དབང་ཆ་ལོག་པར་སྤྱད་ནས། “སྟག”མང་གཟེབ་ལ་བཅུགས།

Processed with Moldivརབ་གནས་ཤིང་རྟ་ལོའི་རྒྱ་ནག་གི་ཆབ་སྲིད་ལ་མགོ་ནས་མཇུག་བར་དུ་ཕྲེང་ཐག་བཞིན་བརྒྱུས་པ་ནི་ཞི་ཅིན་ཕེང་གི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་རེད།
རྒྱ་ནག་གི“གོང་མ་རྒྱལ་བོ”གཙོ་འཛིན་ཞི་ཅིན་ཕེང་ལ་མཚོན་ན། ཤིང་རྟ་ལོ་དེ་ནི་རླུང་རྟ་རབ་ཏུ་བརྒྱུགས་པའི་ལོ་ཡག་ལོ་བཟང་དེ་ཡིན།
རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དབུ་ཁྲིད་ཀྱི་གོ་ས་ཐོབ་ནས་ལོ་གཉིས་ཀྱི་ནང་ཚུན་དུ“མི་དམངས་སྤྱི་མཐུན་རྒྱལ་ཁབ” ཀྱི་ཆབ་སྲིད་དབང་ཤེད་ཅན་ཁོ་ན་དེ་རུ་གྱུར་ཡོད་ལ། དེ་རིང་གི་ཞི་ཅིན་ཕེང་སྔོན་བསྐོས་དཔོན་རིམ་ལ་ལ་དང་མཉམ་ཞིང་། ཡང་ལ་ལ་ལས་རྦད་དེ་བརྒལ་ཡོད། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་བརྒྱུད་ཁོང་ལ་མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་རེག་ཡོད་ལ། དེ་དང་ཆབས་ཅིག་དམར་ཚོགས་ནང་ཁུལ་གྱི་འགལ་ཟླའང་རེ་ཞིག་ལ་སྙོམས་མར་བསྒྲིགས་པའི་སྲོལ་ཡིན། ཡིན་ན་ཡང་། མི་ཐོབ་[1]མི་སྣ་དང་ལས་འགུལ་བར་མཚོན་ན། དབང་ཆ་གཅིག་བསྡུས་རིང་ལུགས་པའི་གདུག་རྩུབ་ཀྱི་མུན་པས་ཀུན་ཏུ་བཀླུབས་པའི་ལོ་ཟླ་ཞིག་ལས་མ་འདས།
ཕྱི་ལོ ༢༠༡༤ལོ་དེ་ལས་བཟོ་བའི་ཁེ་ཕན་སྲུང་སྐྱོབ་མཁན་དང་མི་སེར་ལས་འགུལ་བ་སྐུ་ཞབས་ཞིའུ་ཀྲི་མེན་ལ་ལོ་བཞིའི་ཁྲིམས་ཐག་བཅད་པ་ནས་མགོ་བཙུགས་ཏེ། “འཆར་གཞི་འགྱུར་ལྡོག་གི་རྗེས་སུ་མ་སོན་པའི”“མི་བཞི་ཤོག་ཁག་གསར་བ་བཞིའི”[2] ཡ་གྱལ“ཕྱག་མཛོད་ཆེན་མོ”ལིང་ཅི་ཧྭ་ལ་ཁྲིམས་འཛིན་ཞིབ་བཤེར་གྱིས་མཇུག་བསྡུས།
དབང་ཆ་གཅིག་བསྡུས་རིང་ལུགས་པ་ཞིག་ལ་མཚོན་ན་མི་དམངས་ཀྱི་བསམ་འཆར་ལ་རྣའི་ཟུར་སྣེ་ཙམ་ལ་མི་གཡར་པ་མ་ཟད། སངས་རྒྱས་ཀྱིས་ཀྱང་མི་ཆོད་པའི་མི་དམངས་ཀྱི་ཁ་དེ་རྒྱ་ཡན་དུ་གཏོང་མི་རུང་བའི་རྣམ་འགྱུར་བཟུང་ཡོད།  དེ་བས། ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕེང་གིས་སྐྱོན་བརྗོད་རིགས་ཀྱི་སྐད་གདངས་ཡོད་ཚད་འགོག་ཐབས་སུ་ལས་སྣ་ཚོགས་ཤིག་སྤེལ་ཡོད་ལ། ད་ལྟ་དངོས་གནས་འཇམ་ཐིང་ངེར་བཏང་འདུག རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་བསྡོམས་རྩིས་ལ་གཞིགས་ན། འདས་པའི་ཟླ ༡༢ ནང་དུ། མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་མཁན་དང་སྐྱོན་བརྗོད་ཀྱི་རང་བཞིན་ལྡན་པའི་ཁྲིམས་རྩོད་པ་སོགས ༢༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པས། གྲངས་ཀ་དེ་འདས་པའི་ལོ་ཤས་ཀྱི་བསྡོམས་གྲངས་ལས་ཀྱང་མང་ཞིང་། དེ་རིང་གཞུང་དང་ལྟ་གྲུབ་མི་མཐུན་པའི་རྒྱ་རིགས་མང་པོར་འཇིགས་སྣང་ཞིག་ངང་གིས་སྐྱེས་ཡོད་ལ། དེ་ཡང་པེ་ཅིང་གི་སྐད་གྲགས་ཆེ་བའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་མའོ་ཧྲོ་ཕེང་གིས “ཁྲིམས་རྩོད་པ་ཀུན་པོར་འཇིགས་སྣང་སྐྱེས་ཡོད། དུས་དང་རྣམ་པ་ཀུན་ཏུ་ཉེས་མིང་གང་འདོད་ཅིག་བཏགས་ནས་འཛིན་བཟུང་བྱ་སྲིད”། ཞེས་པས་མཚོན།
རྒྱ་རིགས་ཕིའུ་ཀྲི་ཆང་དང་། གསར་འགོད་པ་ཀའོ་ཡེས། དབུས་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་རིག་པ་བ་དགེ་རྒན་ཆེན་མོ་ཡུ་གུར་བ་ཨེལ་ཧེམ དྷོ་ཧི་དྷི། བོད་རིགས་ཁོར་ཡུག་སྲུང་སྐྱོབ་མཁན་དབང་འདུད་དང་གཞས་པ་སྐལ་བཟང་ཡར་འཕེལ་སོགས་ནི་འདས་པའི་ལོ་གཉིས་ཀྱི་ནང་དུ་འཛིན་བཟུང་བཙོན་འཇུག་བྱས་ཟིན་པའི་བྲིས་ཀྱང་ཚར་དཀའ་བའི་མིང་ཐོ་རེད།
བཤད་མི་ཤེས་གེ་སར་གྱི་སྒྲུང་འདྲ་བའི་རྒྱ་ནག་གི་ཆབ་སྲིད་དེ་དངོས་གནས་ཡ་མཚར་རེད། སྨྲ་བརྗོད་དང་གསར་འགྱུར་རང་དབང་ལ་དམ་དྲག་བྱེད་ཞོར་དུ་རྒྱ་དམར་གཞུང་གི་སྲོལ་རྒྱུན་སྟོན་ཀའི་ཚོགས་ཆེན་སྟེང“ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བར”གྲོས་བསྡུར་ཐོག་མ་དེ་བྱས་པ་རེད། ནེམ་ནུར་ཐེ་ཚོམ་མེད་པར་ཡིད་ཆེས་བྱས་ཆོག་པ་ཞིག་ནི“ཁྲིམས་ལུགས་ལྟར།་རྒྱལ་ཁབ་སྐྱོང་བ”ཟེར་བ་དེ་ཁྲིམས་འཛིན་རང་དབང་དང་འབྲེལ་བ་ཁབ་རྩེ་ཙམ་ཡང་མེད་པ་དང་། ཡོད་པ་ནི་དམར་ཤོག་ཚོགས་པས་ཁྲིམས་ལུགས་བརྒྱུད་འགོ་ཁྲིད་བྱེད་སྟངས་ལ་ལེགས་བཅོས་བྱེད་རྒྱུ་དེ་རེད། འོན་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཚོགས་པ་གཅིག་གི་སྒྲིག་གཞི་ཁོ་ན་དེ་ཡིན་དགོས། སྔོན་འགྲོའི་ཆ་རྐྱེན་དེའི་འོག་ཏུ་ཚོགས་པ་གཅིག་གི་སྒྲིག་གཞི་ལ་མི་མོས་པ། ནུབ་ཕྱོགས་ཀྱི་རྣམ་པའི་དམངས་གཙོ་འདོད་པའི་དགོས་འདུན་ཡོད་ཚད་ལ་སྔར་བཞིན་མུ་མཐུད་ནས་རྡུང་རྡེག་གཏོང་ངེས་ཡིན།
ལོ་རྒྱུས་སྨྲ་བ་ཀྲང་ལེ་ཧྥན་ལགས་ཀྱིས་བརྗོད་པ་ནང་བཞིན། དེང་རབས་བསམ་བློས་དབུལ་ཞིང་། སྲོལ་རྒྱུན་རིག་གནས་ཀྱིས་མི་ཕྱུག་ཀྱང་གཡམ་རྒྱུགས་ལ་འབད་པའི་གཙོ་འཛིན་ཞི་ཅིན་ཕེང་གིས་མི་རྣམས་ལ་ཚོར་བ་འདྲ་མིན་སྣ་ཚོགས་ཤིག་བསྐྲུན་ཡོད། ཨོ་བྷ་མས“ཕལ་ཆེར་ཏིན་ཞོ་ཕེང་གི་རྗེས་སུ་དུས་ཡུན་ཐུང་ངུ་ཞིག་ཏུ་དབང་ཆ་ཡོད་ཚད་ཟིན་པའི་རྒྱ་ནག་གི་དབུ་ཁྲིད་དེ་རེད། མི་རྣམས་ལ་ཚོར་བ་ཟབ་མོ་བཞག་ཡོད”།ཅེས་ཞི་ཅེན་ཕེང་དང་པེ་ཅེང་ནས་མཇལ་འཕྲད་རྗེས་བརྗོད་ཡོད། ཡིན་ན་ཡང་། མི་རྣམས་ལ་བཞག་པའི་ཚོར་བ་ཡང་གཅིག་མཚུངས་མིན་ལ། མི་ལ་ལས་ཞི་ཅིན་ཕེང་མའོ་ཙེ་ཏུང་དང་ཡང་ན་ཏིན་ཞོ་ཕེང་དང་བསྡུར་ཡོད་པ་དང་། ཡང་ལ་ལས་ཁོང་ནི་རྒྱ་ནག་གི་ཕོའུ་ཀྲེན་རེད་ཟེར། ཡང་ལ་ལ་ཞིག་གིས་ཞི་ཅིན་ཕེང་གི་རྒྱལ་ཁབ་སྐྱོང་སྟངས་དེ་རྒྱ་ནག་གི་སྲོལ་རྒྱུན་གོང་མ་རྒྱལ་བོའི་ཁྱད་ཆོས་ལྡན་པས་ཁོང་ལ་རྒྱ་ནག་གི“གོང་མ་རྒྱལ་བོ”གཙོ་འཛིན་ཞི་ཅིན་ཕེང་ཞེས་བཏགས་ཡོད།
ཞི་ཅིན་ཕེང་གིས་འཇིག་ཉེན་གྱི་ཚོར་བ་ཞིག་དང་འགན་འཁྲིའི་ཚོར་བ་ཞིག་བཅངས་ནས་བསླེབས་ཡོད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་འགྲུབ་བྱུང་ཡོད་ཀྱང་། དམར་ཤོག་ཚོགས་པར་ཉིན་རེ་ཞག་རེར་འགོ་ཁྲིད་ཀྱི་འཇིག་ཉེན་ལ་འཕྲད་ཀྱིན་ཡོད། ལྐོག་ཟ་རུལ་སུངས་མེད་སའི་ལས་ཁུངས་དང་འགོ་ཁྲིད་ཅིག་རྒྱ་ནག་རྒྱལ་ཡོངས་སུ་རྙེད་དཀའ་ཞིང་། འདུ་ཤེས་འཛིན་སྟངས་ལ་ཡིད་འགུག་ལུས་འགུག་གི་ནུས་པ་སྤུ་རྩེ་ཙམ་ཡང་མེད་པ། མི་དམངས་ཀྱི་ཡིད་ཆེས་བརླགས་པ། སྤྱི་ཚོགས་སུ་མི་རིགས་གནད་དོན་གྱིས་གཙོས་གནད་དོན་སྣ་མང་ཡོད་པ། དེ་མིན་ཡག་གྲས་སུ་བཞག་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་ཇེ་ཞན་ཇེ་དལ་དུ་སོང་དང་འགྲོ་བཞིན་ཡོད།
ཤུགས་ཟད་སྟོབས་ཉམས་པའི་ངང་ཚུལ་དེར་ཐུག་དུས། ཞི་ཅིན་ཕེང་གིས་དབང་ཆ་གཅིག་བསྡུས་ཀྱི་རལ་གྲི་དགུང་ལ་འཕྱར་ནས་གདོང་ལེན་བྱས་ཤིང་། གདོང་ལེན་བྱེད་སྟངས་དེས་ཞི་ཅིན་ཕེང་གི་སྙིང་དབུས་སུ་འཇགས་པའི་ཏང་དང་རྒྱལ་ཁབ་ལ་བཅངས་པའི་འགན་འཁྲིའི་ཚོར་བ་དེ་མཚོན་ཡོད་ལ། གལ་ཏེ་ཞི་ཅེན་ཕེང་གི་བཅོས་བསྒྱུར་དེ་ལེགས་འགྲུབ་བྱུང་ཚེ། འབྱུང་འགྱུར་གྱི་རྒྱ་ནག་དེ་གོ་ལར་ཤུགས་རྐྱེན་ཐེབས་ནུས་པའི་ཚོགས་པ་གཅིག་ཁོ་ནའི་སྒྲིག་གཞི་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ཡིན། དེ་འདྲའི་གནས་སྟངས་ཤར་ཚེ་གོ་ས་ཧྲིལ་བོའི་གནོད་འཚེ་ཞིག་ཡིན་པ་སྨོས་མ་དགོས།
ཞི་ཅེན་ཕེང་གིས་རྒྱ་ནག་ལ་འགྱུར་བ་ཁ་ཤས་ཤིག་བཏང་ཡོད། གཅིག་དེ་སྲོལ་རྒྱུན་འགོ་ཁྲིགས་མ་དཔེ་འམ་ཐུན་མོང་འཛིན་སྐྱོང་མ་དཔེ་ལ་འགྱུར་བ་བཏང་ནས། ཏང་སྲིད་དམག་གསུམ་ཀྱི་དབུ་ཁྲིད་གཅིག་ལྕོགས་བྱས་པ་མ་ཟད། རྒྱལ་ཁབ་ནང་ཁུལ་གྱི་དཔལ་འབྱོར་ལས་དོན་ཡང་སྒེར་གཅོད་བྱས་པས། སྲིད་བློན་ལའེ་ཁི་ཆང་ལས་མེད་དུ་གྱུར་ཉེན་ཡོད།
ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་། དབུས་བཅོས་བསྒྱུར་འགོ་ཁྲིད་ཚོགས་ཆུང་དང་། རྒྱལ་ཁབ་བདེ་འཇགས་ཚོགས་ཆུང་། དྲྭ་ཚུགས་བདེ་འཇགས་དང་བརྡ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་། དམག་དོན་རྒྱལ་སྲུང་དང་དམག་ཁུལ་བཅོས་བསྒྱུར་འགོ་ཁྲིད་ཚོགས་ཆུང་སོགས་ཚོགས་ཆུང་མོད་པོ་ཞིག་གསར་དུ་བཙུགས་ཏེ་ཞི་ཅིན་ཕེང་རང་ཉིད་ཚོགས་ཆུང་དེ་དག་ཚང་མའི་དབུ་ཁྲིད་དུ་བསྐོས་པ་མ་ཟད། ད་དུང་ཐེ་ཝན་དང་ཕྱི་འབྲེལ་ལས་དོན་གྱི་འགན་ཡང་ཁོང་གིས་དངོས་སུ་ཁུར་ཡོད། ཆེན་པོ་ཆུང་ངུར་བཏང་ནས་ཆུང་ངུ་གཅིག་ཏུ་བསྒྱུར་ཐབས་འདི་ཞི་ཅིན་ཕེང་གིས་མའོ་ཙེ་ཏུང་གི་འཛིན་སྐྱོང་རིག་ལམ་ལ་ལད་ཟློས་བྱས་པ་ཤར་སྟག་རེད།
“དམར་རབས་གཉིས་པ” དང“རྒྱལ་སྲས་གཉིས་པ”ཡི་གོ་ས་གཉིས་ལྡན་གྱི་དབུ་ཁྲིད་དང་། མི་རྣམས་པས་རྒྱ་ནག་གི“གོང་མ་རྒྱལ་བོ”གཙོ་འཛིན་དུ་འབོད་པའི་ཞི་ཅིན་ཕེང་གིས་དེང་ཐོག་གི“སྟག”དང“སྦྲང་མ”མཉམ་གསོད་བྱེད་རྒྱུའི་དམ་བཅའ་ལག་ལེན་དུ་བསྟར་ཡོད་ལ། ད་བར་དུ“སྟག”རྒན་གཉིས་དང“སྟག”དྲུག་ཅུ་ལྷག་ཕམ་པར་བརྒྱབས་ཡོད། རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་ཟུར་བ་ཀྲུག་ཡོན་ཁང་དང་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་བ་ཞིས་ཚེ་ཧུག་ནི་རུལ་སུངས་ཉེས་དོན་ལ་ཐུག་པའི་རྩོད་མེད་ཀྱི“སྟག་རྒན”གཉིས་ཡིན།
༼ཀུ་ཤུ་ཉིན་རེའི་ཚགས་པར༽གྱིས་རྒྱ་དམར་དབུས་ཆབ་སྲིད་རྒྱུན་ལས་ཟུར་བ་ཀྲུག་ཡོན་ཁང་དང་། དབུས་ཆབ་སྲིད་འཐུས་མི་དང་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་བ་ཞིས་ཚེ་ཧུག དབུས་ཆབ་སྲིད་འཐུས་མི་དང་ཁྲོན་ཆིན་གྲོང་ཁྱེར་གྱི་དམར་ཚོགས་དྲུང་ཆེ་ཟུར་བ་པོའོ་ཞི་ལའེ། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོའོ་ཅིན་ཐའོ་ཡི“ཕྱག་མཛོད་ཆེན་མོ”རུ་འབོད་པའི་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་དང་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་ལིན་ཅི་ཧྭ་བཞི་ནི“མི་བཞི་ཚོགས་ཁག་གསར་བ”ཡིན་པ་དང་། “མི་བཞི་ཚོགས་ཁག་གསར་བས”ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔོན་དུ་སྲིད་འགྱུར་བརྩམས་ནས་ཞི་ཅིན་ཕེང་གི་དབང་ཆ་འཕྲོག་རྩིས་བྱས་ཀྱང་། པོའོ་ཞི་ལའེ་སྐྱོན་ལ་ཐོགས་པའི་སྟབས་ཀྱིས་ཁོང་ཚོའི་ལྐོག་ཇུས་ལྷིང་ལ་བུད་ལུགས་བཀོད་འདུག
འོན་ཀྱང་། རྒྱ་ནག་དེང་གཞུང་གི་མཐོ་རིམ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཁྲོད་ཧ་ཅང་ནན་ཏན་གྱི་འདེམས་སྒྲུག་རང་བཞིན་ཡོད་པ་འདྲ། ད་སྔར་འཛིན་བཟུང་བྱས་ཟིན་པའི་མཐོ་རིམ་དཔོན་རིགས་ཁྲོད“དམར་རབས་གཉིས་པ”ཡི་རྒྱབ་ལྗོངས་ཅན་གྱི་མི་སྣ་གཅིག་ཀྱང་མེད།
ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེས“སྟག”འགའ་དང “སྦྲང་མ”སྐོར་ཞིག་ཕམ་པར་བརྒྱབས་པ་མ་གཏོགས། ལས་འགུལ་དེའི་ཚ་འདེད་དང་འགྲོས་མཉམ་དུ་དམར་ཤོག་དབུ་ཁྲིད་ཞི་ཅིན་ཕེང་དང་དམར་ཤོག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དབུ་ཁྲིད་ཝང་ཆི་ཧྲན་གཉིས་ཀྱིས་གཙོས“ཞི་ཝང་སྒྲིག་གཞི”ཞིག་ངང་གིས་གྲུབ་ནས། དེས་ཅང་ཙེ་མེན་དང་ཧོའོ་ཅིང་ཐོའོ་ཡིས་གཏན་འབེབས་གནང་པའི་ཞི་ཅིན་ཕེང་དང་ལའེ་ཁི་ཆིང་གིས་གྲུབ་པའི“ཞི་ལའེ་སྒྲིག་གཞི”ཡི་ཚབ་བྱས་ཡོད། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཞཱ་མེན་ལགས་ཀྱི་དཔྱད་བརྗོད་ཇི་བཞིན། རྒྱ་དམར་གྱི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ལ་གཅིག་གོ་གསུམ་ཆོད་ཀྱི་འབྲས་བུ་སྨིན་ཡོད། དང་པོ་ནི། ཞི་ཅེན་ཕེང་རང་ཉིད་ཀྱི་དབང་ཆ་སྲ་ཞིང་བརྟན་པར་གྱུར་། གཉིས་པ་ནི། “ཞི་ཝང་སྒྲིག་གཞི”གསར་འཛུགས། གཙོ་བོ་དེ“རྒྱལ་སྲས་ཚོགས་པ”དང་། “དམར་རབས་གཉིས་པ”རྒྱ་ནག་དམར་ཚོགས་ཀྱི་ཡང་གཙོ་དང་རྨང་གཞི་རུ་གྱུར་རྒྱུར། གསུམ་པ་ནི། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་བརྒྱུད་རྒྱལ་ནང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཐབས།
དེ་བཞིན་པེ་ཅིན་གྱི་ལོ་རྒྱུས་རིག་པ་བ་ཀྲང་ལའེ་ཧྥན་ལགས་ཀྱིས་དམར་ཤོག་ཚོགས་པ་ཁྲིམས་ལུགས་ཀྱི་གོང་ན་ཡོད་པའི་གནས་སྟངས་ལ་འགྱུར་བ་གཏོང་འདོད་མེད་ལ་བཏང་ཡང་མེད་པར་ངོས་འཛིན་བྱས་ཡོད་པ་དེ་བཞིན་དུ། ཞི་ཅིན་ཕེང་དང་ཝང་ཆི་ཧྲན་གཉིས་ཀ“རྒྱལ་སྲས་ཚོགས་པར”གཏོགས་ཤིང་། དེ་བས་ཁོང་གཉིས་ཀར་ཁྱིམ་ཚང་གི་མི་བསྲུན་སྐྱེ་བོ་དག་གཙང་བྱེད་རྒྱུའི་འགན་འཁྲི་ཡི་སེམས་པ་ལས་བྱུང་བའི་བསམ་བློ་ཡོད་པ་དང་། དེ་ནས་ད་གཟོད་མེས་པོས་བསྐྲུན་པའི་ཕ་ས་བདག་སྐྱོང་བྱེད་རྒྱུའི་རེ་འདུན་ཡོད། ཡིན་ན་ཡང་། གནད་དོན་ནི་རྣམ་པ་ཅི་ཞིག་བཀོལ་ནས་རྡུང་རྡེག་བྱེད་རྒྱུ་དེ་རེད་ལ། ཁྲིམས་སྲིད་ཀྱི་རྣམ་པས། ཡང་ན་སྲིད་དབང་སྒེར་གཅོད་ཀྱི་རྣམ་པས། ཞི་ཅིན་ཕེང་གིས་སྐབས་སྐབས་སུ་ཁྲིམས་སྲིད་དང་ཁྲིམས་སྐྱོང་གླེང་སློང་བྱས་ཡོད་ཀྱང་། མ་མཐའ་ཡང་ད་བར་དུ་ཞི་ཅིན་ཕེང་གིས་སྲིད་དབང་སྒེར་གཅོད་ཀྱི་རྣམ་པས་གདོང་ལེན་བྱས་འདུག
“སྟག”འགའ་བསད་པས་དམར་ཚོགས་ནང་ཁུལ་གྱི་སྲིད་དོན་དགྲ་ཡ་ཚར་བཅད་པའི་མ་ཚད། ཞི་ཅིན་ཕེང་གི་གོ་སའང་བརྟན་པོར་ཆགས་ཡོད། དེ་དང་མཉམ་དུ་ཝང་ཆི་ཧྲན་གྱིས་གཙོ་སྐྱོང་གནང་གིན་པའི་དམར་ཤོག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དེ་ཚད་ལས་བརྒལ་བའི་ལས་ཁང་ཞིག་ཏུ་གྱུར་ཡོད་པ་དང་། དམར་ཤོག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དེ་མེན་རྒྱལ་རབས་སྐབས་ཀྱི་ཏུང་ཁྲང་ཞེས་པའི་གོང་མ་རྒྱལ་བོའི་གསང་བའི་ཉེན་རྟོག་རྩ་འཛུགས་དང་གཅིག་མཚུངས་རེད། ཝང་ཆི་ཧྲན་གྱིས་ཁྲིམས་ལུགས་ལས་བརྒལ་བའི་བྱ་ཐབས་སྤྱད་ནས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཟེར་བ་བརྒྱུད། ཞི་ཅིན་ཕེང་གི་ཆབ་སྲིད་དགྲ་ཡ་དང་ངོ་རྒོལ་མཁན་ཡོད་ཚད་གཙང་སེལ་བྱས་དང་བྱེད་ཀྱིན་ཡོད། དེ་ལ་ཁྲིམས་ལུགས་དང་སྒྲིག་སྲོལ་སུ་གཅིག་གི་བཀག་རྒྱ་དང་ལྟ་སྐུལ་མེད།
རྒྱ་ནག་མཐོ་རིམ་དབང་འཛིན་པ་རེ་རེར་རུལ་སུངས་ལ་ཁ་གཡར་ནས་ཕམ་པར་བརྒྱབས་རྗེས། རྒྱ་གཞུང་གི་སྨྱན་བྱད་དག་གིས་དམར་ཚོགས་ཀྱི་ལྐོག་ཟ་རུལ་སུངས་ལ་རྡོང་རྡེག་གི་ལས་འགུལ་གྱི་རྒྱལ་ཁ་གཞན་ཞིག་ཅེས་འུད་བསྟོད་བྱེད་ཀྱིན་པ་ནང་བཞིན། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས། “ཤ་གསེང་རུས་གསེང་གི་རྣག་འབྲུམ་གཞོག་འབྲད་ནུས་པའི་སྲིད་ཚོགས་ཤིག་ནི་དཀའ་ཚེགས་ཡོད་དོ་ཅོག་ལས་རྣམ་པར་རྒྱལ་རྒྱུ་ལས་དཀའ་ངལ་གྱིས་དུས་གཏན་དུ་གནོན་མི་སྲིད་པའི་སྲིད་ཚོགས་དེ་ཡིན་”ཞེས་ངན་པས་རང་བསྟོད་དང་ཁྭ་ཏས་སྒྲོ་བསྟོད་བྱས་ཡོད། འོན་ཀྱང་། རྒྱ་དམར་དེང་གཞུང་གི་ད་ལྟའི་སྒྲིག་སྲོལ་ཅན་མིན་ཞིང་ལྐོག་ཟ་རུལ་སུངས་བྱུང་རྐྱེན་ལམ་ལུགས་ལ་འགྱུར་བ་མི་གཏོང་པའི་ལྐོག་ཟ་རུལ་སུངས་ལ་རྡོང་རྡེག་གི་ལས་འགུལ་དེས་དམར་ཚོགས་ནང་ཁུལ་གྱི་དབང་ཆའི་སྙོམས་སྒྲིག་དོ་མི་མཉམ་པར་བཏང་ཡོད་པས། རྒྱ་ནག་གི་འབྱུང་འགྱུར་ཆབ་སྲིད་གནས་བབ་ལ་ཤུགས་རྐྱེན་གཞལ་དུ་མེད་པ་བྱུང་མི་སྲིད་པ་མིན།
ཞི་ཅིན་ཕེང་གི་སྲིད་དབང་བཟུང་བའི་ལོ་གཉིས་ནི་དབང་ཆ་འཐབ་རྩོད་དང་ཏང་ནང་ཁུལ་གྱི་མི་བསྲུན་སྐྱེ་བོ་གཙང་སེལ་གྱི་ལོ་གཉིས་ཡིན་པས། སྤྱི་ཚོགས་ཀྱི་གནད་དོན་ཐད་བསམ་བློ་ཆེར་གཏོང་ཁོམ་བྱུང་མེད་ལ། སྒོས་སུ་མི་རིགས་ཀྱི་གནད་དོན་ཐད་དེ་བས་ཀྱང་བསམ་བློ་བཏང་མེད། ད་ལོའི་ཕྱི་ཟླ་བཞི་བར་ཞི་ཅིན་ཕེང་གིས་ཞིན་ཅང་ངམ་ཤར་ཏི་ཀི་སི་ཐན་ནས“ཡུ་གུར་འཇིགས་སྐུལ་བ་ཡོད་ཚད་བསད་ན་ཉེས་ཆད་མེད”ཟེར་སྲོལ་ལ་བལྟས་ན། ཞི་ཅིན་ཕེང་ལའང་རྒྱ་དམར་གྱི་དེ་སྔོན་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི“སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས”ཟེར་བ་ལས་གུ་ཡངས་ཀྱི་རྣམ་འགྱུར་ཞིག་དང་ཡང་ན་རིག་ལམ་གསར་བ་ཞིག་ཡོད་པ་ད་བར་དུ་མཐོང་མ་སོང་། དུས་དེ་རིང་བར་དུ་ང་ཚོས་སྣང་བ་རྣམ་དག་གིས་ཞི་ཅིན་ཕེང་གི་ཕ་དམ་པ་དེ༧རྒྱལ་བ་པན་ཆེན་གྱིས་གཙོས་བོད་དང་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་དེའི་རྐྱེན་གྱིས་ཕ་ཤུལ་བུས་བཟུང་ནས་ཕ་རྒྱུད་བུས་དེད་ནས་བོད་ལ་སྔོན་ཆད་དང་མ་འདྲ་བའི་སྲིད་ཇུས་ལམ་ལུགས་ཤིག་དང་། ནང་སྒོས་སུ་བོད་དོན་ལ་རེ་བ་ཞིག་ཨེ་ཡོད་ཀྱི་རེ་བ་ཞིག་བཅངས་ཡོད་ས་རེད། ཡིན་ན་ཡང་། རེ་བ་དེ་རེ་སྟོང་ཡིན་པ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་ཆབ་སྲིད་རིག་གནས་ལ་རྒྱུས་མངའ་ཡོད་མཁན་ཚོའི་སེམས་ན་གསལ་བོ་ཡིན། ལྷག་དོན་དུ་ཞི་ཅིན་ཕེང་ནི་མི་རིགས་རིང་ལུགས་པ་ཞིག་དང་། རྒྱུད་འཛིན་རིང་ལུགས་པ་ཞིག་ཡིན་པ་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོ་རུ་བསླངས་བའི་གླིང་ཕྲན་དུ་མའི་བདག་དབང་གི་དོན་རྐྱེན་ལས་ཀྱང་ཟུར་བསྟན་ལེབས་མཐོང་མ་རེད་དམ།

[1] འགྲོ་བ་མིའི་ཐོབ་ཐང་གི་བསྡུས་ཚིག
[2]པའོ་ཞི་ལའེ། ཀྲུག་ཡོང་ཁང་། ཞིས་ཚེ་ཧུག ལིན་ཅི་ཧྭ།

Advertisements