རྒྱ་ནག་དབུས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨེལ་ཧམ དྷོ་ཧི་དྷེ་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཚེས ༢༡ ཉིན་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཨོ་རོམ་ཆི་ཡུ་གུར་རང་སྐྱོང་ལྗོངས་གི་ལྟ་སྲུང་ཁང་ཞིག་ཏུ་འདྲི་གཅོད་གཉིས་པའི་དཔྱད་མཚམས་ཁྱབ་བསྒྲགས་བྱས་འདུག
ཨེལ་ཧམ དྷོ་ཧིག་དྷེ་ཡི་ཁྲིམས་རྩོད་པ་ལིའུ་ཞོ་ཡོན་གྱིས་ཨེལ་ཧམ དྷོ་ཧི་དྷེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་སོར་འཇོག་བྱས་པའི་དཔྱད་མཚམས་ཁྱབ་བསྒྲགས་བྱས་རྗེས་ཨེལ་ཧམ དྷོ་ཧི་དྷེ་ཡི་ཕུ་བོ་དང་སྲི་མོ་གཉིས་ཀྱིས་ཁྲིམས་ཐག་བཅད་པ་དྲང་བདེན་མིན་པ་དང་། དངོས་དོན་ལ་ཞིབ་བཤེར་བྱས་མེད་པ། ཁྲིམས་ལུགས་རྡོག་རོལ་བཏང་ལུགས་སྐྱོན་བརྗོད་བྱས་པའི་ཚུལ་བརྗོད་ཡོད་པ་དང་། ཡང་ཁོང་གིས་གྱོན་དོན་གྱི་འདྲི་གཅོད་གཉིས་པ་དེ་ཁྲིམས་ཁང་དུ་འདྲི་ཞིབ་མ་བྱས་པར་ཡིག་ཐོག་ནས་ཁྱབ་བསྒྲགས་བྱས་ཚུལ་བརྗོད་འདུག
དེ་བཞིན་ཨེལ་ཧམ དྷོ་ཧི་དྷེ་ཡི་ཁྲིམས་རྩོད་པ་ལའེ་ཧྥང་ཕེང་གིས་ཨོ་རོམ་ཆི་ཁྲིམས་ཁང་གིས་ལྟ་སྲུང་ཁང་དུ་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཁྲིམས་རྩོད་པ་གཉིས་ཀ་དཔྱད་མཚམས་ཁྱབ་བསྒྲགས་སྐབས་དེ་གར་མེད། འདྲི་གཅོད་གཉིས་པ་དེ་གསང་བའི་སྒོ་ནས་སྤེལ་བ་དེ་ཁྲིམས་འགལ་དང་། དྲང་བདེན་མིན་པ། ཁྲིམས་ལུགས་རྡོག་རོལ་དུ་བཏང་ལུགས་སྐྱོན་བརྗོད་དང་ཆབས་ཅིག ལྟ་སྲུང་ཁང་ནི་མཐོ་རིམ་ཁྲིམས་ཁང་གི་འདྲི་གཅོད་ཁྲིམས་ར་ཡིན་ནམ་ཞེས་དོགས་འདྲི་བྱས་འདུག
ད་ལོའི་ཕྱི་ཟླ ༩ར། དབུས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨེལ་ཧམ དྷོ་ཧི་དྷེ་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། རྒྱུ་ནོར་ཡོད་ཚད་གཞུང་བཞེས་བྱས་པ་རེད།