ཕྱི་ལོ ༢༠༡༤ལོར། རྒྱ་གར་དང་རྒྱ་ནག་གི་འབྲེལ་བར་གཞི་རྩའི་འགལ་ཟླ་སེལ་མིན་ལ་མ་བལྟས་པར་ཁེ་ཕན་ལ་ཕྱོགས་པའི་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་པའི་ཚོར་བ་མི་རྣམས་ལ་སྐྱེས་ཡོད།
རྒྱ་གར་ནག་གི་དབུ་ཁྲིད་བརྗེ་སྤོ་བྱས་རྗེས་ཚད་མཐོ་བའི་ངང་འབྲེལ་མོལ་གནང་ཡོད་པ་མ་ཟད། དཔལ་འབྱོར་ཁེ་ཕན་བརྗེ་རེས་ཀྱི་རྣམ་པ་ཧུར་པོར་གྱུར་ཞིང་། རྩོད་རྙོག་ཆེ་བའི་ས་མཚམས་གནད་དོན་སོགས་སྲོལ་རྒྱུན་གྱི་གནད་དོན་རིགས་ཀྱིས་དངོས་ཡོད་འཕེལ་རྒྱས་ལ་ལམ་ཁ་ཕྱེས་པའི་རྣམ་པ་ཞིག་ཤར་འདུག ཡིན་ན་ཡང་། རྒྱ་གར་ནག་གི་འབྲེལ་བ་དེ་ད་དུང་ཡང་བོད་དོན་གྱིས་གཙོས་སྲོལ་རྒྱུན་གནད་དོན་རིགས་ཀྱི་གྲིབ་ནག་གིས་བསྒྲིབས་ཡོད།
རྒྱ་གར་གྱི་གསར་འགྱུར་སྨྱན་བྱད་ཁག་གིས་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བསྟོད་རྒྱུད་དུ་བསྐྲུན་པའི་ཆུ་མཛོད་གློག་ཁང་ནི་རྒྱ་གར་གྱི་འཇིགས་སྐུལ་ཞིག་ཡིན་ཞིང་། གཞི་རྒྱ་ཆེ་བའི་ཆུ་མཛོད་དེས་ཆུ་ལོག་དང་ཆུ་རུད་རྡོ་རུད་སོགས་རང་བྱུང་གནོད་འཚེ་བསླངས་སྲིད་པས་ས་ཁུལ་གྱི་སྐྱེས་ཁམས་ལ་གནོད་པ་ཡོད་པ་མ་ཟད། གལ་སྲིད་རྒྱ་གར་ནག་བར་དམག་འཁྲུག་བྱུང་ཚེ། རྒྱ་ནག་གིས་གཙང་པོའི་བཞུར་རྒྱུན་ལ་ཁ་ལོ་བསྒྱུར་བ་བརྒྱུད་རྒྱ་གར་ལ་བཏང་འཛིན་བྱས་ཆོག ཅེས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གི་ཡར་ཀླུང་གཙང་པོའི་བསྟོད་རྒྱུད་དུ་བསྐྲུན་པའི་ཆུ་གློག་དང་པོ་སྟེ———འཛམ་ཆུ་གློག་ཁང་དེ་ད་ལོའི་ཕྱི་ཟླ ༡༡ ཚེས ༢༣ ནས་དངོས་སུ་གློག་འདོན་ཐོན་སྐྱེད་ཀྱི་ལས་ལ་ཞུགས་ཡོད་པ་རེད།
ད་ལྟའི་ཆར་རྒྱ་གར་ནག་གཉིས་ཀས་ཕྱི་ལོ ༢༠༡༥ ལོར་རྒྱ་གར་གྱི་སྲིད་བློན་མའོ་དྷི་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་རྒྱུར་ཇུས་གྲབས་དང་སྟ་གོན་བྱེད་མུས་སུ་ཡིན་ཞིང་། རྒྱ་ནག་གི་སྲིད་བློན་ལའེ་ཁི་ཆང་གིས་ཉེ་ལམ་ལྷོ་ཨེ་ཞི་ཡར་འཚམས་གཟིགས་སྐབས་ཡང་བསྐྱར་རྒྱ་གར་གྱི་སྲིད་བློན་མའོ་དྷི་ལ་མགྲོན་འབོད་ཞུས་ཡོད་པ་དང་། དེ་མིན། ཕྱི་ཟླ ༡༡ར་རྒྱ་གར་ནག་གིས་རྒྱ་གར་གྱི་ནུབ་རྒྱུད་གྲོང་ཁྱེར་ཕུ་ནེ༼Pune༽རུ་འཇིགས་སྐུལ་ལ་རྡུང་རྡེག་གི་མཉམ་འབྲེལ་དམག་སྦྱོང་བྱས་པ་རེད།
རྒྱ་གར་གྱི་ཇཱ་ཝ་ཧར་ལལ ནེ་ཧཱེ་རུ་གཙུག་ལག་སློབ་ཆེན༼Jawaharlal Nehru University ༽གྱི་རྒྱ་ནག་གནད་དོན་ཆེད་མཁས་པ་སྐུ་ཞབས་སཱི་ཝ་ལན སེངྒ ༼ Siwa Lan Singh ༽ལགས་ཀྱིས་ཕྱི་ལོ ༢༠༡༤ ལོའི་རྒྱ་གར་ནག་གཉིས་ཀྱི་དོན་རྐྱེན་གལ་ཆེན་ཞིག་ནི་ཁ་ལས་རླུང་རྟ་མེ་ལྟར་འབར་གྱིན་པའི་མི་བསོད་གཉིས་བྱུང་བར་འབྲེལ་བ་ཡོད་ཅིང་། ཞི་ཅིན་ཕེང་རྒྱ་གར་དུ་འཚམས་གཟིགས་སྐབས་དབུ་ཁྲིད་རྣམ་གཉིས་བར་མཛའ་བརྩེའི་མཐུན་ལམ་བཙུགས་ཡོད། དེ་བཞིན ༢༠༡༥ ལོར་རྒྱ་གར་གྱི་སྲིད་བློན་མཆོག་ཇི་ལྟར་མགྲོན་འབོད་བྱས་པ་དེ་ལྟར་དུ་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་འཆར་ཡོད། དེ་བས་ན། ཕྱི་ལོ ༢༠༡༤ ལོ་ནི་རྒྱ་གར་ནག་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་བར་འབྲེལ་བ་ཇེ་ཟབ་དང་རྒྱུས་ལོན་མང་ཙམ་བྱུང་བའི་ལོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱང་རིང་ས་ནས་བསམ་བློ་བཏང་ན། ཕྱོགས་གཉིས་ཀར་འབྲེལ་བ་ཡོད་པའི་གནད་དོན་རིགས་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད། ཅེས་འགྲེལ་བརྗོད་བྱས་འདུག
ཕྱི་ལོ ༢༠༡༤ལོ་དེ༼རྒྱ་གར་ནག་མཛའ་མཐུན་འབྲེལ་འདྲིས་ཀྱི་ལོ ༽རུ་རྒྱ་གར་ནག་གཉིས་ཀས་ངོས་འཛིན་བྱས་ཡོད།
ཞི་ཅིན་ཕེང་གིས་སྲིད་དབང་བཟུང་ནས་ཟླ་དྲུག་གི་རྗེས་སུ་རྒྱ་གར་དུ་འཚམས་གཟིགས་གནང་ཡོད་ལ། དེ་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཅིག་གིས་ལོ་ངོ ༢༥འི་ནང་རྒྱ་གར་དུ་འཚམས་གཟིགས་གནང་བ་ཐོག་མ་དེ་རེད། འཚམས་གཟིགས་སྐབས་རྒྱ་གར་ནག་གཉིས་ཀས་དཔལ་འབྱོར་ཉོ་ཚོང་རིགས་ཀྱི་གྲོས་ཆོད ༢༠ ལྷག་བཞག་པ་དང་། ལྕགས་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་ཐད་བཙུགས་པའི་མ་རྩ་ཚོད་དཔག་ལྟར་ན་ཨ་སྒོར་དུང་ཕྱུར ༡༠༠༠ ནས ༣༠༠༠ གནས་ ཡོད་པ་རེད། རྒྱ་ནག་ནི་རྒྱ་གར་གྱི་ཚོང་དོན་མཐུན་གྲོགས་ཆེ་ཤོས་དེ་ཡིན་ཞིང་། ཕྱོགས་ཕན་ཚུན་གྱི་ཉོ་ཚོང་དངུལ་ལོའི་བོངས་ཚད་ནི་ཨ་སྒོར་དུང་ཕྱུར ༧༠༠རེད། ༼དངུལ་རྩ་དུས་བབ༽ཀྱིས། ལོ་འགའི་སྔོན་ནས་བཟུང་རྒྱ་ནག་གི་ཁེ་ལས་འབོར་ཆེན་ཞིག་ཡིད་ཆེས་དཀའ་བའི་མྱུར་ཚད་ཀྱིས་རྒྱ་གར་དུ་དར་སྤེལ་བྱས་དང་བྱེད་ཀྱིན་ཡོད། ཅེས་བཀོད་ཡོད་པ་དང་། རྒྱ་ནག་གི་གཙོ་སྐྱོང་གནང་བའི་རྒྱ་རྒྱ་བྷ་ར༼རྒྱ་གར། རྒྱ་ནག བྷར་སད། རཱ་ཞི་ཡ་བཞིའི་ཡི་གེ་དང་པོ་བླངས་པ།____བསྒྱུར་མཁན་གྱི་མཆན།༽རྒྱལ་ཁབ་བཞིའི༼རྒྱ་ནག་གིས་འདི་ལ་གསེར་གྱི་སོ་ཕག་རྒྱལ་ཁབ་བཞི་ཞེས་འབོད་ཀྱིན་ཡོད། ____བསྒྱུར་མཁན་གྱི་མཆན།༽དངུལ་ཁང་གི་འགན་འཛིན་དང་པོ་དེ་རྒྱ་གར་བ་ཞིག་བསྐོ་བཞག་གནང་ཡོད་པ་རེད།
པེ་ཅིང་ཕྱི་འབྲེལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རྒྱལ་སྤྱིའི་གནད་དོན་ཆེད་མཁས་པ་སུའུ་ཧོ་ཡིས། རྒྱ་གར་ནག་གི་འབྲེལ་བ་དེ་ད་ལྟ་འགྱུར་མཚམས་ཆེན་པོ་ཞིག་བརྒྱུད་ཀྱིན་པའི་སྒང་ཡིན་ལ། དེ་ནི་གཙོ་འཛིན་ཞི་ཅིན་ཕེང་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་པ་དེ་རེད། རྒྱལ་ཁབ་གཉིས་སྔོན་ཆད་ཀྱི་ཕན་ཚུན་ལ་ཡིད་ཆེས་མེད་པའི་མཚམས་ནས་ད་ལྟའི་མཉམ་ལས་ཆེན་པོར་འགྱུར་ཡོད་པས། ཕན་ཚུན་གྱི་ཡིད་ཆེས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། བཤད་སྟངས་གཞན་ཞིག་ནི། ཕན་ཚུན་གྱི་ཡིད་ཆེས་དང་། འབྲེལ་བ་མདུན་དུ་བསྐྱོད་རྒྱུར་མགོ་ཡག་པོ་ཞིག་བཙུགས་ཡོད། དེ་མིན། ཕྱོགས་གཉིས་ཆས་མཉམ་ལས་ཧ་ཅང་བཟང་པོ་བྱས་ཡོད་ལ། སྒོས་སུ་དཔལ་འབྱོར་ཐད། དེ་སྔོན་རྒྱ་ནག་གི་དཔལ་འབྱོར་མ་རྩ་རྒྱ་གར་ནང་འཛུགས་རྒྱུར་རྒྱ་གར་ལ་དོགས་པ་ཆེན་པོ་ཡོད་མོད། འོན་ཀྱང། ད་ལྟ་རྒྱ་གར་གྱིས་རྒྱ་ནག་ལ་སྒོ་ཡོངས་སུ་ཕྱེས་པ་རེད་ཟེར།
རྒྱ་གར་ནག་གི་འབྲེལ་བ་ཅུང་ཞི་དལ་དུ་འགྱུར་བ་དང་། འཕེལ་རྒྱས་གཙོ་བོར་གཉེར་དོན་གྱི་རྒྱུ་རྐྱེན་ཞིག་ནི། གཅིག་བགྱིས་ན་རྒྱལ་ཁབ་གཉིས་ཀར་ཐག་གཅོད་ཀྱི་ཐབས་ཤེས་དང་བྲལ་ནས་དུས་ཡུན་རིང་པོར་ལྷག་པའི་ས་མཚམས་གྱི་གནད་དོན་དེ་རེ་ཞིག་བཏང་སྙོམས་སུ་འཇོག་འདོད་ཡོད་པས་ཡིན་སྲིད། རྒྱ་གར་གྱི་དྷེ་ལེའི་ཇཱ་མི་ཡ ཨ་མེ་ལི་ཡ ཨེ་སི་ལཱ་མི་ཡ་སློབ་ཆེན༼ Jia Miya · Amelia · Isla Mia University ༽གྱི་རྒྱ་ནག་གནད་དོན་ཆེད་མཁས་པ་སུ་ཇི་ཏེ ཌུ་ཏ༼ Suji Te Dutta ༽ཡིས། རྒྱ་གར་ནག་གཉིས་ཀའི་ས་མཚམས་དང་བདག་དབང་ཐད་ཀྱི་གནད་དོན་ད་དུང་ཡོད་མུས་ཡིན། རྩོད་གཞི་ཅན་གྱི་ས་ཁུལ་ཁག་ཏུ་རྒྱ་ནག་གིས་བཙན་གྱིས་འཛུལ་མེད་པ་དང་། རྒྱ་གར་གྱིས་ཀྱང་ས་ཁུལ་དེ་དག་ཏུ་ལས་དོན་རིགས་སྤེལ་མེད། རྒྱ་གར་ནག་གཉིས་ཀས་ད་ལྟའི་འབྲེལ་བར་རྒྱབ་ལྗོངས་གསར་བ་ཞིག་འཚོལ་གྲུབ་བྱས་ཡོད་ཅིང་། མངའ་ཁོངས་བདག་དབང་ལ་སྔོན་ཆད་ནང་བཞིན་གྱི་འཐབ་ཇུས་སླུ་བྲིད་མེད་པར་གྱུར་ཡོད། དེའི་ཚབ་བྱེད་མཁན་ནི་སྒོར་མོ་སྟེ་དཔལ་འབྱོར་འཕེལ་རྒྱས་རེད། ཅེས་བརྗོད་འདུག
ཨ་རིའི་མཉམ་འབྲེལ་གསར་ལས་ཁང་གིས། ལོ་ངོ་ཉི་ཤུའི་ཡར་སྔོན་དུ། རྒྱ་གར་ནག་གཉིས་ཧ་ཅང་དབུལ་ཞིང་ཕོངས་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྗེས་ཟིན་རྒྱུར་རེ་ལྟོས་མེད་པའི་སྣང་ཚུལ་ཡོད། དུས་དེ་རིང་རྒྱ་ནག་འཛམ་གླིང་དཔལ་འབྱོར་གྱི་ཕུང་བོ་གཉིས་པར་གྱུར་ཡོད། ལྟོས་ས་ལྟོས་འཇོག་གིས་རྒྱ་གར་རྒྱ་ནག་ལས་རྗེས་ལུས་ཐེབས་ཡོད་མོད། འོན་ཀྱང་། རྒྱ་ནག་ནི་གོ་ལའི་གནས་འཕྲིན་ལག་རྩལ་གྱི་ལྟེ་བར་གྱུར་ཡོད། ༼རྒྱ་གར་གྱིས་བཟོ་བསྐྲུན་བྱས༽ཞེས་པའི་དུས་རབས་ལ་བསླེབ་ལ་ཉེ། དེ་མིན་རྒྱ་གར་གྱིས་རང་ཉིད་ནི་སྤྱིར་ན་འཛམ་གླིང་དང་བྱེ་བྲག་ཨེ་ཞི་ཡའི་ལས་དོན་ཁྲོད་མེད་དུ་མི་རུང་བའི་ནང་ཞུགས་མཁན་ཞིག་ཏུ་ངོས་འཛིན་བྱས་ཡོད། རྒྱ་གར་ནག་གཉིས་ཀའི་ས་མཚམས་གདོང་གཏུག་རིགས་ཀྱི་གནས་ཚུལ་ཁག་སྒྲོ་འདོགས་ཆེ་བཤད་བྱས་ཡོད་པ་དང་། རྒྱ་གར་ནག་གཉིས་ས་མཚམས་ལས་བརྒལ་ཏེ་མཉམ་ལས་བྱ་རྒྱུ་དེ་དོན་དངོས་སུ་ས་མཚམས་ཀྱི་འགལ་ཟླ་ལས་ལྡབ་འགྱུར་གྱིས་ཆེ་ཞེས་བཀོད་འདུག
ཡིན་ན་ཡང་། རྒྱ་གར་གྱི་སྲིད་ཇུས་ལྟེ་གནས་ཁང་གི་དགེ་རྒན་ཆེན་མོ་བྷ་རཱ་མཱ ཧེ་མཱ་ཆར་ལེ་སི རཱ་ནེ༼ Brad Hema Charles Rani ༽ཡིས་ཕྱི་ཟླ ༡༡ ཚེས ༢༧ ཉིན་ཧྥོར་པེ་སི༼Forbes ༽དུས་དེབ་སྟེང་ཁ་བྱང་ལ༼བོད་ཀྱི་གནད་དོན་ནི་ད་དུང་ཡང་རྒྱ་གར་ནག་གི་འབྲེལ་བའི་འགག་རྩ༽ཡིན་ཞེས་དཔྱད་རྩོམ་ནང་། རྒྱ་གར་ནག་གཉིས་ཀས་བོད་ཀྱི་གནད་དོན་ནི་ཕྱོགས་གཉིས་ཀས་འགལ་ཟླའི་འགག་རྩ་ཡིན་པར་ནན་གྱིས་བརྗོད་གྱིན་ཡོད་ཞིང་། བོད་དོན་གྱི་རྐྱེན་གྱིས་རྒྱ་གར་ནག་གཉིས་ཀའི་མངའ་ཁོངས་བདག་དབང་གི་རྩོད་པ་དང་། ས་མཚམས་གདོང་གཏུག ཆུའི་ཐོན་ཁུངས་ཁོངས་གཏོགས་སོགས་ཀྱི་གནད་དོན་ཇེ་དྲག་དང་སེལ་མ་ནུས་པར་ལྷག་ཡོད་པ་རེད། ད་ལོའི་ཕྱི་ཟླ ༩ར་ཞི་ཅིན་ཕེང་རྒྱ་གར་ནང་འཚམས་གཟིགས་ཀྱི་སྐབས་སུའང་རྒྱ་ནག་གི་མཐའ་སྲུང་དམག་མི་སྐོར་ཞིག་ས་མཚམས་བརྒལ་ནས་རྒྱ་གར་གྱི་དོན་དངོས་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཁག་ཏུ་བཙན་འཛུལ་བྱས་པའི་དོན་རྐྱེན་བྱུང་བ་རེད། རྒྱ་གར་གྱི་སྲིད་བློན་མའོ་དྷི་ཡིས་ཀྱང་ཞིན་ཅིན་ཕེང་རྒྱལ་ས་དྷེ་ལེར་འཚམས་གཟིགས་སྐབས་བོད་མི་བཙན་བྱོལ་བའི་ངོ་རྒོལ་ལས་འགུལ་ལ་བཀག་འགོག་བྱས་མེད། དེ་ལས་གཞན། རྒྱ་གར་གྱིས་མངའ་ཁོངས་བདག་དབང་ལ་རྩོད་པ་ཡོད་པའི་ས་ཁུལ་ཁག་ཏུ་རིང་ཚད་ལ་སྤྱི་ལེ ༡༨༠༠ ཅན་གྱི་ལམ་ཆེན་ཞིག་བཟོ་བསྐྲུན་བྱས་པ་བརྒྱུད་རྒྱ་ནག་གི་བྱ་སྤྱོད་ཁག་ཅིག་ལ་འཁོན་ལན་གྱི་ཚུལ་དུ་ལན་སློག་ཡོད་པ་རེད། ཅེས་དང་། ཡང་ཆར་ལེ་སི རཱ་ནེ་ཡིས་ཁོང་གི་དཔྱད་རྩོམ་ཏུ་བོད་དེ་རྒྱ་གར་ནག་བར་གྱི་འབྲེལ་བའི་ཟམ་པ་ཞིག་ཏུ་གྱུར་ཆོག་པས། རྒྱ་ནག་གཞུང་གིས་ངེས་པར་བོད་དུ་ཆབ་སྲིད་ཞི་འགྲིག་གི་འཕེལ་རིམ་མགོ་བརྩོམ་དགོས་ཞེས་བཀོད་ཡོད་པ་རེད།
གཞན་ཞིག་ནི། ༢༠༡༤ལོའི་རྒྱ་གར་ནག་གཉིས་ཀའི་འབྲེལ་བའི་འཕེལ་རིམ་ལ་མུ་མཐུད་ནས་འཛམ་གླིང་སྤྱིའི་རྒྱལ་སྤྱིའི་འབྲེལ་བའི་གནས་བབ་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་པ་དང་། ཞི་ཅིན་ཕེང་དྷེ་ལེར་མ་ཕེབས་པའི་སྔ་ནུབ་ཏུ་མའོ་དྷི་ཉི་ཧོང་དང་ཨ་མེ་རི་ཀར་འཚམས་གཟིགས་སུ་ཕེབས་པ་རེད། མའོ་དྷི་ཡིས་ཉི་ཧོང་དུ་མིང་མ་བཏོན་པར་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཚུལ་དུ་དུས་རབས ༡༨འི་བསམ་བློ་བཟུང་ནས་རྒྱལ་ཁབ་གཞན་གྱི་མངའ་ཁོངས་བདག་དབང་ལ་བཙན་འཛུལ་བྱས་པ་ཞེས་བཤད་ཡོད།
ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་པའི་ཞིབ་འཇུག་པ་བསླབ་པ་ཅན་ཨ་ལེ་སཱ ཨ་རི་སི༼Alyssa • Aris༽ཡིས། པེ་ཅིང་གིས་བསྐོངས་པའི་ཨ་ཞི་ཡ་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སྟེང། མི་རྣམས་ལ་དོ་སྣང་ཡོང་བའི་ཞུགས་ཆད་ཅིག་གི་རྒྱ་གར་གྱི་སྲིད་བློན་མའོ་དྷི་རེད། ཞི་ཅིན་ཕེང་གིས་རྒྱ་གར་དང་། པཱ་ཀི་སི་ཐན། སོག་ཡུལ་བཅས་ལ་རྒྱུན་སྲོལ་དང་བྲལ་བའི་ངང་མགྲོན་འབོད་ཞུས་ཡོད་པ་རེད། ཡིན་ན་ཡང་། མའོ་དྷི་ཕེབས་མེད། རྒྱ་གར་གྱི་མཐའ་མཚམས་ཆབ་སྲིད་ཀྱི་དབང་གིས་མའོ་དྷི་ཡིས་རྒྱ་གར་གྱི་དཔལ་འབྱོར་ཕྱི་འབྲེལ་སྤེལ་རྒྱུར་གོ་སྐབས་ཤིག་བརླགས་པ་རེད་ཟེར།
རྒྱ་གར་གྱི་ཇཱ་ཝ་ཧར་ལལ ནེ་ཧཱེ་རུ་གཙུག་ལག་སློབ་ཆེན༼Jawaharlal Nehru University ༽གྱི་རྒྱ་ནག་གནད་དོན་ཆེད་མཁས་པ་སྐུ་ཞབས་སཱི་ཝ་ལན སེངྒ ༼ Siwa Lan Singh ༽ལགས་ཀྱིས། རྒྱ་ནག་ནི་གསར་ཏུ་དར་ཞིང་རྒྱས་པའི་ས་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཆེན་པོ་ཞིག་རེད། དེ་བས། རང་ཉིད་ཀྱི་རྣམ་འགྱུར་དེ་ས་ཁུལ་དེའི་རྒྱལ་ཁབ་གཞན་རྣམས་དང་འབྲེལ་བ་བྱུང་ངེས་ཡིན། རྒྱ་གར་གྱིས་ཝེ་ཐི་ནམ་དང་། ཧྥི་ལེ་པེན། ཉི་ཧོང་། ཨོ་སི་ཊི་རེ་ལེ་ཡ་སོགས་རྒྱལ་ཁབ་དག་དང་འབྲེལ་བ་བཟང་བོ་འཛིན་རྒྱུར་འབོད་བརྩོན་བྱས་དང་བྱེད་ཀྱིན་ཡོད་ཅེས་དཔྱད་བརྗོད་སྤེལ་འདུག
རྒྱ་གར་ནག་གི་འབྲེལ་བའི་དཀའ་ཚེགས་རང་བཞིན་གླེང་དུས། ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་པའི་ཞིབ་འཇུག་པ་བསླབ་པ་ཅན་ཨ་ལེ་སཱ ཨ་རི་སི༼Alyssa • Aris༽ཡིས། རྒྱ་གར་ནག་གཉིས་ཀར་བདེ་འཇགས་ཐད་གནད་དོན་ལ་ཐུག་ཡོད། འོན་ཀྱང་། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་ལས་ཀྱི་འབྲེལ་བ་ཇེ་མང་ཇེ་ཆེ་རུ་འགྲོ་བཞིན་ཡོད། འདི་ལྟ་བུའི་རྐང་གཉིས་ཟུང་འབྲེལ་ལམ་ལུགས་བར་གྱི་ཁྱད་པར་ནི་རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་སྐོར་གྱི་དཔྱད་ཞིབ་སྣ་ཚོགས་དང་ཞིབ་འཇུག་རིམ་པའི་ཁྲོད་ཐུན་མོང་ངང་བྱུང་བའི་དངོས་ཡོད་བདེན་དོན་དེ་རེད། ཅེས་བརྗོད་འདུག