ཨ་རི་བ་ཚོས་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ(Thanksgiving)དེ་ཁོང་ཚོའི་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེན་ཞིག་ཏུ་གཙི་སྲུང་བྱེད་ཀྱིན་ཡོད།
བཀའ་དྲིན་རྗེས་དྲན་གྱི་ཉིན་མོའི་བྱུང་རབས་ལ་བཤད་སྲོལ་མ་འདྲ་བ་འགའ་ཡོད་མོད། ཡོངས་ཁྱབ་ཀྱི་བཤད་སྲོལ་ཞིག་ནི་ཕྱི་ལོ ༡༦༢༡ ལོར་ཨ་མེ་རི་ཀའི་ཤར་མཐའ་མཱ་སཱ་ཆོ་སེ་ཚི (Massachusetts ) རུ་རྒྱ་མཚོ་ལས་ཐོག་མར་སའི་སྟེང་ལ་བུད་པའི་ཡོ་རོབ་ནས་ཡོང་བའི་ཚུལ་ཁྲིམས་སྲུང་མཁན་ཆོས་པ་སྐྱབས་འཚོལ་མཁན་སྐོར་ཞིག་དང་ཨ་རིའི་གདོད་མའི་མི་རིགས་ཨེན་དྷི་ཨ་ནཱའི་མི་སྐོར་ཞིག་མཉམ་གཅིག་ཏུ་འཛོམས་ནས་སྟོན་ཁའི་ལོ་ལེགས་ཀྱི་དཔལ་ལ་རོལ་བའི་གསོལ་སྟོན་བཤམས་པ་དང་། གསོལ་སྟོན་བཤམས་དོན་ནི་ཨེན་དྷི་ཨ་ནཱ་མི་རིགས་ལ་བཀའ་དྲིན་ཞུ་ཆེད་རེད་ལ། གལ་སྲིད་ཨ་རིའི་གདོད་མའི་མི་རིགས་ཨེན་དྷི་ཨ་ནཱ་མི་རིགས་ཀྱི་མཛའ་བརྩེའི་རོགས་རམ་མ་བྱས་ན་ཡོ་ཡོབ་ཀྱི་སྐྱབས་འཚོལ་བ་ཆོས་པ་དེ་ཚོས་ལོ་དང་པོ་སྐྱེལ་དཀའ་བས་རྒྱུ་མཚན་གྱིས་རེད། ཐེངས་དེའི་གསལ་སྟོན་དེ་རིམ་གྱིས་དེ་རིང་གི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་དུ་གྱུར་བ་རེད།
དེ་མིན་ཕྱི་ལོ ༡༦༡༩ལོར་གྲུ་དཔོན་བོའུ་ཌི ལེ་ཧྥི (Wood Leaf )ཡིས་དབུ་ཁྲིད་པའི་ཡོ་རོབ་སྐྱབས་འཚོལ་བ ༣༦ ཨ་རིའི་བིར་རྗི་ནཱེ་ཡ་རུ་རྒྱ་མཚོ་ལས་ས་ཐོག་ཏུ་བུད་ནས་བཀའ་དྲིན་ཆེ་ཞུ་ཡི་མཆོད་སྨོན་ཞུས་པའི་ལོ་རྒྱུས་ཤིང་ཡང་ཡོད།
ཕྱི་ལོ ༡༧༨༩ ལོར་ཨ་རིའི་སྲིད་འཛིན་ཐོག་མ་རྗོར་རྗེ ཝ་ཞིན་ཊིན་གྱིས་ཕྱི་ཟླ ༡༡ ཚེས ༢༦ ཉིན་དེ་ཨ་རི་རྒྱལ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོར་གསལ་བསྒྲགས་བྱས་ཀྱང་། དུས་རབས ༡༩འི་ནང་ད་གཟོད་གཞི་ནས་དུས་ཆེན་ཞིག་ཏུ་གཏན་འབེབས་བྱས་འདུག
སྐབས་དེར་བུད་མེད་རྩོམ་པ་པོ་མིང་ལ་སཱ་ལ་ཌི ཡའུ་སེ་ཝ ཧེ་ལེ( Salad Sewa. Hailey)ཟེར་བ་ཞིག་ལ་ཚུལ་ཁྲིམས་སྲུང་མཁན་ཆོས་པ་དེ་ཚོའི་ཉིན་ཐོའི་ཤུགས་རྐྱེན་ཐེབས་ནས་ཨ་རིའི་ལོ་རྒྱུས་སྟེང་ཐོག་དང་པོའི་བཀའ་དྲིན་རྗེས་དྲན་གྱི་སྲོལ་རྒྱུན་ཡང་བསྐྱར་སླར་གསོ་བྱེད་ཆེད། ཕྱི་ལོ ༡༨༢༧ ནས ༥༧ བར་རྒྱལ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་རུ་གཏན་འབེབ་ཆེད་ཧུར་བརྩོན་ལྷོད་མེད་གནང་པ་དང་། དེ་ནས་ཕྱི་ལོ ༡༨༦༣ ལོར་ཨ་རིའི་སྲིད་འཛིན་བཅུ་དྲུག་པ་ལེན་ཁིན་གྱིས་ལོ་རེའི་ཕྱི་ཟླ ༡༡ པའི་གཟའ་ཕུར་བུ་མཐའ་མ་དེ་ཨ་རི་རྒྱལ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་རུ་གཏན་འབེབས་གནང་ཞིང་། ལོ ༨༠ ཙམ་གྱི་རྗེས་ཏེ་ཕྱི་ལོ ༡༩༤༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་ལྟར་སྐབས་དེའི་སྲིད་འཛིན་རའོ་སེ་བོལ(Roosevelt )ཡིས་བཀའ་འཁྲོལ་ཐོབ་ནས་ལོ་རེའི་ཕྱི་ཟླ ༡༡ པའི་གཟའ་ཕུར་བུ་མཐའ་མ་དེ་ཨ་རི་རྒྱལ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་རུ་གཏན་འབེབས་བྱས་པ་རེད།
དེ་རིང་གི་ཨ་མེ་རི་ཀ་བའི་བཀའ་དྲིན་རྗེས་དྲན་གྱི་གསོལ་སྟོན་དུ་མེད་དུ་མི་རུང་བ་ཞིག་ནི་བྱ་ཐིར་ཁི་ཟེར་བའི་ཤ་སྲེག་མ་དེ་རེད། ཡིན་ན་ཡང་། ཕྱི་ལོ ༡༦༢༡ ལོའི་ཡོ་རོབ་ནས་ཡོང་བའི་ཚུལ་ཁྲིམས་སྲུང་མཁན་ཆོས་པ་སྐྱབས་འཚོལ་བ་དང་ཨ་མེ་རི་ཀ་གདོད་མའི་མི་རིགས་མཉམ་འཛོམས་ངང་བཤམས་པའི་གསོལ་སྟོན་སྟེང་བྱ་ཐིར་ཁི་ཡི་ཤ་མེད་པ་དང་། ཡོད་པ་ནི་རི་དྭགས་ཤ་བའི་ཤ་རེད།
ཨ་རི་བའི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་འདི་གལ་ཆེན་ཞིག་ཏུ་བརྩི་དོན་གཞན་ཞིག་ནི་དུས་ཆེན་འདི་ནང་མི་ལྷན་འཛོམས་གྱི་ཉིན་མོ་ཞིག་ཏུའང་གྱུར་ཡོད་པ་དང་། འཛམ་གླིང་ཡུལ་གྲུ་གང་དུ་ཡོད་མེད་ལ་མ་བལྟོས་པར་ཉིན་མོ་དེར་ནང་མི་ལྷན་དུ་འཛོམས་ནས་བྱ་ཐིར་ཁི་ཡི་ཤ་སྲེག་མ་གཙོ་བོ་རྒྱུར་བའི་གསོལ་སྟོན་ལ་རོལ་བའི་སྲོལ་རྒྱུན་ཡོད་ཅིང་། བཀའ་དྲིན་རྗེས་དྲིན་གྱི་དུས་སྟོན་ལ་ཨ་རི་རྒྱལ་ཡོངས་སུ་ཉིན་གཉིས་ཀྱི་གུང་གསེང་ཡོད་པ་རེད།
བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་དེའི་ཆེད་དུ་ལོ་རེར་བྱ་ཐིར་ཁི་ཟེར་བ་ས་ཡ་མང་པོ་བཤའ་དགོས་པས། སྤྱི་ཚོགས་སྟེང་དེ་ལ་དགག་པ་རྒྱག་མཁན་ཡང་མི་ཉུང་བ་ཞིག་ཡོད་མུས་སུ་ཡིན་ལ། ཨ་རིའི་སྲིད་འཛིན་གྱིས་བྱ་ཐིར་ཁི་གཉིས་ལོ་རེའི་བཀའ་དྲིན་རྗེས་དྲན་དུས་སྟོན་གྱི་སྔན་ཉིན་མོར་ཚེ་ཐར་ཏུ་གཏོང་སྲོལ་ཡོད་ལ། བཤད་སྲོལ་ཞིག་ཏུ་ཕྱི་ལོ ༡༩༤༧ ལོར་སྐབས་དེའི་སྲིད་འཛིན་ཧེ་རེ ཊི་རའུ་མན(Harry Truman)ནས་མགོ་བརྩམས་ཚུལ་བཤད་རྒྱུན་དུ་ཡོད་ན་ཡང་། ཁོང་གི་ལོ་རྒྱུས་སུ་དེའི་སྐོར་མཐོང་མ་སོང་། ཕྱི་ལོ ༡༩༨༩ ལོར་སྐབས་དེའི་སྲིད་འཛིན་རྗོར་རྗེ H.W.བྷི་ཞིའམ་བྷི་ཞི་ཆེ་བས་ཐིར་ཁི་ཞིག་གཞུང་འབྲེལ་གྱིས་ཚེ་ཐར་ལ་བཏང་བ་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་ལོ་ལྟར་སྲོལ་རྒྱུན་དེ་རྒྱུན་འཁྱོངས་བྱས་ཡོད་པ་རེད།
བཀའ་དྲིན་རྗེས་དྲན་དུས་སྟོན་གྱི་གུང་གསེང་གི་ཉི་མ་གཉིས་པ་དེར་གཟའ་པ་སངས་ནག་པོ་ཞེས་འབོད་པ་དང་། ཉིན་དེར་ཚོང་ཁང་ཆེ་ཆུང་ཚང་མའི་བཅའ་དངོས་ཀྱི་རིན་གོང་མར་བཅག་ནས་བཙོང་སྲོལ་ཡོད་པ་བཞིན། ཨ་རི་བ་ཚོས་བྱ་ཐིར་ཁི་སྲེག་མའི་ཤ་ལ་རོལ་ནས་ནམ་གུང་ལ་སླེབས་ཚེ་མཁོ་དགོས་ཆེ་བའི་བཅའ་དངོས་རིགས་ཉོ་རུ་འགྲོ་བའི་ལུགས་སྲོལ་ཡོད་པ་རེད།
ད་ལྟ་བཀའ་དྲིན་རྗེ་དྲན་གྱི་དུས་སྟོན་དེ་ཨ་མེ་རི་ཀ་ཁོ་ན་མ་ཡིན་པར། ཁཱ་ནཱ་ཌ་དང་། ཨོ་སི་ཊི་རེ་ལེ་ཡ། དབྱིན་ཇི་སོགས་རྒྱལ་ཁབ་མང་པོའི་དུས་སྟོན་ཞིག་ཏུ་གྱུར་ཡོད།