ནོ་བྷེལ་བུ་མོ___མཱ་ལཱ་ལཱ།

Malala-Yousafzai2ཨ་སྒོར་ས་ཡ་གཅིག་དང་འབུམ་གཅིག་གི་བྱ་དགའ་ཅན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི་འགྲོ་བ་མིའི་འཇིག་རྟེན་འདིའི་གཟེངས་རྟགས་མཐོ་ཤོས་སུ་ངོས་འཛིན་བྱས་ཡོད། ཕྱི་ལོ་༢༠༡༤ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཁ་ཆེའི་ཡུལ་གྲུ་ཁག་གི་བུད་མེད་ཀྱི་སློབ་གསོའི་ཐོབ་ཐང་རྩོད་སྙེག་མཁན་པཱ་ཀི་སི་ཐན་གྱི་ལོ་ན ༡༧ ཅན་གྱི་བུ་མོ་མཱ་ལཱ་ལཱ ཡོ་སཱ་ཧྥི་ཛ་ཡེ་དང་། ལོ་མང་རིང་འཛམ་གླིང་ཡོངས་སུ་བྱིས་པ་ངལ་རྩོལ་བ་གཏན་འགོག་གི་ལས་འགུལ་སྤེལ་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལཱ་ཞི སཱ་ཏེ་ཡ་ཐེ་གཉིས་ལ་ཐོབ་ཡོད།
མཱ་ལཱ་ལཱ་ཡི་ངོ་མཚར་ཆེ་བའི་མྱོང་བ་ཡིས་ལོ་ཆུང་བུ་མོ་དེ་ལོ་རྒྱུས་ཀྱི་བྱུང་རབས་མཆིས་པ་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་སུ་གྱུར།
མེ་མདས་བརྒྱབས་པའི་དོན་རྐྱེན་མ་བྱུང་གོང་། མཱ་ལཱ་ལཱ་ཕ་ཡུལ་པཱ་ཀི་སི་ཐན་གྱི་སི་ཝ་ཊི་གྲོང་ཚོའི་སློབ་མ་ཞིག་ཡིན་ཞིང་། དགེ་རྒན་གྱི་བུ་མོ་དེས་མངོན་སུམ་འཛེམ་བག་མེད་པར་བུ་མོ་རྣམས་སློབ་གྲྭར་འགྲོ་རྒྱུར་སྣེ་ཁྲིད་དང་། སྐུལ་སློང་། འཐབ་རྩོད་བྱེད་ཀྱིན་ཡོད། དེའི་རྐྱེན་གྱིས། བུད་མེད་སློབ་གྲྭར་འགྲོ་རྒྱུར་བཀག་འགོག་བྱེད་མཁན་ཐཱ་ལེ་པན་ཤོག་ཁག་ལ་མཚོན་ན་མཱ་ལཱ་ལཱ་ནི་མིག་ནང་གི་གྲ་མ་དང་ཤ་ནང་གི་ཚེར་མ་ཡིན།
ཕྱི་ལོ ༢༠༡༢ ལོའི་ཟླ ༡༠ཚེས ༩འི་ཉིན་གྱི་ཕྱི་དྲོར། ཐཱ་ལེ་པན་ཤོག་ཁག་གི་མི་སྐོར་ཞིག་ཁོང་མོ་དང་ཁོང་མོའི་སློབ་གྲོགས་ཚོའི་སློབ་གྲྭའི་སྐྱེལ་འདྲེན་རླངས་འཁོར་ནང་བཙན་གྱིས་འཛུལ་ནས་སློབ་མ་ཚོར“མཱ་ལཱ་ལཱ་ཟེར་བ་སུ་ཡིན”། ཞེས་སྐད་གསང་མཐོན་པོས་དྲིས་ཞིང་། དྲག་སྤྱོད་པས་མཱ་ལཱ་ལཱ་ངོས་ཟིན་རྗེས་ཡ་ང་ངོ་ཚ་མེད་པར་ལོ་ན ༡༤ ལས་མིན་པའི་བུ་མོ་མཱ་ལཱ་ལཱའི་མགོར་མེ་མདའ་བཙུགས་ནས་གཉིས་བརྒྱབས། མཱ་ལཱ་ལཱར་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཤི་གསོན་གྱི་བར་ན་འཕག་འཚག་བྱེད་ཀྱིན་པའི་སྐབས་སུ། སྟབས་ཡག་ནས་དབྱིན་ཇིར་ཁྱེར་ནས་ཉེན་སྐྱོབ་བྱས་ཤིང་། ཟླ་འགའི་སྨན་གསོའི་རྗེས་སུ་སྲོག་ཉེན་ལས་ཐར་བ་དང་། དེ་ནས་རིམ་གྱིས་སྨན་བཅོས་བྱས་ནས་ད་ལྟ་རྨས་སྐྱོན་ཕལ་ཆེར་དྲག་ཡོད།
རྐྱེན་ངན་གྲོགས་གྱུར་གྱི་དཔེ་ལྟར། ལས་དབང་གི་གེགས་བར་ཆད་དེ་བྱུང་རྗེས། འཛམ་གླིང་མི་དམངས་ཀྱིས་ཁོང་མོའི་ལས་དབང་དང་བྱས་རྗེས་ལ་དོ་སྣང་ཆེན་པའི་བྱས་ཤིང་། དོན་རྐྱེན་དེའི་དབང་གིས་མཱ་ལཱ་ལཱ་བུད་མེད་དང་ལོ་ཆུང་བུ་མོའི་སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་མཁན་གྱི་མཚོན་བྱེད་མི་སྣ་རུ་གྱུར་་ཞིང་། དུས་དེ་ནས་བཟུང་ཐཱ་ལེ་པན་ཤོག་ཁག་གི་བུ་མོ་ཆུང་ཆུང་དེས་ཁ་མ་གྲགས་ན་བསམ་པའི་རེ་བ་སྟོང་ཟད་དུ་སོང་། ཐཱ་ལེ་པན་ཇག་ཚོགས་ཀྱི་བློ་ཡུལ་ལས་འདས་པ་ཞིག་ནི་མདེའུ་དེ་གཉིས་ཀྱིས་མཱ་ལཱ་ལཱའི་ཚེ་སྲོག་མ་ལོན་པ་མ་ཟད། ད་དུང་མཱ་ལཱ་ལཱ་ནོ་བྷེལ་ཞི་བདེའི་ཚོགས་དབུས་སུ་བསྐྱལ་བ་དེ་རེད། མཱ་ལཱ་ལཱ་སྲོག་ཉེན་ལས་ཐར་རྗེས། འཇིགས་ཞུམ་དང་ཐེ་ཚོམ་མེད་པར། སྔོན་ཆད་ལས་ལྡབ་ཁྲི་སྟོང་གིས་ལྷག་པའི་འཛམ་གླིང་གར་སྟེགས་སྟེང་འཛེག་ནས་ཕོ་མོ་ཁྱད་པར་མེད་པར་འདྲ་མཉམ་གྱི་སློབ་གསོ་རེག་རྒྱུའི་ཐོབ་ཐང་རྩོད་ལེན་བྱས་དང་བྱེད་མུས་སུ་ཡིན།
ཁོང་མོ་ལོ ༡༦ གི་སྐྱེས་སྐར་ཉིན་མོར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ན་གཞོན་ཚོགས་ཆེན་སྟེང་ཆེད་དུ་གདན་ཞུ་གནང་ནས་ཚོགས་ཆེན་ལ་གཏམ་བཤད་གནང་བ་དང་། དེ་མིན་དབྱིན་ཇིའི་རྒྱལ་མོ་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཙོས་འཛམ་གླིང་དབུ་ཁྲིད་རྣམ་དང་ཐུག་འཕྲད་འཇལ་མོལ། དེ་བཞིན་འཛམ་གླིང་སྟེང་གི་རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་གཟེངས་རྟགས་དང་། ཡོ་རབ་གྲོས་ཚོགས་ཀྱི་སཱ་ཁཱ་རའོ་ཧྥི)Sakharov ) གཟེངས་རྟགས་སོགས་གཟེངས་རྟགས་མཐོ་གྲས་མང་པོ་ཐོབ་ཡོད་ལ། དེ་རིང་བུ་མོ་མཱ་ལཱ་ལཱ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་བ་དེས། པཱ་ཀི་སི་ཐན་གྱི་བུ་མོ་ཆུང་ཆུང་དེའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ནུབ་ཕྱོགས་རྒྱལ་ཁབ་ཡོངས་ཀྱི་བསྟོད་བསྔགས་དང་རྗེས་སུ་ཡི་རངས་བྱས་པ་མཚོན་ཡོད།
མཱ་ལཱ་ལཱ་ལ ༢༠༡༤ ལོའི་ཞི་བདེའི་གཟེངས་རྟགས་ཕུལ་བའི་རྒྱུ་མཚན་ཐད་ནོ་བྷེལ་གཟེངས་རྟགས་ལྷན་ཁང་གིས། མཱ་ལཱ་ལཱ་ཡིས་བྱིས་པ་ཡོངས་ལ་འདྲ་མཉམ་གྱི་སློབ་གསོ་རེག་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ཁོང་མོ་ལོ་ན་ཤིན་ཏུ་གཞོན་ཡང་། ན་གཞོན་བུ་མོ་ཚོ་འདྲ་མཉམ་གྱི་སློབ་གསོ་རེག་རྒྱུའི་ཐོབ་ཐང་རྩོད་ལེན་ཐད་ལོ་མང་རིང་ཕྱག་ལས་གནང་བ་དང་། ཁོང་མོའི་བྱ་སྤྱོད་ལས་གཞོན་ནུ་རྣམས་ཀྱིས་ཀྱང་གཅིག་མཚུངས་ཀྱིས་རང་ཉིད་ཀྱི་གནས་སྟངས་ཇེ་བཟང་དུ་གཏོང་ཆེད་ལེགས་སྐྱེས་འབུལ་ཐུབ་ལ། མཱ་ལཱ་ལཱ་ཡིས་ཆེས་ཉེན་ཁ་ཆེ་བའི་ཁོར་ཡུག་ཅིག་གི་འོག་དུ་ལག་རྗེས་དེ་དག་བཞག་པ་རེད། མཱ་ལཱ་ལཱ་འཇིགས་པ་བྲལ་བའི་དཔའ་རྒོད་ཅིག་དང་མཚུངས་པར་བློ་སྟོབས་ཆེན་པོས་ཧུར་བརྩོན་གནང་ཡོད་པས། བུ་མོ་ཚོ་སློབ་གསོ་རེག་རྒྱུས་ཐོབ་ཐང་སྲུང་སྐྱོབ་ཐད་ཀྱི་མགྲིན་ཚབ་པ་རུ་གྱུར་བ་རེད། ཅེས་བརྗོད་འདུག
མཱ་ལཱ་ལཱ་ལ་ཕྱི་ལོ ༢༠༡༤ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་རྗེས་ཁོང་མོའི་བཞུགས་གནས་དབྱིན་ཇིའི་བྷིར་མིན་ཧམ་དུ་གཏམ་བཤད་ཐུང་ངུ་ཞིག་གནང་བའི་སྐབས་ཁོང་མོས། འཛམ་གླིང་ན་སྐད་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ང་ལྟ་བུའི་ལོ་ན ༡༧ ཅན་གྱི་བུ་མོ་ཞིག་ལ་གནང་བ་ནི་ངའི་གཟི་བརྗིད་ཡིན་ལ། པཱ་ཀི་སི་ཐན་གྱི་སྤོབས་པ་དང་གཟི་བརྗིད་ཀྱང་ཡིན། དེ་བཞིན་དུ་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་རྩོད་ལེན་མཁན་སྐུ་ཞབས་ཀེ་ལཱ་ཞི སཱ་ཏེ་ཡ་ཐེ་དང་མཉམ་དུ་ཞི་བདེའི་གཟེངས་རྟགས་མཉམ་རོལ་གྱི་གོ་སྐབས་བྱུང་བ་ནི་ངའི་གཟི་བརྗིད་ཡིན། གཟེངས་རྟགས་འདི་ནི་ང་ལ་མཚོན་ན་མདུན་བསྐྱོད་ཀྱི་སྙིང་སྟོབས་ཡིན་ལ། རང་ཉིད་ཀྱི་ཡིད་ཆེས་ཀྱང་ཡིན།  བྱིས་པ་ཚང་མར་འདྲ་མཉམ་གྱི་སློབ་གསོ་ཐོབ་རྒྱུའི་ཐོབ་ཐང་རྩོད་སྙེག་གི་ལས་འགུལ་གྱི་རྒྱབ་སྐྱོར་དེ་བས་ཀྱང་ཡིན་ཞེས་བརྗོད་འདུག
 ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེས་བུ་མོ་མཱ་ལ་ལཱ ཡོ་སཱ་ཧྥི་ཛ་ཡེ་ལ་ནོ་བྷེལ་ཞིབ་བདེའི་གཟེངས་རྟགས་ཐོབ་པའི་གནས་ཚུལ་གསན་རྗེས་ཆེད་དུ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་འཚམས་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་དང་། དེ་ཡང་འཚམས་འཕྲིན་དུ་༧གོང་ས་མཆོག་གིས། དེ་ལྟ་བུའི་ན་གཞོན་ཞིག་གིས་བུད་མེད་ཀྱི་སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་ཐད་འཇིགས་ཞུམ་མེད་པའི་སྙིང་སྟོབས་བསྟན་པ་དང་། དྲག་པོའི་ལམ་ནས་བསམ་སྤྱོད་མི་མཐུན་མཁན་ལ་གནོན་འཚེ་བྱེད་མཁན་ཚོའི་གནོན་འཚེ་ཕོག་ཡང་། རྨས་སྐྱོན་དྲག་སྐྱེད་སྐབས་ཡང་བསྐྱར་འགྲན་ཟླ་བྲལ་བའི་སྙིང་སྟོབས་དང་སྤོབས་པ་མངོན་ཡོད། གང་ཉིད་ཀྱིས་བྱིས་པའི་གཞི་རྩའི་སློབ་གསོའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་ཀྱི་སླད་དུ་གནང་བའི་མི་ལྷོད་པའི་བརྩོན་འགྲུས་དང་། དྲག་པོའི་འཇིགས་སྐུལ་ལ་མགོ་བོ་མི་སྒུར་བའི་དཔའ་སྤོབས་སོགས་ནི་བསྔགས་བརྗོད་འབའ་ཞིག་འོས་པའི་ཡུལ་དུ་གྱུར། ཞེས་གཟེངས་བསྟོད་གནང་འདུག
དེ་རིང་གི་བོད་འདི་རྒྱ་ནག་གི་བཙན་དབང་དུ་གནས་འདོད་ཡོད་མེད་ལ་མ་བལྟས་པར། རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དབང་དུ་བཏང་ན། རྒྱ་ནག་ལ་ནོ་བྷེལ་ཞི་བདེའི་བདེའི་གཟེངས་རྟགས་ཐོབ་མཁན་གཉིས་བྱུང་ཡོད་པ་དང་། གཅིག་ནི་བོད་མའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་། གཞན་པ་ནི་རྒྱ་ནག་གི་བཙོན་འོག་ན་ཡོད་པའི་སྐུ་ཞབས་ལིའུ་ཞོ་པའོ་རེད།
ཕྱི་ལོ ༡༩༨༩ ལོར་༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་འཚེ་མེད་ཞི་བའི་ལམ་ནས་བོད་དོན་སེལ་རྒྱུའི་དགོངས་པ་རྒྱ་ཆེར་བཞེས་པར་བསྟོད་བསྔགས་ཆེད་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་རེད།  ཕྱི་ལོ ༡༩༨༩ ལོའི་ཟླ ༡༢ ཚེས ༡༠འི་ཉིན། ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ངོས་ལ་ཕུལ་བ་དེས་བོད་མི་དམངས་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཡོད། དེའི་ཕྱིར། ང་ཚོར་ལོ་རྒྱུས་སུ་ཡོད་པའི་ཐོབ་ཐང་དང་། བདེན་མཐའ་སེལ་བའི་ཉི་མ་མྱུར་དུ་ཡོང་རྒྱུའི་རེ་བ་དང་སྨོན་ལམ་ཡོད་ལ། དེ་འདྲ་ཡོང་ཆེད་འཛམ་གླིང་ཡོངས་ལ་ཞི་བདེ་དང་། མཛའ་སེམས་ཡོང་ནས་བདེ་སྐྱིད་ལྡན་པའི་ཉི་མ་ཞིག་ཤར་རྒྱུར་སྨོན་ལམ་ཡོད་ལ་འབད་བརྩོན་ཡང་དེ་ལྟར་བྱེད་རྒྱུ་ཡིན། ཞེས་ཐུགས་སྨོན་བཞེས་གནང་མཛད་པ་རེད།
༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་བཏོན་ནས་འོས་མེད་སྟུན་ཐབས་ནས་འོས་མེད་སྟུན་ཐབས་གནང་སྟེ། འདས་པའི་ལོ ༤༠འི་རིང་རྒྱ་ནག་གཞུང་དང་མཉམ་དུ་ཆད་ཆད་མཐུད་མཐུད་གྱི་གྲོས་མོལ་རབ་དང་རིམ་པ་བྱས་ཀྱང་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་དང་། འགོ་ཁྲིད་ཚོར་བློ་ཁོག་ཆུང་དྲགས་པ་སོགས་ཀྱི་དབང་གིས་དོན་ཕན་ལྡན་པའི་འབྲས་བུ་ཞིག་ད་བར་དུ་ཐོབ་མེད། དུས་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་ད་དུང་ཡང་བཙན་བྱོལ་སྐྱབས་བཅོལ་གྱི་ཚུལ་དུ་རྒྱ་གར་དྷ་རམ་ས་ལར་བཞུགས་གནང་མཛད་ཡོད།
རྒྱ་རིགས་སྐུ་ཞབས་ལིའུ་ཞོ་པའོ་ནི་ཕྱི་ལོ ༢༠༡༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དེ་ཡིན་ཞིང་། ཕྱི་ལོ ༢༠༠༩ ལོར་ཁོང་གིས༼ རྩ་འཛིན ༠༨ མ༽ ཟིན་བྲིས་སུ་བཏབས་ནས་རྒྱ་ནག་གི་ཁྲིམས་སྲིད་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བྱས་སྟབས། རྒྱ་ནག་དེང་གཞུང་གིས “རྒྱལ་ཁབ་གྱི་སྲིད་དབང་མགོ་རྟིང་སློག་པའི”ཉེས་མིང་བཙུགས་ནས་སྐུ་ཞབས་ལིའུ་ཞོ་པའོ་ལ་ལོ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་ནི་འཛམ་གླིང་སྟེང་བཙོན་འོག་ན་ཡོད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཁོ་ན་དེ་ཡིན།
ཕྱི་ལོ ༢༠༡༠ལོའི་ཟླ ༡༢ ཚེས ༡༠འི་ཉིན། ནོར་ཝེའི་རྒྱལ་ས་ཨོ་སོ་ལོ་རུ་སྤེལ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས། སྐུ་ཞབས་ལིའུ་ཞོ་པའོ་བཙོན་འོག་ན་ཡོད་པས་དངོས་སུ་ཕེབས་ཐུབ་མེད་ཅིང་། གཟེངས་རྟགས་མཛད་སྒོའི་ཉིན། སྟེགས་བུའི་སྟེང་རྐུབ་བཀྱག་སྟོང་པ་ཞིག་བཞག་པ་དང་། རྐུབ་བཀྱག་སྟོང་པ་དེའི་རྐྱེན་གྱིས། འཛམ་གླིང་ཧྲིལ་བོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སུན་འབྱིན་དང་སྐྱོན་བརྗོད་བྱེད་པའི་མཚོན་བྱེད་དུ་གྱུར་བ་རེད།
ནོ་བྷེལ་གཟེངས་རྟགས་བྱུང་ནས་ལོ་ངོ ༡༠༩ ཕྱིན་པའི་དེ་རིང་། སྐད་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་མངའ་བའི་དམིགས་བསལ་ཁྱད་ཆོས་དེ་ཉུང་མཐའ་ཡང་ཡུལ་གྲུ་ཁག་ཅིག་ཏུ་རིམ་གྱིས་ཉམས་ཀྱིན་པའི་ཚོར་བ་ཞིག་མི་རྣམས་ལ་ཡོད་པ་འདྲ། ཡིན་ན་ཡང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་མཐོང་ག་ཚོད་ཅིག་སྤྲད་མིན་དེ་སྤྱི་ཚོགས་དེ་དང་གང་ཟག་དེ་ལ་རག་ལས་ཡོད་པ་ལས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རང་སྟེང་ན་མེད། དཔེར་ན། ཕྱི་ལོ ༢༠༠༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ད་ལྟ་དཀྱིལ་ཤར་ཁུལ་དུ་དམག་འཁྲུག་རྒྱག་གིན་ཡོད་པ་དང་། ཕྱི་ལོ ༢༠༡༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིའུ་ཞོ་པའོ་ད་ལྟ་རྒྱ་གཞུང་གི་བཙོན་འོག་ན་ཡོད། དེ་བཞིན་ཕྱི་ལོ ༡༩༨༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན ༧སྤྱི་ནོར ༧ གོང་ས་རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཕར་ཞོག  ཐ་ན་ལྷོ་ཨ་ཧྥི་རི་ཀར་ཡང་ཕེབས་གནང་ཐུབ་ཀྱིན་མེད།
ལོ་ན ༡༧ ཅན་གྱི་ཁ་ཆེའི་བུ་མོ་མཱ་ལཱ་ལཱ་ལ་མཚོན་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་ཁོང་མོའི་སྙིང་སྟོབས་དང་སྤོབས་པར་བསྟོད་བསྔགས་དང་བྱས་རྗེས་ལ་ཁག་ཐེག་བྱས་པ་བདེན་མོད། འོན་ཀྱང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཁོང་མོའི་མི་ཚེ་ཧྲིལ་བོའི་འགན་ཁུར་ཞིག་དང་། ཡང་ན་ཁུར་བོ་ཞིག་ཀྱང་ཡིན་སྲིད། དེ་བཞིན་མཱ་ལཱ་ལཱ་ཡིས་མུ་མཐུད་ནས་ནམ་འཕང་གཅོད་རྒྱུའི་བློ་མོས་ཡོད་ན་ནོ་བྷེལ་ཞི་བདེའི་གཤོག་ཟུང་ཁོང་མོར་འཛོམས་ཡོད།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི་སཱི་ཝེ་ཌེན་གྱི་གསར་གཏོད་མཁན་ཨེལ་ཧྥི་རེ་ཌི ནོ་བྷེལ(Alfred Nobel ) གྱིས་ཕྱི་ལོ  ༡༨༩༥ ལོར་གསར་འཛུགས་གནང་བའི་ནོ་བྷེལ་གཟེངས་རྟགས་ཀྱི་གྲས་ཡིན་ཞིང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་གཟེངས་གཞན་དག་དང་མ་འདྲ་བར། མཛད་སྒོ་དེ་ལོ་རེའི་ཕྱི་ཟླ ༡༢ ཚེས ༡༠འི་ཉིན་ནོར་ཝེའི་རྒྱལ་ས་ཨོ་སཱི་ལོ་རུ་སྤེལ་སྲོལ་ཡོད།
མི་རིགས་དང་རྒྱལ་ཁབ་ཕན་ཚུན་འཆམ་མཐུན་དང་། དམག་ཆས་མེད་པར་དང་ཡང་ན་ཇེ་ཉུང་དུ་གཏོང་རྒྱུར་སྐུལ་འདེད། དེ་བཞིན་ཞི་བདེ་ལྷན་ཚོགས་ཀྱི་རྩ་འཛུགས་དང་དྲིལ་བསྒྲགས་ཐད་བྱས་རྗེས་རླབས་ཆེན་བཞག་མཁན་ལ་གཟེངས་བསྟོད་བྱེད་རྒྱུ་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་དགོངས་དོན་ཡིན།

Advertisements