ཨ་རིའི་ཉན་ཞིབ་འཚོགས་པར་དབུས་ཁུལ་བཙན་འཛིན་གྱི་དབུ་ཁྲིད་ཚོར་སྙིང་སྟོབས་ཆེར་སྐྱེད།

IMG_9696ཨ་རིའི་གྲོས་ཚོགས་ཀྱིས་ཉན་ཞིབ་འཚོགས་ནས་ཧོང་ཀོང་གི་དམངས་གཙོར་དོ་ཁུར་གནང་བར་ཧོང་ཀོང་དབུས་ཁུལ་བཙན་འཛིན་ལས་འགུལ་གྱི་དབུ་ཁྲིད་ཚོར་སྙིང་སྟོབས་ཆེར་སྐྱེད་དང་སྐུལ་མ་ཐོབ་འདུག
དེ་ཡང་ཕྱི་ཚེས ༢༠ ཉིན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་གྱི་འཛིན་སྐྱོང་ཚོགས་ཆུང་གིས་ཧོང་ཀོང་གི་ད་ལྟའི་གནས་སྟངས་དང་། མ་འོངས་པའི་དམངས་གཙོའི་འཕེལ་རིམ་སོགས་ཀྱི་ཐད་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཉན་ཞིབ་སྟེང་ཧོང་ཀོང་གི་དབྱིན་ཇིའི་སྤྱི་ཁྱབ་འགན་འཛིན་མཐའ་མ་སྐུ་ཞབས་ཕིན་ཏེན་ཁཱང(Chris Patten)གིས་གཙོས་མི་སྣ་འགའ་མཉམ་ཞུགས་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གནད་དོན་གྱི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཛིན་དམངས་གཙོ་ཚོགས་པའི་སྐུ་ཞབས་ཞཱེ་རོ་ཌི བྷི་རོན་དང་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཧྲི་མས་ཐི་གཉིས་ཀྱིས་ཉེས་སྔོན༼ཧོང་ཀོང་གི་སྲིད་ཇུས་ཁྲིམས་གཞི༽ཞེས་པ་བཏོན་པར་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་མང་ཆེ་བས་དེ་ལ་རྒྱབ་སྐྱོར་བྱས་ཡོད། ཁྲིམས་གཞི་དེས་ཕྱི་ལོ་༡༩༩༢ལོར་གཏན་འབེབས་བྱས་པའི༼ཧོང་ཀོང་གི་སྲིད་ཇུས་ཁྲིམས་གཞི༽ལ་ལེགས་བཅོས་བྱས་པ་བརྒྱུད། ཨ་རིའི་ཧོང་ཀོང་རང་དབང་དང་དམངས་གཙོ་ཅན་དུ་བསྒྱུར་རྒྱུར་རྒྱབ་སྐྱོར་བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་ཁ་འདོན་དགོས་པ་དང་། འབྱུང་འགྱུར་ཧོང་ཀོང་ལ་དམིགས་བསལ་སྲིད་ཇུས་ཅི་ཞིག་གཏན་འབེབ་བྱས་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཧོང་ཀོང་ལ་རང་སྐྱོང་གཙང་མ་ཞིག་ཡོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག
ཧོང་ཀོང་གི་མཐའ་མའི་དབྱིན་ཇིའི་སྤྱི་ཁྱབ་འགན་འཛིན་ཕིན་ཏེན་ཁཱང་གིས་བརྙན་པར་བརྒྱུད་བར་དཔང་གནང་ཡོད་པ་དང་། ཁོང་གིས། ཟླ་གཉིས་ཙམ་ཕྱིན་པའི་ཧོང་ཀོང་གི་སློབ་མའི་དབུས་ཁུལ་བཙན་འཛིན་ལས་འགུལ་ལ་ཧོང་ཀོང་གཞུང་གིས་ཞེ་ངན་ཁོག་ལ་བཅངས་ནས་ནར་འགྱངས་གཡོ་ཐབས་བཀོལ་ཡོད་པ་དང་། ཧོང་ཀོང་གཞུང་ལ་སློབ་མ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་ལྷག་བསམ་མེད་པས། གནས་སྟངས་སེལ་མ་ནུས་པ་རེད། རྒྱ་ནག་དམངས་ཆེན་གྱི་ཧོང་ཀོང་ཆབ་སྲིད་བཅོས་བསྒྱུར་ཐད་ཀྱི་ཐག་གཅོད་དེ་ཕྱི་ལོ ༡༩༨༤ལོར་སྤེལ་བའི་རྒྱ་ནག་དང་དབྱིན་ཇིའི་མཉམ་འབྲེལ་སྤྱི་བསྒྲགས་ཀྱི་ནང་དོན་དང་འགལ་ཟླ་ཡིན་པ་དང་། དབྱིན་ཇི་གཞུང་ལ་ཧོང་ཀོང་གི་ལས་དོན་ཐད་གཞལ་དུ་མེད་པའི་འོས་འགན་ཡོད་ཅེས་དང་། ཡང་ཁོང་གིས། འདས་པའི་ལོ ༡༥འི་ནང་། རྒྱ་ནག་གི་ཨ་རིར་ཕྱི་ཚོང་དེ་བརྒྱ་ཆའི ༡༦༠༠ འཕར་ཡོད་པས། ཨ་རིས་དཔལ་འབྱོར་གྱི་ཁེ་ཕན་ལ་སེམས་ཁུར་བྱེད་མི་དགོས། རང་ཉིད་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་སྐབས་སུ། གཞི་རྩའི་ཁྲིམས་ལུགས་ལྟར་ཧོང་ཀོང་ལ་དམངས་གཙོ་ངོ་མ་ཞིག་འཛོམས་པའི་ཉི་མ་ཞིག་ཡོད་པར་ཡིད་ཆེས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་ཧོང་ཀོང་ལ་དམངས་གཙོ་ངོ་མ་ཞིག་ཐོབ་རྒྱུར་འཇིགས་སྣང་ཡོད་པ་འདྲ། གལ་ཏེ་ཧོང་ཀོང་ལ་རང་དབང་ཆེ་ཙམ་ཐོབ་ཛེ་ཧོང་ཀོང་བ་ཚོར་རང་བཙན་གྱི་བསམ་བློ་སྐྱེ་སྲིད་པར་དོགས་པ་ཡོད། ཅེས་བརྗོད་འདུག
ཧོང་ཀོང་དམངས་གཙོ་ཚོགས་པའི་འཐུས་མི་ཧྭག་ཇོན་རིན་གྱིས། ཨ་རིའི་གྲོས་ཚོགས་ཀྱིས་ཉན་ཞིབ་ཚོགས་འདུ་བསྐོངས་ནས་མངོན་སེམས་འཛེམ་མེད་དུ་ཧོང་ཀོང་གི་དམངས་གཙོའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བར་ཧོང་ཀོང་མི་དམངས་ལ་སྐུལ་མ་དང་སྙིང་སྟོབས་སྐྱེད་ཡོད། ཡིན་ན་ཡང་། ཧོང་ཀོང་གི་དམངས་གཙོའི་ལས་དོན་དེ་ཧོང་ཀོང་རང་ཉིད་ཀྱི་རྩོད་ལེན་དང་། ལྷག་བསམ། བློས་གཏོང་ལ་རག་ལས་ཡོད། ཕྱི་ཕྱོགས་ཀྱིས་རྒྱབ་སྐྱོར་ནི་གླེང་ཕྱོགས་དང་། སྤྱོད་དྲང་གི་ཆ་ཁོ་ན་ཡིན་པ་ང་ཚོས་ཤེས་དགོས་ཞེས་བརྗོད་རྒྱུར།
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཐད་ཧོང་ཀོང་ཅིན་ཀྲུང་བཙན་འཛིན་ཁུལ་གྱི་རུས་མིང་གོན་དང་ཞིའུ་ཟེར་བ་གཉིས་ཀྱིས། ང་ཚོས་ཨ་རིའི་རྒྱབ་སྐྱོབ་བྱས་པར་དགའ་བསུ་ཡོད། དམངས་གཙོ་ནི་ཨ་རིའི་རིན་ཐང་གི་ལྟེ་བ་ཡིན་པས། ང་ཚོར་སྙིང་སྟོབས་ཆེར་སྐྱེད་དང་སྐུལ་མའི་ནུས་པ་ཆེན་པོ་ཐོབ་སོང་ཞེས་སོགས་བརྗོད་འདུག
ཧོང་ཀོང་གཞུང་གི་མགྲིན་ཚབ་པས་ཧོང་ཀོང་གི་དབྱིན་ཇིའི་སྤྱི་ཁྱབ་འགན་འཛིན་མཐའ་མ་སྐུ་ཞབས་ཕིན་ཏེན་ཁཱང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་སྟེང་བར་དཔང་བྱས་པའི་ཐད་བརྗོད་རྒྱུར། རྒྱལ་ཡོངས་དམངས་ཆེན་ཧོང་ཀོང་གི་ཆབ་སྲིད་བཅོས་བསྒྱུར་དང་འབྲེལ་བ་མེད་པར་འདོད་ཡོད་པ་འདྲ། དེ་རྩ་བའི་ཆ་ནས་ནོར་འཁྲུལ་རེད། རྒྱལ་ཡོངས་དམངས་ཆེན་ལ་ཧོང་ཀོང་གི་ཡོངས་ཁྱབ་འདེམ་བསྐོའི་བརྒྱུད་རིམ་ཐད་ཁྲིམས་བཟོ་ཡི་གོ་ས་ཡོད་པ་ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་སུ་གསལ་བོ་ཡིན་ཞེས་བརྗོད་འདུག
ཡང་དེ་བཞིན་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཟེར་བས་ཧོང་ཀོང་གི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས། ཕྱིའི་རྒྱལ་ཁབ་དང་། ཚོགས་པ། མི་སྒེར་སོགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་འཆར་ཅན་གསར་འགོད་གསལ་བསྒྲགས་སྟེང་བརྗོད་འདུག
ཧོང་ཀོང་གི་སློབ་མས་གཙོས་མི་མང་གིས་རང་དབང་དམངས་གཙོ་དང་མིང་དོན་མཚུངས་པའི་ཡོངས་ཁྱབ་འདེམ་བསྐོ་ཞིག་རེག་ཐབས་སུ་ཧོང་ཀོང་གིས་དབུས་ཁུལ་དང་ཅིན་ཀྲུང་། ཝང་ཇོ་སོགས་སྲང་ལམ་གཙོ་བོ་མང་པོ་བཙན་འཛིན་གྱི་ལས་འགུལ་སྤེལ་ནས་ད་ལྟ་ཟླ་གཉིས་ཙམ་ཕྱིན་ཡོད་པ་རེད།

Advertisements