་ན་སྐྱབས་བཅོལ་འོག་ཡོད་པའི་བོད་མི་ཚོས་རང་གི་བཙན་བྱོལ་བོད་གཞུང་བཙུགས་པ་མ་ཟད། བོད་མི་སྐྱབས་བཅོལ་བ་ཡོངས་ཀྱིས་རང་དབང་འདེམས་བསྐོའི་ལམ་ནས་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་། གསར་འགྱུར་རང་དབང་། མི་སྒེར་གྱི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་གསར་བ་གཏན་འབེབས་ཀྱང་བྱས་ཡོད། ཨ་མེ་རི་ཀ་ཁཱི་ལོན་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་བོད་དོན་ཞིབ་འཇུག་ཁྱད་མཁས་པ་སྐུ་ཞབས་རཱའོ་བྷིར་ཊི སྟོར་མན(Robert Thorman)ལགས་ཀྱིས་འདི་ལྟར་གདེང་འཇོག་བྱས་ཡོད། ༧གོང་ས་ཏཱ་ལའི་བླ་མས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་ལྟ་རིན་ཅན་གྱི་བོད་ཀྱི་སྤྱི་ཚོགས་ཤིག་གསར་དུ་བཙུགས་ནས། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་འདུག[24] བོད་མིས་ས་མཐའ་སྐྱིབས་འོག་གི་གནས་སྟངས་འོག་ནས་ཀྱང་རང་དབང་རང་བཙན། དམངས་གཙོའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་ཅན་ཞིག་འཛུགས་ཐུབ་ན། ཁོང་ཚོ་རང་ས་རང་ཡུལ་བོད་ལྗོངས་སུ་རང་ཡུལ་རང་བདག་བྱས་ཚེ་ནུས་པ་དེ་མེད་པར་གྱུར་དགོས་དོན་ཅི་ཞིག་ཡིན་ནམ། མི་ལ་ལས། བོད་ལ་བཟོ་ལས་མེད་པས། རྒྱ་ནག་པས་རོགས་རམ་དང་བྲལ་ཚེ། དེ་ལྟ་བུའི་ས་ཁུལ་དུ་འཕེལ་རྒྱས་ཡོང་དཀའ་ཟེར། འོན་ཀྱང་། སོག་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མིའང་འབྲོག་པ་རེད། ཁོང་ཚོ་འགྲོ་བ་མི་གཞན་དག་ཇི་བཞིན་འཚོ་ཞིང་གནས་ཐུབ་པ་མ་ཟད། སུའུ་ལེན་བཙན་རྒྱལ་བ་ཁ་འཐོར་དུ་ཕྱིན་པའི་འགྲོས་དང་མཉམ་དུ། སོག་པོ་མི་དམངས་གུང་ཁྲན་རིང་ལུགས་དང་ཁ་བྲལ་རྗེས། མི་རྣམས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དང་རང་དབང་ཅན་དུ་གྱུར་ཡོད་པ་མ་ཡིན་ནམ། གནད་འགག་ནི་མི་རིགས་སུ་ཡིན་ཡང་། ཤ་མདོག་ཅི་ཞིག་ཡིན་ཡང་། མི་དམངས་ལ་རང་དབང་ལྡན་ཚེ། རང་ཉིད་ཀྱི་མ་འོངས་པ་གསར་གཏོད་ནུས་པར་ཡིད་ཆེས་བྱེད་དགོས། རྒྱ་ནག་པ་རྣམས་ཀྱིས་དུས་རྟག་ཏུ་དམར་ཤོག་ཚོགས་པའི་བསམ་བློ་ཁྱེར་སྲོལ་བཟུང་ནས། རང་ཉིད་མི་གཞན་གྱིས “སྐྱབས་མགོན”བྱེད་རྒྱུ་མ་བསམ།

 

བཞི་བ། ཆེས་མཐོའི་རིན་ཐང་ནི་འགྲོ་བ་མིའི་རང་དབང་ཡིན།

བོད་དོན་སེལ་རྒྱུའི་གཞི་རྩའི་རྩ་དོན་ནི་འགྲོ་བ་མིའི་གདམ་ཀའི་ཐོབ་ཐང་ལ་བརྩི་བཀུར་ཞུ་རྒྱུ་དང་། འགྲོ་བ་མིའི་རང་དབང་དེ་ཆེས་མཐོའི་རིན་ཐང་དུ་བཀུར་རྒྱུ་ལས་མ་འདས།

རྒྱལ་ཁབ་དང་། ས་མཚམས། སྤྱི་ཚོགས་སྒྲིག་སྲོལ་སོགས་ཚང་མ་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཆེད་གཏན་འབེབས་བྱས་པ་ཞིག་ཡིན་དགོས་ཤིང་། དེ་དེང་ཐོག་གི་དགོས་དམིགས་དེ་དང་བྲལ་ཚེ། དེ་ལ་འགྱུར་བ་གཏོང་དགོས།

་དེང་རབས་ནུབ་གླིང་དཔལ་ཡོན་གྱི་རྨང་གཞི་འདིང་མཁན་གྱི་གྲོས། དབྱིན་ཇིའི་བསམ་བློ་བ་སྐུ་ཞབས་རྗང ལོ་ཁེ(John Locke)ཡིས་ལོ་སུམ་བརྒྱའི་ཡར་སྔོན་དུ་རྒྱས་བཤད་གནད་ལ་འཕིགས་པ་བྱས་ཡོད། དེ་ཡང་ཁོང་གིས། རྒྱལ་ཁབ་གྱི་རྣམ་པ་དང་རྒྱལ་ཁབ་ཁྲིམས་ལུགས་མ་བྱུང་བའི་སྔོན་དུ། “རང་བྱུང་ཁྲིམས”ཟེར་བ་ཞིག་ཡོད། དེ་ནི་འགྲོ་བ་མི་ལ་སྐྱེས་མ་ཐག་ཏུ་མངའ་བའི་སྐྱེས་ཐོབ་ཀྱི་རང་དབང་དང་། འདྲ་མཉམ། སྒེར་གྱི་རྒྱུ་ནོར་ཡོད་ཆོག་པའི་ཐོབ་ཐང་ཡིན། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱེད་དོན་ཡང་འགྲོ་བ་མིའི“རང་བྱུང་ཁྲིམས”དེ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ལ། དེ་ལ་འགྲོ་བ་མིའི་རང་དབང་གཞན་གྱི་བཙན་འཛུལ་དང་བཙན་འཕྲོག་མི་བྱེད་རྒྱུའི་ཆེད་དུ་ཡིན། གལ་སྲིད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྤྱི་ཚོགས་ལམ་ལུགས་གང་རུང་འགྲོ་བ་མིའི“རང་བྱུང་ཁྲིམས”སྲུང་སྐྱོབ་བྱེད་རྒྱུའི་དགོངས་དོན་དང་འགལ་ཚེ། དེ་ལ་བཅོས་བསྒྱུར་གཏོང་དགོས། སྲིད་དབང་སྒེར་གཅོད་པར་ཐུག་ཚེ། མི་དམངས་ལ་གསར་བརྗེ་བྱེད་རྒྱུའི་ཐོབ་ཐང་ཡོད། ཅེས་བརྗོད་ཡོད་པ་རེད། ལོ་ཁེ་ཡི་མི་དམངས་ཀྱི་བདག་དབང་དང་། འདྲ་མཉམ་བླ་མེད་སྨྲ་བའི་གཞུང་ལུགས་དེ་ཧྥ་རན་སིའི་བསམ་བློ་བ་ལཱའོ་སོའུ་ཡིས་སྨྱུག་རྩེ་རུ༼སྤྱི་ཚོགས་ཆིངས་ཡིག་སྨྲ་བ༽རུ་སྤྲུལ་ནས་མངོན་ཡོད་ལ། གཞུང་གི་རྣམ་པ་དེ་ནི་གཞུང་དང་མི་དམངས་བར་གྱི“ཆིངས་ཡིག”ཅིག་སྟེ། མི་དམངས་ཀྱིས་རྒྱལ་ཁབ་བདག་སྐྱོང་གི་ཐོབ་ཐང་གཞུང་ལ་གནང་བ་ཙམ་རེད། མི་དམངས་མང་ཆེ་བའི་འདོད་མོས་ནི་གཞུང་དེར་ཁྲིམས་མཐུན་གྱི་རང་བཞིན་ལྡན་པའི་རྨང་གཞི་ཚུགས་ས་དེ་ཡིན། དེ་རྗེས་སུ། ཨ་མེ་རི་ཀའི་སྲིད་འཛིན་གསུམ་པ་སྟོ་མ་སི རྗ་ཧྥིར་སིན་གྱིས་ཟིན་བྲིས་སུ་བཏབས་པའི་ཨ་རིའི༼རང་བཙན་བསྒྲགས་གཏམ༽དང་། ཨ་མེ་རི་ཀའི་རྩ་ཁྲིམས་ཀྱི་ཡབ་ཆེན་མཱ་ཌི་སན་གྱི་རྒྱས་པར་བརྗོད་པ་སོགས་སུ་ཚང་མས་འགྲོ་བ་མིའི་རང་དབང་དང་། ལ་རྒྱ། ཆེ་མཐོང་། ཚེ་སྲོག་བཅས་ནི་ཆེས་མཐོ་བའི་རིན་ཐང་མཚོན་པའི་མི་རིག་བསམ་བློ༼འགྲོ་བ་མི་དང་རིག་གཞུང་གི་བསམ་བློར་གོ་དགོས། བསྒྱུར་མཁན་གྱི་མཆན༽རུ་བཀུར་ཡོད།

མི་རིག་བསམ་བློའི་ཐད་ནས་གླེང་ན། ང་ཚོས་ངེས་པར་དུ་བོད་མི་དམངས་ཀྱི་རང་དབང་གི་བློ་མོས་དང་ཕུགས་འདུན་ལ་གུས་བཀུར་ཞུ་དགོས། དེ་ནི་བོད་མི་དམངས་ལ་རང་ཉིད་ཀྱི་དབུ་ཁྲིད་དང་། རང་ཉིད་ཀྱི་སྤྱི་ཚོགས་ལམ་ལུགས། རང་ཉིད་ཀྱི་རིག་གཞུང་། རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྣམ་པ། འཚོ་གནས་བྱེད་སྟངས་སོགས་གདམ་རྒྱུའི་ཐོབ་ཐང་ཡོད། གདམ་ཀའི་ཐོབ་ཐང་དེ་བོད་མི་དམངས་ཁོ་ནར་མངའ་བ་ཞིག་ལས་རྒྱ་རིགས་མི་དམངས་ལ་ཡོད་མི་རུང་། རྒྱ་ནག་མི་དམངས་ཀྱིས་དམར་ཤོག་ཚོགས་པའི་གདུག་རྩུབ་ཆེ་བའི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་དོན་ནི་སྲིད་དབང་དེས་འགྲོ་བ་མིའི་རང་དབང་བཙན་འཕྲོག་བྱས་པས་ཡིན། གལ་ཏེ་རྒྱ་རིགས་པ་ཚོས་དམར་ཤོག་ཚོགས་པར་ངོ་རྒོལ་འཐབ་རྩོད་དང་མཉམ་དུ་བོད་ལ་དབང་བསྒྱུར་གྱི་ཐོབ་ཐང་རྒྱུན་འཁྱོངས་བྱས་ཚེ། བོད་མིའི་གདམ་ཀའི་རང་དབང་བཙན་འཕྲོག་བྱས་པ་མ་ཟད། སྤྱི་བཏང་རང་དབང་ལའང་ཁྱད་གསོད་བྱས་ཡོད།

རྒྱ་ནག་པར་ནམ་རྒྱུན་མི་རིགས་རིང་ལུགས་གཙིགས་ཆེན་བྱེད་པའི་བློ་ཁ་མངའ་ཞིང་། དེ་རིང་བོད་ཀྱི་གནད་དོན་ལ་ཐུག་དུས། རྒྱ་ནག་མི་དམངས་ཀྱིས་དངོས་གནས་མི་རིགས་རིང་ལུགས་གཙིགས་སུ་ཐེངས་ཤིག་ལ་འཛིན་དགོས། དེ་ནི་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་རྒྱ་རིགས་ཆེན་པོས་མི་རིགས་ཉམ་ཆུང་བོད་ལ་དུས་ཡུན་རིང་པོར་དབང་ཡོད་གཉའ་གནོན་དང་ཐུབ་ཚོད་བརྙས་བཅོས་བྱས་པར་རང་ཉིད་ཀྱི་ངོ་གདོང་ཕྱོགས་དུས། རྒྱ་ནག་པ་ཞིག་ཡིན་པའི་ཆ་ནས། བོད་མི་དམངས་ཀྱི་མདུན་དུ་ངོ་ཚ་དགོས། སྒོས་སུ་རྒྱ་རིགས་ཤེས་ལྡན་མི་སྣས་བཙན་དབང་གནོད་སྤྱོད་ལ་ཐུག་དུས་གཏམ་མི་སྨྲ་དགུན་ཁའི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་བར། ལྷག་པར་དུ་རྒྱ་ནག་དམར་པོའི་གཞུང་གི་དྲིལ་བསྒྲགས་དང་བསྟུན་ཐབས་གནང་བར་ངོ་ཚ་དགོས། ཁ་སྐྱེངས་དགོས།

ཉེ་རབས་རྒྱ་ནག་ལ་བཙན་དབང་རྒྱལ་ཁབ་རྣམས་ཀྱིས་བཙན་འཛུལ་དང་བརྙས་བཅོས་རེག་མྱོང་ཡོད། དེ་རིང་རྒྱ་ནག་པས་མི་རིགས་ཉམ་ཆུང་གཞན་ལ་དབང་ཡོད་བརྙས་བཅོས་བྱེད་ཀྱིན་ཡོད། བྱ་སྤྱོད་དེ་རྒྱ་ནག་པ་དང་། ནང་སྒོས་སུ་རྒྱ་ནག་ཧན་མི་རིགས་ཀྱི་ལོ་རྒྱུས་སུ་ནམ་ཡང་ངོ་གནོང་དགོས་པའི་ལེའུ་ཞིག་ཏུ་གྱུར་ངེས་ཡིན་ལ། རྒྱ་ནག་པ་ཞིག་ཡིན་པ་ཆ་ནས། མ་འོངས་པར་ཡོང་ངེས་ཡིན་པའི་ཁྲིམས་ཁང་གི་འདྲི་གཅོད་མདུན་དུ་འགྱོད་བཤགས་བྱོས་ཨང་།

མཆན།

[1] ཡཱ་ཧན་ཀྲང། ༼ཏཱ་ལའི་བླ་མའི་རྣམ་ཐར༽ གླེང་གཞི། མི་དམངས་པར་སྐྲུན་ཁང་གིས་པར་བསྐྲུན་བྱས། ཕྱི་ལོ༡༩༨༤། པེ་ཅིང་།

[2] གཅིག་དང་གཅིག་མཚུངས། ཤོག་ངོས ༢༡ ན།

[3] གཅིག་དང་གཅིག་མཚུངས། ཤོག་ངོས ༢༡ ན།

[4] གཅིག་དང་གཅིག་མཚུངས། ཤོག་ངོས ༣༥ ན།

[5] ཀྲུང་གོ་བོད་རིགས་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་ལོ་རྒྱུས་ཡིག་ཚགས་ཨང་གཉིས་པས་མཉམ་འབྲེལ་གྱིས་རྩོམ་སྒྲིག་བྱས་པའི༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་མཆོད་འབུལ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གསེར་ཁྲི་མངའ་གསོལ་ཡིག་ཚགས་གཅེས་བཏུས༽ཀྲུང་གོ་བོད་རིགས་པའི་ཞིབ་འཇུག་པར་སྐྲུན་ཁང་གིས་པར་བསྐྲུན་བྱས། ཕྱི་ལོ ༡༩༩༠ལོར། པེ་ཅིང་།

[6] ལྔ་བ་དང་གཅིག་མཚུངས། ཤོག་ངོས ༣༢༩ ན།

[7] ལྔ་བ་དང་གཅིག་མཚུངས ཤོག་ངོས ༣༣༠ ན།

[8] ༼བོད་ལྗོངས་ཉིན་རེའི་ཚགས་པར༽ ཕྱི་ལོ་༡༩༨༩ལོའི་ཟླ ༨ ཚེས ༣༡ ཉིན།

[9] ལྔ་བ་དང་གཅིག་མཚུངས་། ༤༣༩ གཞུང་ཡིག

[10] ལྔ་བ་དང་གཅིག་མཚུངས། ཤོག་ངོས ༤༤༡ གཞུང་ཡིག

[11] དང་པོ་དང་མཚུངས། ཤོག་ངོས། ༣༤ ན།

[12] “བོད་ཀྱི་བདག་དབང་འབྲེལ་གཏོགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས”། ཕྱི་ལོ ༡༩༩༢ལོའི་ཟླ ༩ ཚེས ༢༡ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་སྡེ་ཚན། ཧོང་ཀོང་གི༼ཏཱ་ཀོང་ཚགས་པར༽། ཕྱི་ལོ ༡༩༩༢ལོའི་ཟླ ༩ཚེས་༢༤ཉིན། པར་ངོས ༨པར།

[13] རྗང ཨེ་ཧྥི ཨ་བི་ཌོནགྱི༼གངས་ལྗོངས་ཕྱི་རོལ་གྱི་བཙན་བྱོལ་ཟིན་ཐོ༽། ཐེ་ཝན་ཧྭ་ཇས་པར་སྐྲུན་ཁང་གིས་ཕྱི་ལོ ༡༩༩༡ ལོར་པར་བསྐྲུན་བྱས་ཤིང་། ཤོག་ངོས ༡༣༤ན།

[14] ཌ་ནོལ སའོ་རྡིར་ལན་ཌིའི༼མའོ་དུས་རབས་ཀྱི་འབངས་མི་རྐྱེན་འདས༽ཆེད་སྒྲིག་སྙན་ཐོ། ༼ཝ་ཞིན་ཊིན་བང་ཆེན༽ཕྱི་ལོ་༡༩༩༤ལོའི་ཟླ༧ ཚེས ༡༧། ཚེས༡༨།

[15] ༼བོད་ཀྱི་བདེན་དོན༽། བཙན་བྱོལ་བོད་གཞུང་ཕྱི་འབྲེལ་དང་དྲིལ་བསྒྲགས་ལྷན་ཁང་། དྷ་རམ་ས་ལ། ཕྱི་ལོ ༡༩༩༣། ཤོག་ངོས ༢༠ ན།

[16] ཐང་ཏཱ་ཞན། ༼ལྷ་སར་ཕྱོགས་པའི་རྩེ་གྲི ——-༡༩༨༩ལོར་བོད་ལྗོངས་ལྷ་སའི་དོན་རྐྱེན་གྱི་དངོས་གནས་ཞིབ་འབྲི༽ ༼ཀྲུང་གོ་དམངས་གཙོའི་དུས་དེབ༽ སྟེང་བཏོན། ཕྱི་ལོ་༡༩༩༠ལོའི་ཟླ ༨ ། དུས་ཕྲེང་གསུམ་པ། ཤོག་ངོས ༣༣ན།

[17] ༧གོང་ས་མཆོག་གིས་ཕྱི་ལོ ༡༩༩༡ལོའི་ཟླ ༡༠ ཚེས ༩ ལ་ཨ་རིའི་ཡེལ་སློབ་ཆེན་དུ་གསུང་བཤད། ཉི་ཧོང་གི༼ཀྲུང་གོའི་དམངས་གཙོ༽ཟླ་དེབ་སྟེང་བཏོན། ཕྱི་ལོ ༡༩༩༣ལོའི་ཟླ་དགུ་བའི་དུས་དེབ།

[18] བཅོ་ལྔ་དང་གཅིག་མཚུངས། ཤོག་ངོས ༡༩ ན།

[19] རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་༼བོད་ཀྱི་བདག་དབང་འབྲེལ་གཏོགས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས༽ཞེས་པའི་ནང་གི་གྲངས་ཀར་གཞིགས་ན། ཕྱི་ལོ་༡༩༩༠ ལོའི་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཐེངས་བཞིའི་བསྡོམས་རྩིས་ལྟར་ན། བོད་ཀྱི་མི་འབོར་ནི་ས་ཡ་བཞི་དང་འབུམ་དྲུག་ཙམ་ཡིན་ཞིང་། ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཧྭན་ཞང་གིས༼པེ་ཅིང་དཔྱད་བརྗོད༽ཀྱི་ཕྱི་ལོ ༡༩༨༨ལོའི་ཟླ ༢ པར་བཏོན་པའི་ཞིབ་འཇུག་གྲངས་ཀ་ལྟར་ན། “བོད་མི་རིགས་ཀྱི་མི་འབོར་ནི་ས་ཡ་དྲུག་དང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་ནི་ས་ཡ་གཉིས། དེ་མིན་པའི་ས་ཡ་བཞི་ཞིང་ཆེན་གཞན་དག་ཏུ་འཚོ་གནས་བྱས་འདུག” དེ་བཞིན་བཙན་བྱོལ་བོད་གཞུང་གི་ཡིག་ཚང་ལ་གཞིགས་ན། བོད་ཀྱི་མི་འབོར་ནི་ས་ཡ་དྲུག་ཡིན་ཞིང་། དེའི་ནང་དུ་མཚོ་སྔོན་དང་། སུ་ཁྲོན། ཀན་སུའུ། ཡོན་ནན་བཅས་ཞིང་ཆེན་དང་ཆ་བགོས་བྱས་པའི་བོད་མི་ཡོངས་རྫོགས་ཐེ་ཡོད།

[20] ཡིན་ཧྥ་ཐང་གི་རྩོམ་ཡིག་ཏུ་གསལ། ༼དར་དམར༽དུས་དེབ། ཕྱི་ལོ་༡༩༨༣ལོའི་ཟླ ༨པ།

[21] བཅོ་ལྔ་དང་གཅིག་མཚུངས། ཤོག་ངོས ༢༡ ན།

[22] ཝེ་ཇིང་ཧྲེང་གི་༼བཙོན་འོག་ཏུ་ཏིང་ཞོ་ཕེང་ལ་བྲིས་པའི་འཕྲིན༽ཞེས་པར་གསལ། ནིའུ་ཡོག༼པེ་ཅིང་གི་དཔྱིད་ཀ༽ཟླ་དེབ། ཕྱི་ལོ ༡༩༩༤ ལོའི་ཟླ ༢ པ། ཤོག་ངོས ༥༩ ན།

[23] ཏཱ་ལའི་བླ་མ། ༼བོད་དོན་ཐག་གཅོད་སྐོར་གྱི་ཞི་བའི་གྲོས་ཆོད་དོན་ཚན་ལྔ༽། ཉི་ཧོང༼དམངས་གཙོའི་ཀྲུང་གི༽ཟླ་དེབ། ཕྱི་ལོ་༡༩༩༤ལོའི་ཟླ ༧པ། ཤོག་ངོས ༣༣ ན།

[24] Claudia Dreifus: ༼ཏཱ་ལའི་བླ་མར་བཅར་འདྲི༽། ༼ནིའུ་ཡོག་དུས་བབ༽དུས་དེབ། ཕྱི་ལོ ༡༩༩༣ ལོའི་ཟླ ༡༡ ཚེས ༢༨ཉིན། ཤོག་ངོས་༥༢ ན།