ཨ་རྒྱའི་རྒྱལ་ཕམ་གཡུལ་ལས་འབྱེད་དགོས་སམ།

index    ཕྱི་ཚེས ༦ ཉིན། རྒྱ་ནག་རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཀྲུའུ་ཁྲིན་ཧའོ་ཡིས་དམངས་ཆེན་རྒྱལ་སྤྱིའི་འབྲེལ་བ་སློབ་གླིང་གི་གྲོས་མོལ་ཚོགས་འདུའི༼རྒྱ་ནག་གི་རྒྱལ་སྤྱིའི་གནད་དོན་ཆེས་མཐོའི་གླེང་སྟེགས ༢༠༡༥: རྒྱ་ནག་ཁྱད་ཆོས་ཅན་གྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ། ༽སྟེང་། “ཞི་བདེ་རྒྱ་མཚོའི་སྟེང་གི་ཨ་རིའི་བྱེད་སྟངས་རེ་རེ་རྒྱ་ནག་བཀག་སྡོམ་ལ་མ་དམིགས་པ་གཅིག་ཀྱང་མེད། ཨ་རིའི་འགོ་ཁྲིད་ཀྱི་གོ་སར་འགྲན་སློང་འདོད་མེད་པ་རྒྱ་ནག་གིས་བརྗོད་ཡོད་མོད། འོན་ཀྱང་། ངས་ཨ་རིའི་གྲོགས་པོ་ཚོར་བཤད་ན་འདོད་པ་ཞིག་ནི། རྒྱ་ནག་གིས་ཁྱེད་ལ་འགྲན་སློང་རྒྱུ་དེ་ལྡོག་ཏུ་མེད་པའི་འཕེལ་ལུགས་ཡིན། དེ་ལ་གཡོལ་ས་ཡེ་ནས་མེད། རྒྱ་ནག་གི་འཕེལ་རྒྱས་ཀྱིས་ཨ་རིའི་གོ་སར་འགྲན་སློང་རྒྱུ་ནི་ལྡོག་ཐབས་བྲལ་བའི་ཆོས་ཉིད་ཡིན།” ཞེས་བརྗོད་འདུག

         དམག་དཔོན་ཀྲུའུ་ཁྲིན་ཧའོ་ཡིས་དེ་སྔ་ཡང་འཐབ་ཇུས་རིང་བཞིན་ཅན་དང་སྙིང་སྟོབས་ཆེ་བའི་སྐད་ཆ་བཤད་མྱོང་ཡོད། དེ་ཡང་ཕྱི་ལོ ༢༠༠༥ལོར། རྒྱ་ནག་རྒྱལ་སྲུང་སློབ་ཆེན་ལས་དོན་སྲུང་སྐྱོབ་སློབ་གླེང་གི་སློབ་གཙོ་ཡིན་པའི་ཀྲུའུ་ཁྲིན་ཧའོ་ཡིས་པེ་ཅིང་གི་མཁས་པའི་བགྲོ་གླེང་ཞིག་གི་སྟེང་དུ་རྒྱལ་སྤྱིའི་གསར་འགོད་པར་བརྗོད་རྒྱུ། “གལ་སྲིད་རྒྱ་ནག་ལ་འདུག་བཟོད་མེད་པ་རུ་ཚ་འདེད་བྱས་ཚེ། ཞི་ཨང་གི་ཤར་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ཉིས་བརྒྱ་བློས་བཏང་ནས། ཨ་རི་དང་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་ཞིག་འབྱེད་ངེས་ཡིན། ཡིན་དང་ཡིན། ཨ་རིས་ཀྱང་གྲ་སྒྲིག་འཐུས་ཚང་བྱེད་རོགས། ཨ་རིའི་གྲོང་ཁྱེར་བརྒྱ་ཡང་ན་ཉིས་བརྒྱ་ཙམ་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆས་རྨེག་མེད་དུ་གཏོང་ངེས་ཡིན།” ཞེས་བརྗོད་ཡོད།

        ཀྲུའུ་ཁྲིན་ཧའོ་སྒྲོབ་བཤད་ལ་འཇིགས་སྐྲག་དང་འཛེམ་བག་མེད་པའི་རྒྱུ་མཚན་ནི། ཁོང་དམར་རབས་གསུམ་པ་ཡིན་པས་ཡིན་སྲིད། ཀྲུའུ་ཁྲིན་ཧའོ་ཟེར་བ་དེ་རྒྱ་ནག་གི་དམག་སྤྱི་ཆེན་མོ་དང་དང་གཙོ་འཛིན་གཞོན་པ་ཟུར་བ་ཀྲུའུ་ཏི་ཡི་ཚ་བོ་རེད། རྒྱ་ནག་རྒྱལ་སྲུང་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང། ད་ལྟ་རྒྱ་ནག་རྒྱལ་སྲུང་སློབ་ཆེན་ལས་དོན་སྲུང་སྐྱོབ་སློབ་གླིང་གི་སློབ་གཙོ་དང་། རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་བཅས་གོ་ས་ཡོད་ཅིང་།   ཕྱི་ལོ ༡༩༨༨ལོར་ཨ་རིའི་རྒྱལ་ཁབ་འཐབ་ཇུས་ཞིབ་འཇུག་ཁང་གི་གདན་ཞུ་ཞིབ་འཇུག་ལོ་ཕྱེད་རིང་བྱས་ཤིང་། བརྩམས་ཆས་ལ༼དེང་རབས་ཨ་རིའི་དམག་དོན༽།༼དུས་རབས ༢༡པར་བསྐྱོད་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ༽བཅས་ཡོད།

       ཀྲུའུ་ཁྲིན་ཧའོ་ཡི་ཨ་རྒྱའི་རྡུལ་ཕྲན་མཚོན་ཆས་འཁྲུག་ཆེན་སྨྲ་བ་དེ་རིག་གཞུང་དང་གཞུང་ལུགས་ཁོ་ནའི་བྱེ་གཞོང་རིགས་འདེད་རྒྱས་བཀྲོལ་ཙམ་ཡིན་ཡང་། ཕྱི་ཕྱོགས་སུ་དེར་དོ་སྣང་ཆེན་པོ་བྱས་ཡོད་ལ། སྒོས་སུ་ཨ་རིའི་འབྲེལ་ཡོད་སྡེ་ཚན་དང་ཆེད་མཁས་པས་དོ་སྣང་མི་ཆུང་ཞིག་བྱས་ཡོད། སྐབས་དེར་པེ་ཅིང་གི་ཆེད་མཁས་པ་ཇའོ་ཀའོ་པོའོ་ཡིས་ཀྲུའུ་ཁྲིན་ཧའོ་ནི“རྒྱ་ནག་གི་པེན་ལཱ་ཊེན”རེད་ཅེས་ཁ་རྡུང་སུན་འབྱིན་བྱས་ཡོད་ལ། རྩོམ་པ་པོ་ལོའོ་བུན་གྱིས“ཀྲུའུ་ཁྲིན་ཧའོ་ཟེར་བ་དེ་མོལ་རྟོ་སིའི(Malthus)མི་འབོར་སྨྲ་བར་དད་པ་ཡོད་པས། འཐབ་འཁྲུག་བརྒྱུད་དཀའ་བ་སྤྱོད་ཐེངས་གཅིག་གིས་རྒྱ་ནག་གི་མང་དྲགས་ནས་ལྷག་པའི་མི་འབོར་གྱི་གནད་དོན་དུས་གཏན་དུ་སེལ་ཐབས་བྱེད་རྒྱུའི་བསམ་བློ་བཟུང་ཡོད།” ཅེས་སྐྱོན་བརྗོད་བྱས་འདུག

       ཀྲུའུ་ཁྲིན་ཧའོ་ཡི་སྨྲ་བརྗོད་དེ་རྒྱ་ནག་ནང་ཁུལ་དུ་སྤེལ་གཏོང་བྱས་མེད་། གཅིག་བགྱིས་ན་སྐབས་དེར་རྒྱ་ནག་གིས་ཨོ་ལིམ་ཕི་ཁི་ལས་རྩལ་འགྲན་ཚོགས་ཆེད་འཛམ་གླིང་ལ་ཞི་བའི་རྣམ་འགྱུར་བརྫུས་མ་ཞིག་སྟོན་གྱིན་པའི་སྒང་ཡིན་ལ། གཙོ་ཆེ་ཤོས་ནི་སྐབས་དེ་དུས་རྒྱ་ནག་གཞུང་གིས་ཏུང་ཞོ་ཕེང་གི“ཤེས་སྐུང་ངར་སྐུམ”གྱི་ཕྱི་འབྲེལ་ལམ་ལུགས་དེ་ལག་བསྟར་བྱེད་གྱིན་ཡོད་པས་ཡིན་སྲིད།

      དེ་ལྟ་བུའི་འཁྲུག་ཆེན་ལ་དགའ་མོས་བྱེད་མཁན་ཀྲུའུ་ཁྲིན་ཧའོ་གཅིག་པུ་མིན། རྒྱ་ནག་གི་དམར་རབས་གཉིས་པ་དམག་སྤྱི་ལོའུ་ཡོན(རྒྱ་ནག་གི་གསང་མྱུལ་བའི་འགོ་ཁྲིད་དང་སྲིད་བློན་ཟུར་བ་ཀྲུག་ཨིན་ལའེ་ཡིས་དྲུང་ཡིག་ལོའུ་ཁྲང་ཆིན་གྱི་བུ།)གྱིས་ཀྱང་ཕྱི་ལོ ༢༠༠༤ལོའི་ཟླ ༤པའི་ཚེས་༤འི་མི་དམངས་བཅིངས་འགྲོལ་དམག་གི་ཚགས་པར་སྟེང་རྩོམ་ཡིག་སྤེལ་ནས་། “དམག་གི“ཁ་འཐབ”ནི“འཐབ་དགའ”ཡིན་པའི་མ་ཁྱབ། ཁ་འཐབ་རང་སྟེང་གི་དམིགས་ཡུལ་ནི་དམག་འཐབ་ལ་གྲ་སྒྲིག་ཡིན། དམག་མི་ཞིག་ཡིན་ཚེ་དགོས་དབང་ཡོད་ན་ངེས་པར་དུ་ཁ་གྲགས་དགོས།” ཞེས་བརྗོད་པ་ལྟ་བུ་རེད།

       ཀྲུའུ་ཁྲིན་ཧའོ་ཡི་ཉིན་ཤས་གོང་གི་སྨྲ་བརྗོད་དེས་ཡང་བསྐྱར་རྒྱ་ནག་གི་མཁྲེགས་འཛིན་གླག་ཤོག་གི་བསམ་སྤྱོད་མཚོན་ཡོད། ཡིན་ན་ཡང་། རྒྱ་ནག་གི་སྲིད་བློན་གཞོན་པ་དང་། དབུས་ཆབ་སྲིད་འཐུས་མི་ཝང་ཡང་གིས་ཨ་རྒྱ་གཉིས་དམག་འཁྲུག་ཅིག་མ་བརྒྱབ་པར་གཡོལ་ས་མེད་ཅེས་པའི་རྒྱལ་ཕམ་དབྱེ་འབྱེད་གྱི་གཞུང་ལུགས་ལ་མོས་པ་མེད་པ་འདྲ། ཟླ་གཅིག་གི་སྔོན་དུ་ཝང་ཡང་གིས་ཨ་རིའི་ཆི་ཁཱ་ཀོ་གྲོང་ཁྱེར་དུ“རྒྱ་ནག་ལ་ཨ་རིའི་གོ་ས་འགྲན་སློང་རྒྱུའི་བསམ་ཚུལ་མེད་ལ་ནུས་པའང་མེད།” ཅེས་ཨ་རྒྱའི་ཉོ་ཚོང་ལྷན་ཚོགས་ཐེངས ༢༥འི་སྟེང་བརྗོད་ཡོད། དེ་མིན་ཡང་ཝང་ཡང་གིས། “རྒྱ་ནག་གི་དཔལ་འབྱོར་སྤྱིའི་བོངས་ཚད་དེ་འཛམ་གླིང་གི་ཨང་གཉིས་པར་བསླེབས་ཀྱང་། ཨ་རིའི ༥༥%ལས་མེད། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོGDP ཨ་རིའི་བརྒྱད་ཆའི་གཅིག་མ་གཏོགས་ཟིན་མེད། འཛམ་གླིང་གི་ལག་རྩལ་དང་སྒྲིག་སྲོལ་གྱི་དབུ་ཁྲིད་ད་དུང་ཡང་ཨ་རིས་གཙོ་སྐྱོང་གནང་དགོས། དེའི་ཐད་རྒྱ་ནག་ལ་ངེས་ཤེས་གསལ་བོ་ཡོད།” ཅེས་ཀྱང་བརྗོད་འདུག

         དུས་རབས་ཉི་ཤུའི་ནང་བསྟུད་མར་འཛམ་གླིང་འཁྲུག་ཆེན་གཉིས་བྱུང་བ་དང་། ནང་སྒོས་སུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཞི་བདེ་རིང་ལུགས་ཀྱི་བསམ་བློའི་རླབས་ཕྲེང་སའི་གོ་ལ་ཧྲིལ་བོར་ཁྱབ་པ་དང་། དེ་མིན་འཛམ་གླིང་གཅིག་གྱུར་གྱི་གོམ་སྟབས་ཇེ་མགྱོགས་དང་རྡུལ་ཕྲན་མཚོན་ཆས་འཇིགས་སྣང་བསྐུལ་བའི་དབང་གིས། ཨ་རི་དང་རྒྱ་ནག་གཉིས་ཀྱིས་དམག་སྣ་འདྲེན་མི་སྲིད་ལ་རྡུལ་ཕྲན་མཚོན་ཆའི་འཁྲུག་ཆེན་དེ་བས་ཀྱང་ལངས་མི་སྲིད།

       དེ་རིང་གི་རྒྱལ་སྤྱིའི་གནས་སྟངས་ནི་ལུས་དང་གྲིབ་མ་བཞིན་ཁྱོད་ཀྱི་ནང་ན་ང་ཡོད་པ། ངའི་ནང་ན་ཁྱོད་ཡོད་པའི་དཔལ་འབྱོར་གྱིས་གཞི་གཅིག་ཏུ་དམ་པོར་བཅིངས་ནས་བྲལ་མི་ནུས་པའི་འབྲེལ་བ་ཡིན།  འཐབ་འཁྲུག་ཆུང་ངུའི་རིགས་ད་ལྟ་ཡོད་བཞིན་པ་ནང་བཞིན་རྒྱུན་མི་འཆད་ན་ཡང་། འཁྲུག་ཆེན་རིགས་བྱུང་མི་སྲིད་པར་སྙམ། ཡིན་ན་ཡང་། རྒྱལ་ཁབ་ཆེན་པོའི་བར་མེ་དང་དུ་ཞག་མེད་པའི་དཔལ་འབྱོར་གྱི་གཡུལ་འཁྲུག་དང་གློག་རྡུལ་གཡུལ་སྤྲོད་རིགས་བྱུང་མི་སྲིད་པ་མིན།

Advertisements