ཀྲུག་ཡོང་ཁང་ལས་ངན་པོ།

074AA64F-C8EE-4B76-9CA6-2FB3C291A8FB_mw1024_s_nགཟའ་པ་སངས་ཀྱི་མཚན་གུང་། རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་དང་སྤྱི་བདེ་བློན་ཆེན་ཟུར་བ་ཀྲུག་ཡོང་ཁང་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་དང་གྱོད་དོན་ཁྲིམས་འཛིན་སྡེ་ཚན་ལ་རྩིས་སྤྲད་ཡོད་ལུགས་བསྒྲགས་འདུག
དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཁྲོད་བློ་ཁོག་ཅན་གྱི་མདུན་སྐྱོད་ཅིག་དང་། ལས་འགུལ་དེས་རྒྱ་ནག་གི་མཁས་མཛངས་གཉིས་ལྡན་གྱི་དབུ་ཁྲིད་ཕུལ་བྱུང་ཅན་གྱི་ཆབ་སྲིད་མགོ་རྟིང་སློག་པ་མ་ཟད། རྒྱ་ནག་དེང་གཞུང་གི “ཉེས་ཆད་རྒྱུན་ལས་ལ་མི་གཅོད” ཅེས་པའི་སྲོལ་རྒྱུན་ལམ་ལུགས་ཀྱང་གཏོར་ཡོད་པ་རེད།
གོང་གཏུག་དངོས་སུ་བྱས་མེད་མོད། འོན་ཀྱང་། ཀྲུག་ཡོང་ཁང་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ཡོད་པ་དང་། དེ་དག་ནི། “རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ། རྒྱལ་གཉེར་མ་དངུལ་ལ་གྱོང་གུད་ཆེན་པོ་ཐེབས་པ། དབང་ཆ་ལོག་པར་སྤྱད་ནས་ནང་མི་གཉེན་ཉེ་བརྒྱུད་ཁེ་བཟང་འབོར་ཆེན་ཟས་པ། བུད་མེད་མོད་པོ་དང་འགབ་མཐུན་བྱས་པ་མ་ཟད། དབང་ཆ་དང་འདོད་སྲེད། རྒྱུ་ནོར་དང་འདོད་སྲེད་བརྗེ་ལེན་བྱས” ལུགས་སོགས་སྐྱོན་བཙུགས་འདུག
ཀྲུག་ཡོང་ཁང་ཕམ་པར་བརྒྱབས་པ་ལས་ཞི་ཅིན་ཕེང་གིས་རྒྱ་ནག་གི་མཁས་མཛངས་གཉིས་ལྡན་གྱི་དབུ་ཁྲིད་ཕུལ་བྱུང་ཅན་གྱི་ཆབ་སྲིད་ཀྱི་སྒྲིག་གཞིའི་ཁྲོད་བཟུང་བའི་བླ་ན་མེད་པའི་དབང་ཆ་ཡིས་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ལའང་གཡོ་འགུལ་ཐེབས་ནུས་པ་མཚོན་ཡོད། མཐོང་ན་འཇིགས་པའི་ཀྲུག་ཡོང་ཁང་ལྟ་བུའི་དཔོན་རིགས་དག་དེ་སྔོན་གཡོ་སྒུལ་མི་ནུས་པའི་རིགས་དེ་ཡིན་ཞིང་། སྒོས་སུ་གནས་རིམ་དེའི་མི་ཞིག་ལ “རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི” ཉེས་མིང་འཛུགས་མྱོང་མེད། ཡིན་ན་ཡང་། ཀྲུག་ཡོང་ཁང་དམར་ཤོག་ཚོགས་པའི་རྒྱ་ནག་དབང་བསྒྱུར་བའི་ལོ་རྒྱུས་སུ་སྐྱོན་ལ་ཐོགས་པའི་གོ་གནས་མཐོ་ཤོས་ཀྱི་མི་སྣ་རུ་གྱུར་ཡོད།
ཞི་ཅིན་ཕེང་གིས་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་སྤེལ་ནས་འདས་པའི་ལོ་གཉིས་ཀྱི་ནང་དུ་བློན་ཆེན་རིམ་པའི་ཏང་སྲིད་ཁེ་གསུམ་གྱི་མི་སྣ ༦༠ ཙམ་གནས་དབྱུང་དང་འཛིན་བཟུང་བྱས་པ་དང་། ལས་འགུལ་བརྩམས་མ་ཐག༼སྟག་དང་སྦྲང་མ་མཉམ་གསོད༽ཅེས་པའི་ངར་སྐད་བསྒྲགས་ཡོད་ལ། དུས་དེ་རིང་བསམ་ན་དེ་ནི་མཁས་མཛངས་གཉིས་ལྡན་གྱི་དཔོན་རིགས་ཕུལ་བྱུང་ཅན་དང་གཞི་རིམ་དཔོན་ངན་གཉིས་ཀར་གོ་དགོས་པ་འདྲ།
དེ་སྔོན་རྒྱ་གཞུང་གི་མགྲིན་ཚབ་ཚགས་ཤོག༼ མི་དམངས་ཉིན་རེའི་ཚགས་པར༽གྱིས “ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་བཟོད་སྒོམ་རྩ་བ་ནས་མི་བྱེད་པའི་རྣམ་འགྱུར། སྨན་བཙན་པོས་ནད་གསོ་བའི་ཆོད་སེམས། རུས་པ་འབྲད་ནས་དུག་སེལ་པའི་སྙིང་སྟོབས་དགོས” ཞེས་བཀོད་ཡོད་པ་ཇི་བཞིན། ལྐོག་ཟ་རུལ་སུངས་ལ་རྡོང་རྡེག་གི་ལས་འགུལ་དེ་ཞི་ཅིན་ཕེང་གི་མཚོན་དོན་རང་བཞིན་ཅན་གྱི་རྒྱལ་ཁབ་སྐྱོང་ལུགས་སུ་གྱུར་ཡོད།
ལྐོག་ཟ་རུལ་སུངས་ལས་འགུལ་ཁྲོད་སྐྱོན་ལ་ཐོགས་པའི་མཐོ་རིམ་དཔོན་རིགས་མང་ཆེ་བ་བདེ་འཇགས་དང་རྡོ་སྣུམ་ལས་རིགས་ལ་འབྲེལ་བ་ཡོད་པ་དང་། དེ་ནི་ཀྲུག་ཡོང་ཁང་གི་དབང་ཤུགས་ཀྱི་ཁྱབ་ཁོངས་རེད། དཔེར་ན། ༼ ནིའུ་ཡོག་དུས་བབ༽ཀྱིས་བཏོན་པའི་ཀྲུག་ཡོང་ཁང་གི་བུ་ཀྲུག་པེང་གི་རྒྱ་སྒོར་དུང་ཕྱུར ༡༠འི་རྒྱུ་ནོར་གྱི་མང་ཆེ་བ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལས་རིགས་ལ་འབྲེལ་བ་ཡོད་པ་ལྟ་བུ་རེད།
ད་ལྟ་ལོ་ན ༧༢ ཡིན་པའི་ཀྲུག་ཡོང་ཁང་། དམར་ཤོག་ཚོགས་པར་ཞུགས་ནས་ལོ ༥༠འི་ལོ་རྒྱུས་ཅན་གྱི་ཚོགས་མི་རྒན་པ་ཞིག་ཡིན་ཞིང་། འདས་པའི་ལོ་གཅིག་གི་ནང་མཐོང་རྒྱུ་རིག་རྒྱུ་མེད་པར་གྱུར་ཡོད།
རྒྱ་ནག་གི་ཆབ་སྲིད་མ་ལག་ཁྲོད། ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་སྲོལ་དེ་ཆེས་མཐོའི་དབུ་ཁྲིད་རིམ་པར་སྙན་ཞུ་ཕུལ་བའི་ནང་ཁུལ་གྱི་ལྟ་སྐུལ་ལས་ཁུང་ཞིག་གིས་ཁུར་ལེན་བྱས་ཡོད་པ་དང་། ཁྲིམས་འཛིན་ལ་ཞུ་གཏུག་བྱེད་མིན་ཡང་མཐོ་རིམ་དབུ་ཁྲིད་རིམ་པས་ཐག་གཅོད་བྱེད་དགོས་པ་རེད། ནམ་རྒྱུན་རྣོ་ཚོར་ཅན་གྱི་གྱོད་དོན་ཞིག་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་འདྲི་གཅོད་སྐབས་ཇི་ལྟར་འདྲི་གཅོད་བྱ་དགོས་ཚུལ་དབུ་ཁྲིད་རིམ་པས “ལམ་སྟོན” གནང་སྲོལ་ཡོད།
ཀྲུག་ཡོང་ཁང་ལ་འདྲི་གཅོད་བྱ་རྒྱུར་ཉེན་ཁ་ཡོད། ཀྲུག་ཡོང་ཁང་གིས་གཅིག་བགྱིས་ན་རྒྱ་ནག་དམར་ཚོགས་ཀྱི་སྣང་བརྙན་ལ་གནོད་པའི་གནས་ཚུལ་རིགས་ཕྱི་གསལ་ནང་གསལ་བྱེད་སྲིད། རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་ནང་གི་གཅིག་ཡིན་པའི་ཀྲུག་ཡོང་ཁང་དེ་སྔ་རྒྱ་ནག་དེང་གཞུང་དབུ་ཁྲིད་གཙོ་གྲས་ཡིན་པ་དང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ཚན་ཁག་དང་། བཙོན་ཁང་། ཁྲིམས་ལུགས་སྡེ་ཚན། ཞིབ་བཤེར་ལས་ཁང་བཅས་ལ་ལྟ་སྐུལ་བྱེད་པའི་ལྷན་ཁང་ཞིག་ལ་བཏང་འཛིན་བྱས་ཡོད། ཕྱི་ལོ ༢༠༡༡ལོར། གནས་རིམ་ཀྲུང་ཡོང་ཁང་ལས་གཅིག་གི་དམའ་བའི་རྒྱུན་ལས་འཐུས་མི ༢༥འི ཁྲོད་ཀྱི་པོའོ་ཞི་ལེ་དམར་ཚོགས་ཁོངས་ནས་ཕྱིར་ཕུད་ཀྱི་དོན་རྐྱེན་དེ་དམར་ཤོག་ཚོགས་པ་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་རྐྱེན་ཆེན་པོ་ཞིག་ཏུ་གྱུར་བ་རེད།
འདས་པའི་ལོ་གཉིས་རིང་ཚ་ཚ་འུར་འུར་དུ་སྤེལ་བའི་ལྐོག་ཟ་རུལ་སུངས་ལ་རྡོང་རྡེག་གི་ལས་འགུལ་དེ་ཞི་ཅིན་ཕེང་ལ་མཚོན་ན་རིམ་པ་སོ་སོའི་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་ཚད་རིམ་ཤར་སྟག་གིས་སྐུལ་འདེད་ལས་སྤེལ་བ་ཞིག་རེད་དམ། ཡང་ན། ལྐོག་ཟ་རུལ་སུངས་རྡུང་རྡེག་གི་ལས་འགུལ་སྤེལ་བ་བརྒྱུད་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་ཅན་དུ་བསྒྱུར་བ་རེད། དེའི་ཐད་གནད་དོན་དབྱེ་ཞིབ་པས་ལྟ་ཚུལ་ཐ་དད་བཟུང་ཡོད།
རྒྱ་ནག་གི་ཆབ་སྲིད་མ་ལག་གིས་ད་དུང་ཡང་རྩ་བ་སར་ཟུག་ཅིང་རྩེ་མོ་དགུང་ལ་མཉམ་པའི “གཉེན་རྒྱུད་འབྲེལ་བ” ཞེས་པའི་རྒྱ་ནག་གི་ཆབ་སྲིད་རིག་གནས་ཁྱད་པར་ཅན་དེ་རྒྱུད་འཛིན་བྱས་ཡོད་པ་དང་། གཞི་རྒྱ་ཆེན་པོས་རུལ་སུངས་ལ་རྡུང་རྡེག་གི་ལས་དོན་དེ་རྒྱུན་འཁྱོངས་བྱེད་ཐུབ་པའི་ལས་ཤིག་མིན་ལ། ཞི་ཅིན་ཕེང་གིས “རྒྱལ་ཁབ་ཁྲིམས་ལུགས་ཀྱིས་སྐྱོང” དགོས་ཚུལ་བཤད་ཡོད་ཀྱང་། དམར་ཤོག་ཚོགས་པ་ཁྲིམས་ཀྱི་གོང་ན་ཡོད་པའི་གནས་སྟངས་དེ་བསྒྱུར་འདོད་མེད་པ་འདྲ།
ཀྲུག་ཡོང་ཁང་གི་གྱོན་དོན་དེའང་པོའོ་ཞི་ལེ་ནང་བཞིན་ཡོངས་ཁྱབ་ཞིབ་གཅོད་བྱེད་མིན་ད་ལྟ་བཤད་དཀའ་མོད། གལ་སྲིད་ཡོངས་ཁྱབ་ཞིབ་གཅོད་བྱས་ཚེ་ཀྲུག་ཡོང་ཁང་གིས་རྒྱལ་ཁབ་གྱི་གསང་བ་འདོན་རྒྱུའི་འཇིགས་སྐུལ་བྱེད་མི་སྲིད་པ་མིན། དེ་མིན་ཉེས་ཆད་ཐད་ཡོངས་ཁྱབ་ཀྱིས་ཚེ་བཙོན་དང་ཡང་ན་དུས་འགྱངས་སྲོག་ཁྲིམས་གཅོད་སྲིད་པར་ཚོད་དཔག་བྱས་འདུག
གང་ལྟར། ཀྲུག་ཡོང་ཁང་ལས་ངན་པོ། དམར་ཤོག་ཚོགས་མི་བྱེ་བ་བརྒྱད་ཚང་མ་ཀྲུག་ཡོང་ཁང་རྐྱང་རྐྱང་ཡིན། ཡིན་ན་ཡང་། ལས་དང་བསོད་ནམས་ཀྱི་དབང་གིས་བུན་ཇ་པའོ་སོགས་ད་དུང་བདེ་བར་གནས་ཡོད་པ་མ་ཡིན་ནམ།

Advertisements