

ཤར་ཏུར་ཀི་སི་ཐན་ནམ་ཞིན་ཅང་ཞེས་འབོད་པའི་མི་མང་འཐུས་མི་ཚོགས་ཆེན་གྱིས་མི་ཚོགས་འདུ་སའི་སྤྱི་སྤྱད་གནས་ཁུལ་དུ་གདོང་ཁེབས་དང་གཡོགས་ལྭ་གོན་མི་ཆོག་པ་དངོས་སུ་གཏན་འབེབས་བྱས་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཕྱི་ཟླ་དང་པོའི་ཚེས་༡༠ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་མོལ་བྱས་པ་བརྒྱུད་ཞིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་གྲོང་ཁྱེད་ཀྱི་མི་ཚོགས་འདུ་སའི་སྤྱི་སྤྱད་གནས་ཁུལ་དུ་ཡུ་གུར་བའི་བུད་མེད་ཚོས་གདོང་ཁེབས་དང་གཡོགས་ལྭ་གོན་མི་ཆོག་པའི་ཁྲིམས་སྲོལ་གསར་བ་ཞིག་ཐག་གཅོད་གཏན་འབེབས་བྱས་ཡོད་པ་དང་། དེ་སྔོན་ཞིན་ཅང་ས་གནས་གཞན་ཁག་ཅིག་ཏུའང་ས་གནས་གྲོང་ཁྱེར་གཞུང་གིས་གདོང་ཁེབས་དང་གཡོགས་ལྭ་གོན་རྒྱུར་བཀག་སྡོམ་གྱི་སྲིད་ཇུས་འཛིན་མྱོང་ཡོད་པ་རེད། ཡིན་ན་ཡང་མི་ཚོགས་འདུ་སའི་སྤྱི་སྤྱད་གནས་ཁུལ་ཟེར་བ་གང་ལ་གོ་དགོས་པ་གསལ་བཤད་བྱས་མི་འདུག
གནད་དོན་དབྱེ་ཞིབ་པས། རྒྱ་ནག་གཞུང་གིས་གྱོན་ཆས་ཆ་ལུགས་དང་ཐལ་དྲགས་རིང་ལུགས་། དྲག་པོ་སོགས་ངོ་བོ་གཞི་གཅིག་ཏུ་བསྒྱུར་བས། འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་ཕན་པ་ལས་གནོན་པ་ཡོད་ལུགས་སྐྱོན་བརྗོད་བྱས་འདུག
མི་ཚོགས་འདུ་སར་གདོང་ཁེབས་དང་གཡོགས་ལྭ་གྱོན་རྒྱུ་བཀག་སྡོམ་བྱེད་མིན་གྱི་གནད་དོན་ཐད་རྒྱལ་ཁབ་མང་པའི་ནང་རྩོད་གླེང་ཡོད་པ་དང་། ཕྱི་ལོ་༢༠༡༠ལོར་ཧྥ་རན་སི་གཞུང་གིས་ཀྱང་མི་ཚོགས་འདུ་སའི་སྤྱི་སྤྱད་གནས་ཁུལ་དུ་ཁ་ཆེ་བུད་མེད་ཚོས་གདོང་ཁེབས་དང་གཡོགས་ལྭ་གྱོན་རྒྱུ་བཀག་སྡོམ་གྱི་སྲིད་ཇུས་གཏན་འབབས་བྱས་ཡོད་པ་རེད།
ཡིན་ན་ཡང་། གདོང་ཁེབས་དང་གཡོགས་ལྭ་གོན་རྒྱུ་ནི་ཡུ་གུར་བའི་སྲོལ་རྒྱུན་ཡིན་མིན་དཔྱད་བྱའི་གནས་ཡིན།