ཞི་ཅིན་ཕེང་གིས་རྒྱ་ནག་སློབ་ཆེན་ཁག་གི་འདུ་ཤེས་འཛིན་སྟངས་ལ་བཏང་འཛིན་བྱེད་འདོད་ཧ་ཅང་ཆེ།
ཕྱི་ཟླ ༡༢ཚེས ༢༨ནས ༢༩བར་བསྐོངས་པའི༼རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལས་དོན་ཚོགས་འདུ་ཐེངས་༢༣ པའི ༽སྟེང་ཞི་ཅིན་ཕེང་གིས། ཏང་གི་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་ལས་དོན་ཐད་ད་དུང་ཡང་ཤུགས་སྣོན་དགོས་པ་དང་། རྒྱ་ནག་གི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་ཡག་པོ་སྐྱོང་དགོས་ཚུལ་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ནང་། སྲིད་འཛིན་ཞི་ཅིན་ཕེང་གིས། ཡང་དག་པའི་བསམ་བློ་ཁྲིད་སྟོན་གྱི་ལམ་ནས་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་དབང་ཆར་བཏང་འཛིན་དམ་པོ་བྱེད་དགོས་ཞེས་པ་དང་ཆབས་ཅིག རིམ་པ་སོ་སོའི་ཏང་གི་ལས་ཁང་དང་དྲིལ་བསྒྲགས་སྡེ་ཚན། རྩ་འཛུགས་སྡེ་ཚན། སློབ་གསོ་ལས་ཁུངས་སོགས་ཀྱིས་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་ནུས་པ་མཐོ་རུ་འདེགས་དགོས། ཞེས་ནན་གྱིས་བསྐུལ་འདུག འདི་ནི་ད་ལོའི་ཕྱི་ཟླ ༡༠ར་རྒྱ་ནག་དབུས་གཞུང་ལས་ཁང་གིས་སྤེལ་བའི༼མཐོ་རིམ་སློབ་གྲྭའི་ཏང་གི་འགོ་ཁྲིད་འོག་གི་སློབ་སྤྱིའི་འོས་འགན་སྒྲིག་གཞི་རྒྱུན་འཁྱོངས་དང་འཐུས་ཚང་ཐད་ཀྱི་ལག་བསྟར་བསམ་འཆར༽ཞེས་པའི་རྗེས་སུ། རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱིས་མཐོ་རིམ་སློབ་གྲྭ་ཁག་གི་བསམ་བློ་དང་གླེང་ཕྱོགས་ལ་ཏང་གིས་བཏང་འཛིན་ནན་མོ་བྱེད་དགོས་ལུགས་ཡང་བསྐྱར་གླེང་བ་རེད།
དེའི་ཐད་གནད་དོན་དབྱེ་ཞིབ་པས་བསམ་བློར་བཏང་འཛིན་བརྒྱུད་ཐ་དད་པའི་འདུ་ཤེས་འཛིན་སྟངས་སེལ་ཐབས་བྱེད་ཀྱིན་པར་ངོས་འཛིན་བྱས་ཡོད།
ད་ལྟ་ཨ་རིའི་ཁཱ་ཏའོ་སློབ་གླིང་གི་གདན་ཞུ་ཞིབ་འཇུག་པ་དང་། དེ་སྔ་པེ་ཅིན་སློབ་ཆེན་གྱི་དཔལ་འབྱོར་རིག་པ་བ་དགེ་རྒན་ཆེན་མོ་ཞཱ་ཡས་ལང་གིས། “མཐོ་རིམ་སློབ་གྲྭ་ཁག་ཏུ་བསམ་བློའི་འཛུགས་སྐྲུན་ལས་དོན་ལ་ཤུགས་བསྣན་པ་ཞེས་པ་དེ་དོན་དངོས་སུ་མཐོ་རིམ་སློབ་གྲྭ་ཡོད་ཚད་ཏང་གི་སློབ་གྲྭ་རུ་གཏོང་འཆར་ཡོད་པ་རེད”། ཅེས་དང་། ཡང་ཁོང་གིས། “ངས་ཕྱི་ལོ་ ༢༠༠༠ནས་པེ་ཅིན་སློབ་ཆེན་དུ་དགེ་རྒན་བྱས་པ་ཡིན། སྐབས་དེ་དུས་སློབ་མའི་བསམ་བློ་ང་ཚོ་དང་ཕལ་ཆེར་གཅིག་འདྲ་རེད། དེ་དུས་སློབ་མས་དགེ་རྒན་གྱི་སློབ་ཁྲིད་ནང་དོན་གོང་ལ་གཏུག་པའི་རིགས་གཅིག་ཀྱང་བྱུང་མྱོང་མེད། ཡིན་ན་ཡང་། དེང་སང་ལོ་རབས་དགུ་བཅུའི་རྗེས་ཀྱི་སློབ་མས། རྩ་འཛུགས་ཀྱི་བཀའ་བཀོད་ལྟར་དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་ཁྲིད་ལ་ཉན་གྱིན་ཡོད་པ་དང་། ཡང་ན། སློབ་མ་དེ་དག་གི་རིན་ཐང་ལྟ་བར་འགྱུར་བ་ཐེབས་པ་མི་ཤེས་མོད། ༢༠༡༠ལོར་སློབ་མ་ཞིག་གིས་པེ་ཅིན་སློབ་ཆེན་གྱི་ཏང་གི་འགོ་ཁྲིད་ལ་ངས་ཏང་དང་སྤྱི་ཚོགས་རིང་ལུགས་ལ་འགལ་བའི་སློབ་ཁྲིད་བྱས་ལུགས་གཏུགས་རྗེས་ངའི་སློབ་ཁྲིད་ལ་དམིགས་བསལ་ལྟ་སྐུལ་དང་ཉན་དཔྱད་བྱས་པ་རེད། ད་ལྟ་སློབ་ཆེན་མང་པོའི་སློབ་ཁང་དུ་བརྙན་པར་བཙུགས་ཡོད་པ་རེད”ཅེས་འགྲེལ་བརྗོད་བྱས་འདུག
ལོ་ངོ་བརྒྱའི་ཡར་སྔོན་གྱི་ལྔ་བཞི་ལས་འགུལ་དང་། ལོ་ངོ༢༥འི་སྔོན་གྱི་དྲུག་བཞིའི་དོན་རྐྱེན། དེ་མིན་ད་ལོའི་ཧོང་ཀོང་སློབ་མའི་ཆར་གདུགས་ལས་འགུལ་སོགས་ཀྱིས་མཚོན། སློབ་ཆེན་ཁག་ནི་ནམ་ཡིན་ཡང་སློབ་མའི་ལས་འགུལ་ལངས་ས་དང་ཐད་དད་པའི་ཆབ་སྲིད་ལྟ་བ་འཁྲུངས་སའི་ཞིང་ས་ཡིན། དེའི་སྟབས་ཀྱིས་ཞི་ཅིན་ཕེང་ལྟ་བུའི་དབང་ཆ་གཅིག་བསྡུས་རིང་ལུགས་པ་དང་། དབང་ཆ་ཁོ་ན་བསམ་ཞིང་དམར་ཤོག་ཚོགས་པ་སྐྱོབ་ཅི་ཐུབ་བྱེད་མཁན་མི་རིགས་རིང་ལུགས་པ་ཞིག་གི་མིག་ལམ་དུ་སློབ་ཆེན་གྱི་བསམ་བློ་ལ་བཏང་འཛིན་བྱ་རྒྱུ་ནི་ཐ་དད་པའི་འདུ་ཤེས་འཛིན་སྟངས་སྔ་ས་ནས་འགོག་རྒྱུའི་འགག་སྒོ་རུ་གྱུར་ཡོད་པ་རེད།