ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་མི་འགྱངས་པར་གྲོས་ཚོགས་ལ་གྲོས་གཞི་བཏོན་ནས། ཧོང་ཀོང་གི་སྲིད་ཇུས་ཁྲིམས་གཞི་ལ་ལེགས་བཅོས་བྱས་པ་བརྒྱུད་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་ལ་ལྟ་སྐུལ་ཞིབ་བཤེར་གནང་འཆར་ཡོད་ལུགས་བརྗོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་གནད་དོན་ཚོགས་ཆུང་གིས་གཟའ་ཕུར་བུ་ཉིན་སྤེལ་བའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་གཞི་ཞེས་པའི་གྲོས་གཞིར། ཧོང་ཀོང་གི་སྲིད་ཇུས་ཁྲིམས་སྲོལ་ལེགས་བཅོས་བྱ་རྒྱུ་དེ་གྲོས་རིམ་ནང་བཞག་ནས། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་། ཚོགས་ཆུང་དེས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་འཇིག་ཉེན་ལ་འཕྲད་ཡོད་པ་དང་། ཨ་རི་གཞུང་གིས ༢༠༡༧ ལོར་མི་རེའི་འོས་ཤོག་རེའི་ལམ་ནས་ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་གདམ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་སྐུལ་འདེད་ཞུས་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་གནད་དོན་ཚོགས་ཆུང་གི་འགན་འཛིན་དམངས་གཙོ་ཚོགས་པའི་སྐུ་ཞབས་ཞཱེ་རོ་ཌི བྷི་རོན་ལགས་ཀྱིས། གལ་འགངས་ཅན་གྱི་དུས་སྐབས་འདིར། ང་ཚོས་ངེས་པར་དུ་ཧོང་ཀོང་མི་དམངས་ཀྱི་དམངས་གཙོའི་འདེམས་བསྐོའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་ལ། ༢༠༡༧ ལོའི་རྗེས་སུ། རང་དབང་དང་དྲང་བདེན་ངང་འདེམས་བསྐོ་བྱེད་ཐུབ་རྒྱུར་ཁག་ཐེག་བྱེད་དགོས་ཞེས་བརྗོད་འདུག
གོང་ཞུས་ཚོགས་ཆུང་དེས་ཟླ་སྔོན་མར་བཏོན་པའི་ལོ་འཁོར་སྙན་ཐོ་རུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ས་ཀོར་གླེང་ཡོད་པ་དང་། རྒྱ་ནག་གཞུང་གིས“ཨ་རི་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུའི་ཐོབ་ཐང་མེད”ཅེས་བརྡ་ལན་ཚ་བོ་སྤྲད་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་གནད་དོན་ཚོགས་ཆུང་གིས་ཕྱི་ལོ ༡༩༩༢ ལོར་གཏན་འབེབས་བྱས་པའི་ཧོང་ཀོང་སྲིད་ཇུས་ཁྲིམས་སྲོལ་ཞེས་པ་དེ་ལེགས་བཅོས་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ཟླ་བ་འདིའི་ཚེས ༢༠ ཉིན་གྲོས་ཚོགས་སུ་ཉན་ཞིབ་ཚོགས་ནས་ཁྲིམས་གཞི་དེ་གཏན་འབེབ་བྱ་འཆར་ཡོད་ལ། ཁྲིམས་གཞི་གསར་བ་ལྟར་ན་འབྱུང་འགྱུར་ཧོང་ཀོང་ལ་དམིགས་བསལ་སྲིད་ཇུས་ཅི་ཞིག་གཏན་འབེབ་བྱས་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཧོང་ཀོང་ལ་རང་སྐྱོང་གཙང་མ་ཞིག་ཡོད་དགོས་པ་དེ་རེད།
ཡིན་ན་ཡང་སྟབས་མ་བདེ་བ་ཞིག་ནི། ཉིན་ཤས་སྔོན་དུ་སྲིད་འཛིན་ཨོ་བྷ་མས་ཨ་རིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཐེ་གཏོགས་མི་བྱེད་ཅེས་ཨ་རི་དང་རྒྱ་ནག་གི་ཟུང་འབྲེལ་གསར་འགོད་གསལ་བསྒྲགས་སྐབས་པེ་ཅིང་དུ་བརྗོད་ཡོད་པ་རེད།