ཞི་ཅིན་ཕེང་གིས་སྲིད་དབང་བཟུང་ནས་ལོ་གཉིས་ཀྱི་རྗེས་སུ། ཁོང་ཉིད་རྒྱ་ནག་གི་ཆབ་སྲིད་པ་རྩེ་གྲ་དེ་ཡིན་པའི་གོ་ས་སྲ་བརྟན་ངང་སྲུང་ཐུབ་ཡོད། ཁོང་ནི་མའོ་ཙེ་ཏུང་དང་ཏིན་ཞོ་ཕེང་གི་རྗེས་སུ་བྱུང་བའི་དབང་ཤུགས་ཅན་གྱི་འགོ་ཁྲིད་ཞིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་བྱས་ཡོད། ཡིན་ན་ཡང་། ཁོང་གི་གཡས་དང་གཡོན་ན་མི་སྒེར་ལ་དད་བཀུར་གྱི་རྣམ་པའང་རིམ་གྱིས་གྲུབ་ཀྱིན་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན ༡༨འི་ཚོགས་ཐེངས་བཞི་བ་དེ་ནི་ཞི་ཅིན་ཕེང་ཧ་ཅང་དགའ་མོས་བྱེད་པའི་ཡུལ་དུས་ངང་ཚུལ་དེ་ཡིན་ལ། དུས་དེ་རུ་འབྱུང་འགྱུར་རྒྱ་ནག་དེ་ཁ་ཕྱོགས་གང་ལ་བསྐྱོད་རྒྱུ་ཞི་ཅིན་ཕེང་རང་ཉིད་ཁོ་ནས་ཐག་གཅོད་བྱས་ཆོག
ཉིན་ཤས་སྔོན། ཞི་ཅིན་ཕེང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་སྒྱུ་རྩལ་བ་དང་། གློག་བརྙན་བཟོ་སྒྲིག་མཁན། རྩོམ་པ་པོའི་དཔུང་སྡེ་བསྡུས་ནས་ཕྱི་ལོ ༡༩༤༢ ལོར་མའོ་ཙེ་ཏུང་གིས་བསྐོང་བའི་ཡན་ཨན་རིག་རྩལ་ལས་དོན་ཚོགས་འདུ་དང་གཉིས་སུ་མ་མཆིས་པའི་རིག་རྩལ་ཚོགས་འདུ་ཞེས་པའི་སྟེང་གཏམ་བཤད་སྐབས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་དང་རྒྱ་ནག་གི་སྲོལ་རྒྱུན་རིན་ཐང་ཚང་མར་གུས་བཀུར་ཞུ་དགོས། ཞེས་ནན་སྐུལ་བྱས་ཡོད་པ་དེས། མཱ་ཁི་སི་རིང་ལུགས་དང་རྒྱ་ནག་གི་རོའུ་ཇཱ་རིག་པ་གཉིས་ཟུང་འབྲེལ་བྱ་རྒྱུའི་ལྟ་བ་བཟུང་ཡོད་པས། དེར་མི་རྣམས་ཡ་མཚར་སྐྱེས་ཡོད།
རྒྱ་ནག་གི་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཀྲང་ལའེ་ཧྥན་གྱིས། ངས་བལྟས་ན་ཞི་ཅིན་ཕེང་ནི་དེབ་རབས་ཀྱི་བསམ་བློ་ཅན་གྱི་འགོ་ཁྲིད་མི་སྣ་ཞིག་མ་རེད། ཁོང་ནི་སྲོལ་རྒྱུན་བསམ་བློ་བ་ཞིག་རེད། ཁོང་གིས་རྒྱ་ནག་གི་སྲོལ་རྒྱུན་ལས་དབང་བསྒྱུར་ཐབས་ལམ་འཚོལ་སྙེག་བྱེད་ཀྱིན་ཡོད་པས། ད་བར་དུ་ཁོང་གིས་བཏོན་པའི་རྒྱལ་ཁབ་སྐྱོང་པའི་རིགས་ལམ་ནི་གོང་མའི་རིགས་ལམ་དང་། ཡང་ན་གོང་མའི་དབང་བསྒྱུར་བྱེད་ཐབས་ཡིན། ཞེས་བརྗོད་འདུག
ཞི་ཅིན་ཕེང་གིས་རྒྱ་ནག་གི་དབང་ཆ་གསུམ་གཅིག་ལྕོགས་བྱས་པའི་འདས་པའི་ལོ་གཉིས་ཀྱི་ནང་དུ། རྒྱལ་ཁབ་བདེ་འཇགས་ལྷན་ཁང་དང་བཅོས་བསྒྱུར་ཚོགས་ཆུང་སོགས་ལྷན་ཁང་དང་ཚོགས་ཆུང་མང་པོ་ཞིག་གསར་འཛུགས་བྱས་ནས། ལྷན་ཁང་དང་ཚོགས་ཆུང་དེ་དག་གི་འགན་འཛིན་རང་ཉིད་ཀྱིས་གཅིག་ལྕོགས་བྱས་པ་བརྒྱུད་དབང་ཆ་ཡོད་ཚད་སྒེར་སྡོམ་བྱས་ཡོད། ལྷག་པར་དུ་དམར་ཤོག་ཚོགས་པ་ནང་ཁུལ་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ཡོད་ཚད་དུ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་ཞིང་། འགྲན་སློང་ན་བཙོན་ཁང་དང་སྐྱོན་བརྗོད་ན་བཙོན་ཁང་། གང་ལྟར་རྒྱ་ནག་རང་གི་ང་ལ་དྲང་ན་དར། ང་ལ་ལྡོག་ན་རྒུད་ཞེས་པའི་དཔེ་ལྟར། མོས་དང་མི་མོས། འདོད་དང་མི་འདོད་ཀྱི་བསམ་ཚུལ་གཅིག་ཀྱང་མ་ལབ་པར་ཁ་བཙུམ་དགོས་པ་དེ་རེད། སྟག་དང་སྦྲང་མ་མཉམ་གསོད་ཀྱི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ། ལས་ཁྱུར་ངལ་གསོ་བྱས་ཟིན་པའི་རྒྱལ་ཁབ་གྱི་དབུ་ཁྲིད་རྩེ་གྲའི་མདུན་དུའང་མདུན་སྐྱོད་ཀྱི་གོམ་སྟབས་མཚམས་བཞག་མེད་པས། ཆོད་སེམས་དང་ཡིད་ཆེས་དེ་ལ་མི་རྣམས་ཧ་ལས་ཧང་སངས་ཡོད།
རྒྱ་ནག་མི་དམངས་སློབ་ཆེན་གྱི་ཆབ་སྲིད་རིགས་པའི་ཀྲང་མེན་གྱིས། ཞི་ཅིན་ཕེང་ནི་ཨུ་རུ་སིའི་སྲིད་འཛིན་ཕོའུ་ཊེན་ནང་བཞིན་དྲག་ཤེད་ཀྱིས་རྒྱ་ནག་དབང་བསྒྱུར་བྱེད་མཁན་ཞིག་རེད། མ་མཐའ་ཡང་ཞི་ཅིན་ཕེང་ནི་སྤོབས་པ་ཅན་གྱི་འགོ་ཁྲིད་ཅིག་རེད། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་ཡུན་རིང་ཆགས་པའི་རྒྱ་ནག་གི་ཆུ་ཉོག་དེ་རྙོག་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན། ང་ཚོས་ཤེས་གསལ་རེད། ཁེ་ཕན་དང་འབྲེལ་བའི་ཆུ་ཉོག་དེ་རྙོག་ན་ཕྱོགས་བཞི་དགྲ་རུ་བཟུང་བས་ཉེན་ཁའང་ཆེན་པོ་ཡོད། མངོན་ལྐོག་གཉིས་སུ་ཡོད་པའི་ཁེ་ཕན་ཅན་དེ་དག་གིས་སྐབས་ནས་སྐབས་སུ་གནས་སྟབས་ལ་འགྱུར་བ་གཏོང་ནུས། ཞེས་བརྗོད་འདུག
ཞི་ཅིན་ཕེང་གི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ལ་རྒྱ་ནག་མི་དམངས་དུང་ཕྱུར ༡༣ གྱིས་རྒྱབ་སྐྱོར་བྱས་ཡོད། ཡིན་ན་ཡང་། དབང་ཆར་ཚོད་འཛིན་མེད་པའི་གནད་དོན་དེ་ཞི་ཅེན་ཕེང་གིས་ཀྱང་ལག་པ་འཆང་མེད་ལ་འཆང་འདོད་ཀྱང་མེད་པ་འདྲ། དེ་ལས་ལྡོག་དེ་ཞི་ཅིན་ཕེང་ལ་དབང་ཆ་ཆ་བགོ་བྱེད་རྒྱུར་དགའ་མོས་མེད་ལུགས་གོཐོས་བྱུང་། རྒྱ་ནག་གི་གནད་དོན་ཐད་མཁས་པ་ཨ་རི་བ་ཨེ་ཛེ་རཱ བོ་གྷེལ་གྱིས། ཞི་ཅིན་ཕེང་ཡང་ཏིང་ཞོ་ཕེང་དང་འདྲ་བར་དབང་ཆ་ཡོད་ཚད་རང་ཉིད་ཀྱི་ལག་ཏུ་འཛིན་རྒྱུར་དགའ་ཞིང་། ཆབ་སྲིད་བ་གྲགས་ཅན་ཞིག་ཏུ་གྱུར་རྒྱུ་དང་། དུས་ཡུན་རིང་པོར་ཤུགས་རྐྱེན་འཇོག་ཐུབ་པའི་ཐག་གཅོད་རིགས་བྱ་རྒྱུར་དགའ་མོས་ཆེན་པོ་ཡོད། ཅེས་བརྗོད་འདུག
རྒྱ་ནག་གི་རྒྱལ་ཁབ་སྨྱན་བྱད་ཁག་གིས་ཀྱང་གང་ནུས་ཅི་ཐུབ་ཀྱིས་ཞི་ཅིན་ཕེང་མི་སྣ་གལ་ཆེན་ཞིག་ཏུ་བསྐྲུན་ཐབས་བྱེད་མུས་སུ་ཡིན་ལ། མའོ་ཙེ་ཏུང་གི་དུས་རབས་རྫོགས་པའི་རྗེས་སུ། རྒྱ་ནག་གི་ཆབ་སྲིད་པ་སུ་གཅིག་ཀྱང་ཞི་ཅིན་ཕེང་ནང་བཞིན་སྨྱན་བྱད་ཁག་ཏུ་བསྟུད་མར་ཐོན་མྱོང་མེད། རྒྱ་ནག་དམར་ཤོག་གི་གཞུང་ལུགས་ལྟར་ན་མི་སྒེར་ལ་དད་བཀུར་ནི་སྤང་བྱའི་ལས་ཡིན་མོད། འོན་ཀྱང་། ད་ལྟ་ལོ་ན ༦༡ ཡིན་པའི་ཞི་ཅིན་ཕེང་གི་གཡས་དང་གཡོན་ན་མི་སྒེར་ལ་དད་བཀུར་གྱི་དུ་སྨུགས་ལང་ལོང་དུ་འཁྲིགས་ཀྱིན་ཡོད།
ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པ་བརྗོད་གཞི་བྱས་པའི་ཏང་གི་ཚོགས ༡༨འི་ཚོགས་ཐེངས་བཞི་བ་དེ་ཉིན་ཤོས་སྔོན་མཇུག་བསྒྲིལ་བ་རེད། ཏིན་ཞོ་ཕེང་གིས་དཔལ་འབྱོར་བཅོས་བསྒྱུར་སྒོ་འབྱེད་གྱི་སྲིད་ཇུས་བཏོན་པའི་རྗེས་སུ། རྒྱ་ནག་ནང་ཁྲིམས་ལུགས་མང་པོ་ཞིག་བཙུགས་ཡོད་མོད། འོན་ཀྱང་། དམར་ཤོག་ཚོགས་པ་དེ་ཁྲིམས་ལུགས་ཀྱི་གོང་ན་ཡོད་པའི་གནད་དོན་དེར་འགྱུར་བ་ཕྱིན་མེད། རྒྱ་ནག་ནང་ཁྲིམས་འཛིན་ཞེས་པ་ནི་གཞན་རིགས་དང་ཚོགས་ཤོག་ཕན་ཚུན་བར་འཐབ་རྩོད་ལ་རྡུང་རྡེག་གི་ལག་ཆ་ཞིག་རེད། ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་འགག་རྩ་ནི་སྲིད་ཚོགས་དང་། ཚོགས་སྡེ། མི་སྒེར་སུ་ཡིན་ཡང་ཁྲིམས་ལུགས་ཀྱི་གོང་ན་ཡོད་མི་ཆོག་པ་དང་། ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དེ་རེད། འོན་ཀྱང་། རྒྱ་ནག་གི་ད་ལྟའི་ཁྲིམས་ལུགས་མང་པོ་ཞིག་གྱང་ངོར་སྦྱར་བའི་ཤོག་སྐྱ་སྟོང་པ་ཞིག་ལས་མ་འདས། ཁྲིམས་ལུགས་ལ་དོན་ཕན་དང་རྩིས་འགྲོ་ཅན་གྱི་ལག་བསྟར་བྱེད་མ་ནུས་ཚེ། ཁྲིམས་ལུགས་ཀྱི་རྒྱལ་ཁབ་སྐྱོབ་བ་ཟེར་བ་དེ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད།
གལ་ཏེ་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ཡིན་ཟེར་ན། དམར་ཤོག་ཚོགས་པ་དང་སྲིད་གཞུང་ཁ་ཁ་བྱེད་དགོས། དམར་ཤོག་ཚོགས་པ་དང་ཁྲིམས་འཛིན་ཁ་ཁ་བྱེད་དགོས། ཁྲིམས་འཛིན་ལ་རང་དབང་མེད་ན་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེ་ལག་ལེན་དུ་ཇི་ལྟར་བསྟར་ནུས་སམ།
ཚོགས་ཐེངས་བཞི་བའི་སྟེང་བཏོན་པའི་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེར་རྒྱ་ནག་ལ་རྒྱུས་མངའ་བ་ཅན་ཚོས་ཕལ་ཆེར་རེ་བ་བཅང་མེད། ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེའང་རྒྱ་ནག་གི་དབུ་ཁྲིད་རིམ་བྱོན་གྱིས་བཏོན་པའི་ཆབ་སྲིད་ཁ་གཡང་དུ་མ་ཇི་བཞིན། རྒྱ་ནག་གི་གོང་མ་གསར་བ་ཞི་ཅིན་ཕེང་གིས་བཏོན་པའི་དེ་ཆབ་སྲིད་ཀྱི་ཁ་གཡང་ཞིག་ལ་མ་འདས་ལ། བྱ་སྒྲོ་མདའ་རུ་མི་རུང་བའི་དཔེ་རེད།
ཞིན་ཅིན་ཕེང་གིས་ནན་གྱིས་བརྗོད་ཀྱིན་པའི་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེ་དོན་དངོས་སུ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྩོད་ཅིག་རེད།
གལ་ཏེ་ཅིག་ཡིན་ན། དེ་ནི་རྒྱ་ནག་གི་ཁྱད་ཆོས་ཅན་གྱི་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེ་ཡིན་རྒྱུ་རེད།