རྒྱལ་ཁབ་མང་པོ་ཞིག་གི་ཆེས་མཐོའི་དབུ་ཁྲིད་ཚོར་ལོ་རྙིང་བ་འཁྱོལ་བའི་སྐྱེལ་མ་དང་ལོ་གསར་བ་ཚེས་པའི་བསུ་མའི་མཚམས་སུ། ལོ་རྙིང་བར་ཕྱི་མིག་དང་ལོ་གསར་བར་ཤིས་ཚིག་སྤེལ་སྲོལ་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཀྱང་ལོ་གསར་གནམ་གང་གི་དགོང་མོར་ལོ་གསར་གཏམ་བཤད་གནང་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕེང་གིས ༢༠༡༤ལོར་ཕྱི་མིག་སྐབས། ང་ཚོས་བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་ལ་སྐུལ་འདེད་གནང་ནས། གཡུར་དུ་ཟ་བའི་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད་ལ། བཅོས་བསྒྱུར་ཐབས་ཤེས་ཀྱང་རབ་དང་རིམ་པ་ཞིག་བཏོན་ཡོད། བཅོས་བསྒྱུར་བྱེད་ཐབས་མང་ཆེ་བ་མི་དམངས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད། ཅེས་དང་། ཡང་ཁོང་གིས། འདས་པའི་ལོ་དེའི་ནང་། ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་ཀུན་སྤྱོད་སླར་གསོ་དང་སྒྲིག་ལམ་ལ་དག་ཐེར། གནད་འགག་ཆེ་སའི་རྣམ་པ་རིང་ལུགས་དང་། དཔོན་ངན་རིང་ལུགས། ལོངས་སྤྱོད་སྤྲོ་སྐྱིད་རིང་ལུགས། བག་མེད་ཆུད་ཟོས་བྱ་སྤྱོད་ལ་རྡུང་རྡེག་བྱས་པས། གནས་སྟངས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཞེས་བརྗོད་འདུག
ཡང་ཞི་ཅིན་ཕེང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ཐད། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་རལ་གྲི་དགུང་ལ་འཕྱར་ནས། སྒྲིག་ཁྲིམས་ཀྱི་གཟེབ་མའི་ཁ་དམ་པོར་བསྡམ་ནས། རྒྱ་ནག་དམར་ཤོག་ཚོགས་པས་དབུ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཏུ། ལྐོག་ཟ་རུལ་སུངས་བ་གཅིག་ཤེས་ན་གཅིག་དང་གཉིས་ཤེས་ན་གཉིས་ལ་བརྟག་དཔྱད་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་ཆོད་སེམས་ནན་བརྗོད་བྱས་འདུག
དེ་མིན་ཞི་ཅིན་ཕེང་གིས་ད་ལྟའི་རྒྱ་ནག་སྤྱི་ཚོགས་སུ་དར་ཁྱབ་ཆེ་བའི་ཚིག་འགའ་བཀོལ་ནས་གསུངས་རྒྱུར། རིམ་པ་སོ་སོས་ལས་བྱེད་པས་ཧུར་ཐག་འབད་ཐག་གནང་ཡོད། ཡིན་ན་ཡང་། རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་མེད་པར་ལས་དོན་དེ་དག་འགྲུབ་ག་ལ་ནུས། དེ་བས། ངས་རླབས་ཆེན་གྱི་མི་དམངས་ལ“བསྟོད”༼རྒྱའི་སྐད་དུ 赞 དང་། དབྱིན་སྐད་དུ Like ཟེར། ༽རྒྱག་གི་ཡིན། ཞེས་གསུངས་འདུག
ཕྱི་ལོ ༢༠༡༥ལོའི་ལོ་གསར་སྔ་ནུབ་ཏུ། རྒྱ་ནག་གི་དྲྭ་དམངས་མང་པོ་ཞིག་གིས་ཇེ་ཁི་སི་ལོ་བཱ་ཁེ་ཡའི་སྲིད་འཛིན་དམ་པ་སྐུ་ཞབས་བཱ་ཁི་ལཱ་བཱ ཧཱ་བོལ་ལགས་ཀྱིས་ཕྱི་ལོ༡༩༩༠ལོའི་ལོ་གསར་ཤིས་ཚིག་ལ་ཕྱིར་དྲན་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ཤིས་ཚིག་ནང་། ཆེས་ཐབས་སྡུག་ཅིག་གི་ང་ཚོ་ཚང་མ་ཀུན་སྤྱོད་ལ་འབག་བསླད་ཐེབས་པའི་ཁོར་ཡུག་ཅིག་ཏུ་འཚོ་གནས་བྱས་ཡོད་པས། ང་ཚོ་ཚང་མ་ཀུན་སྤྱོད་ཀྱི་ནད་པ་ཡིན། རྒྱུན་མཚན་ནི་ཁ་ཞེ་མི་མཐུན་པ་ང་ཚོའི་གོམས་འདྲིས་སུ་གྱུར་ཡོད། ང་ཚོ་སུ་གང་ལའང་ཡིད་ཆེས་མི་བྱེད་རྒྱུར་ལོབ་ཡོད། གཅིག་གིས་གཅིག་ལ་དགག་པ་རྒྱག་རྒྱུར་གོམས་ཡོད་པ་མ་ཟད་རང་དོན་ཁོ་ནར་འབད་པའི་རིགས་ཚོགས་ཤིག་ཏུ་གྱུར་ཡོད། མི་ཚང་མ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལམ་སྲོལ་ལ་གོམས་པའི་དབང་གིས། དེ་ནི་བསྒྱུར་མི་རུང་བའི་དངོས་ཡོད་གནས་ཚུལ་ཞིག་གི་ཚུལ་དུ་བཞག་ནས་ངོས་ལེན་བྱས་ཡོད། དེའི་ཕྱིར། ཤེས་མ་ཤེས་ཀྱི་མཚམས་ནས་ཁོང་ཚོར་རྒྱབ་སྐྱོར་བྱས་སྟབས། ཁོང་ཚོ་དུས་གཏན་དུ་གནས་ཐུབ་པ་རེད། ཅེས་དང་། ཡང་སྐུ་ཞབས་ཧཱ་བོལ་མཆོག་གིས། ང་ཚོ་ཚང་མས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་འཕྲུལ་འཁོར་འདི་མུ་མཐུད་ནས་འཁོར་སྐྱོད་བྱས་པར་འགན་འཁུར་དགོས། ང་ཚོའི་ཁྲོད་བརྫང་གླུད་ཁོ་ན་ཞིག་ཡོད་མི་སྲིད་ལ། ང་ཚོའང་ཁོང་ཚོའི་ངན་གྲོགས་ཡིན། ཞེས་གསུངས་འདུག
སྐུ་ཞབས་ཧཱ་བོལ་མཆོག་གིས། མི་དམངས། ཁྱེད་ཚོའི་གཞུང་ཁྱེད་ཚོར་ཕྱིར་སྤྲད་པ་ཡིན་ཞེས་པའི་ཚིག་དེས་ལོ་གསར་གཏམ་བཤད་མཇུག་བསྡུས་ཡོད་པ་རེད། ཡིན་ན་ཡང་། རྒྱ་རིགས་མི་དམངས། བོད་མི་དམངས། ཁྱེད་ཚོའི་གཞུང་དེ་དུས་ནམ་ཞིག་ལ་ཕྱིར་ཁྱེད་རང་ཚོར་སྤྲད་རྒྱུ་ཡིན་པར་གདེང་ཚོད་ཡོད་དམ།
འདས་པའི་ལོ་རྒན་༦༦འི་རིང་གི་མྱངས་བ་ལས་གསལ་ཁ་ཐོན་པ་ཞིག་ནི། རྩད་དེ་མ་ལོན་ན་སྒུག་ནས་མི་སྟེར་བ་ཁག་ཐེག་རེད།
མཆན། སྐུ་ཞབས་བཱ་ཁི་ལཱ་བཱ ཧཱ་བོལ (Václav Havel) ལགས་ནི་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན་པའི་མ་ཚད། སྙན་གྲགས་ཆེ་བའི་ཆབ་སྲིད་ཀྱི་ལྟ་སྤྱོད་ཐ་དད་ཅན་ཞིག་ཀྱང་ཡིན། དམར་ཤོག་པས་ཅེ་ཁི་སི་ལོ་བཱ་ཁེ་ཡ་དབང་བསྒྱུར་སྐབས་སུ། ཁོང་ལ“སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་སློག་པའི”ཉེས་མིང་བཙུགས་ནས་ལོ་བཞིའི་རིང་བཙོན་ལ་བཅུག་པ་དང་། རྗེས་སུ་ཡང་དང་བསྐྱར་དུ་གཞུང་ལ་ངོ་རྒོལ་གྱི་སྨྲ་བརྗོད་སྤེལ་སྟབས་འཛིན་བཟུང་དང་བཀག་ཉར་བྱས་ཤིང་། ཕྱི་ལོ ༡༩༨༩ལོའི་ཟླ༡༢ ཚེས ༢༩ཉིན་སྤེལ་བའི་མིང་དོན་མཚུངས་པའི་དམངས་གཙོ་འོས་འདེམས་ཁྲོད། བཙོན་ཁང་ནས་གློད་བཀྲོལ་ཐོབ་ཏེ་ཉིན ༤༢ ལས་འགོར་མེད་པའི་སྐུ་ཞབས་ཧཱ་བོལ་མཆོག་ཇེ་ཁི་སི་ལོ་བཱ་ཁེ་ཡ་རྒྱལ་ཕྲན་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་དུ་བདམས། ཉིན་ཤས་རྗེས་སུ་སྐད་གྲགས་ཅན་གྱི ༼༡༩༩༠ ལོའི་ལོ་གསར་ཤིས་ཚིག༽ཅེས་པ་དེ་སྤེལ་པ་རེད།