ཨ་རི་གཞུང་གིས་ཡུ་གུར་བའི་དགེ་རྒན་ཆེན་མོ་ཨེལ་ཧམ དྷོ་ཧི་དྷེ་ཡི་དཔྱད་མཚམས་དཔྱད་མཚམས་གཉིས་པ་ཁྱབ་བསྒྲགས་བྱས་པའི་མཇུག་འབྲས་དང་གསར་འགོད་པ་བསླབ་པ་ཅན་ཀོའུ་ཡོའུ་ལ་གསང་བའི་ངང་འདྲི་གཅོད་བྱས་པར་བློ་ཕམ་ཆེན་པོ་ཡོད་ཅེས་རྒྱ་ནག་གཞུང་གི་ཁ་ཞེ་མི་མཐུན་པའི་བྱ་སྤྱོད་ལ་སུན་འབྱིན་དང་སྐྱོན་བརྗོད་བྱས་འདུག
ཕྱི་ཚེས་༢༡ཉིན། རྒྱ་ནག་དབུས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨེལ་ཧམ དྷོ་ཧི་དྷེ་ལ་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཨོ་རོམ་ཆིའི་ལྟ་སྲུང་ཁང་ཞིག་ཏུ་འདྲི་གཅོད་དང་པོའི་སྐབས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་འགྱུར་བ་མེད་ལུགས་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་དུ་གཟའ་པ་སངས་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང། པེ་ཅིང་མི་དམངས་འབྲིང་རིམ་ཁྲིམས་ཁང་གསུམ་པས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་ཉེས་མིང་བཙུགས་པའི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གསར་འགོད་པ་ཀའོ་ཡོའུ་ཡི་གྱོད་དོན་ལ་འདྲི་གཅོད་བྱས་ཡོད་པ་དང་། ཀའོ་ཡིའུ་ཡིས་ཉེས་མིང་དག་ཁས་ལེན་བྱས་མེད་པ་དང་། ཁྲིམས་ཁང་གིས་སྐབས་དེར་ཁྲིམས་ཐག་གསལ་བསྒྲགས་བྱས་མེད་པ་རེད།
གོང་ཞུས་གྱོད་དོན་དེ་གཉིས་ཀའི་ཐད་ཨ་རི་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་ཇཱ་ཧྥི རཱ་ཐི་ཡིས། རྒྱ་ནག་དེང་གཞུང་གིས་གསལ་ཁ་མ་བཏོན་པའི་ལྟ་སྲུང་ཁང་ཞིག་ཏུ་འདྲི་གཅོད་ཙམ་ཡང་མེད་པར་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཏེ། ཡུ་གུར་བའི་དགེ་རྒན་ཆེན་མོ་ཨེལ་ཧམ དྷོ་ཧི་དྷེ་ཡི་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་དང་ཚེ་བཙོན་གྱི་ཁྲིམས་ཆད་སོར་འཇོག་བྱས་པར། ཨ་རི་གཞུང་ལ་བློ་ཕམ་ཆེན་མོ་ཡོད། སྐུ་ཞབས་ཨེལ་ཧམ དྷོ་ཧི་དྷེ་བཙོན་འཇུག་བྱས་པ་ནི་ཞི་བདེའི་ལམ་ནས་མི་རིགས་ཕན་ཚུན་བར་བསམ་ཤེས་ཡོད་ཆེད་སྐུལ་འདེད་བྱེད་པའི་ཡུ་གུར་བའི་སྐད་གདངས་ཤིག་མེད་པར་བྱས་པ་རེད། ཨ་རི་གཞུང་གིས་མུ་མཐུན་ནས་རྒྱ་ནག་གཞུང་གིས་སྐུ་ཞབས་ཨེལ་ཧམ དྷོ་ཧི་དྷི་གློད་བཀྲོལ་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་།
ཡང་ཨ་རི་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་ཇཱ་ཧྥི རཱ་ཐི་ཡིས། དེ་དང་གཅིག་མཚུངས་ཀྱིས་གསར་འགོད་པ་བསླབ་པ་ཅན་ལྕམ་ཀོའུ་ཡོའུ་ལ་རྒྱལ་ཁབ་གྱི་གསང་བ་ཕྱི་རུ་མཁོ་སྤྲོད་བྱས་པའི་ཉེས་མིང་བཏགས་ནས་གསང་བའི་ངང་འདྲི་གཅོད་བྱས་པར་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་། གསར་འགོད་པ། ཟིན་བྲིས་པ། ཆོས་ལུགས་དབུ་ཁྲིད་སོགས་ཀྱི་རྒྱ་ནག་གཞུང་འབྲེལ་གྱི་སྲིད་ཇུས་དང་བྱ་སྤྱོད་ལ་མི་དགའ་མི་མོས་པའི་རྣམ་འགྱུར་འདོན་མཁན་ཚོར་མུ་ནས་མུ་རུ་རྡུང་རྡེག་དང་འཛིན་བཟུང་བཀག་ཉར་བྱེད་ཀྱིན་པར་སེམས་ཁུར་ཡོད། རྒྱ་ནག་གཞུང་གིས་ཞི་བདེའི་ལམ་ནས་བསམ་འཆར་འདོན་མཁན་དང་ཐལ་དྲག་རིང་ལུགས་གཉིས་དབྱེ་བ་འབྱེད་རྒྱུའི་རེ་བ་ཡོད། ཨ་རི་གཞུང་གིས་ཞི་བདེའི་ངང་བསམ་ཚུལ་བཏོན་པར་རྐྱེན་བྱས་ཏེ་འཛིན་བཟུང་བཀག་ཉར་འོག་ཡོད་པ་ཚང་མ་གློད་བཀྲོལ་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ནན་གྱིས་བརྗོད་འདུག