མཚོ་སྔོན་པོའི་གསེར་ཉ་གཤོག་དྲུག་མ།

(生态)(1)湟鱼的生命之旅
མཚོ་སྔོན་པོའི་གསེར་ཉ་གཤོག་དྲུག་མ།

ཉེ་ཆར་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་འབྲེལ་ཡོད་དོན་རྐྱེན་མང་པོ་ཞིག་བྱུང་དང་འབྱུང་གིན་པ་དང་། སྲུང་སྐྱོབ་བྱེད་མཁན་ཡང་གཞུང་དམངས་གཉིས་ཀ་ཡོད་པ་དང་། ཁྲིམས་འགལ་ངང་གསེར་ཉ་འཛིན་མཁན་ཡང་ཉ་ལས་ཉེན་རྟོག་ལས་བྱེད་པ་དང་ཉ་བདའ་བ་གཉིས་ཀ་ཡིན་པའི་གནས་ཚུལ་གོ་རྒྱུ་མཐོང་རྒྱུ་འདུག  ཡིན་ན་ཡང་། མཚོ་སྔོན་པོའི་གསེར་ཉ་ལ་ཁྱད་ཆོས་ཅི་ཞིག་ཡོད་པ་དང་། ཅིའི་ཕྱིར་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་མི་མང་པོ་ཞིག་གིས་ཤེས་ཡོད་རྒྱུ་མ་རེད་བསམ་བྱུང་། དེར་དམིགས་ནས་གཤམ་དུ་མཚོ་སྔོན་པོའི་གསེར་ཉ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུ།
བོད་མི་རྣམས་ཀྱིས་མཚོ་སྔོན་པོའི་ནང་གི་ཉ་ལ་གསེར་ཉ་ཞེས་འབོད་ཅིང་། རྒྱའི་སྐད་དུ་ལོའུ་ལའེ(裸鲤)དང་ཧོང་ཡེ(湟鱼)ཡང་ཟེར། མཚོ་སྔོན་པའི་གསེར་ཉའི་གཟིགས་དབྱིབས་ནི་མགོ་རྔ་ཕྲ་ཞིང་དཀྱིལ་སྤོམ་པའི་འཕང་དབྱིབས་དང་། མགོ་ལོག་ལོག ཁ་ཆེན་པོ་ཞིག་མགོའི་མདུན་ན་ཡོད་ཅིང་། གཤོག་པ་དྲུག་ཅན་དང་། ཁ་དོག་ལྗང་སེར། ལུས་སྟེང་ན་ཆ་མི་མཚུངས་པའི་ཁྲ་ཐིག་ཡོད་པ་དང་། ཉ་ཁྲབ་ཕལ་ཆེར་མེད་པ་དང་། ཁྱད་ཆོས་དེར་གཞིགས་ནས་། རྒྱའི་སྐད་དུ་ལོའུ་ལའེ་སྟེ“ལའེ་ཉ་གཅིར་བུ”ཞེས་བཏགས་ཤིང་། རང་རེའི་བོད་པས་གསེར་ཉ་འདོགས་དོན་ལ་ཁ་དོག་དང་བསྟོད་པའི་ཆ་གཉིས་ཀ་ལྡན་ཡོད་པར་སྙམ།
མཚོ་སྔོན་པོའི་གསེར་ཉའི་རིགས་དེ་མཚོ་སྔོན་པོ་ཁོ་ན་མ་གཏོགས་མེད་པ་དང་། ཉ་དེ་ནི་ཆུ་ཧ་ཅང་གྲང་མོ་དང་ཚྭ་ཆུའི་ནང་འཚོ་གནས་བྱེད་ཐུབ་པའི་ཉ་རིགས་ཤིན་ཏུ་དཀོན་པོ་ཞིག་ཀྱང་རེད།
མཚོ་སྔོན་པོ་ས་བབ་གོམ་པ་སུམ་སྟོང་གི་ཡན་ན་ཆགས་ཡོད་པས། ཆུའི་དྲོད་ཚད་ཀྱང་དེ་བཞིན་དུ་ཧ་ཅང་དམའ། དེའི་སྟབས་ཀྱིས། མཚོའི་ནང་གི་ཉའི་སྐྱེ་འཚར་ཡང་ཤིན་ཏུ་དལ་མོ་ཡིན། ཚན་རིག་དབྱེ་ཞིབ་ལྟར་ན། ཆ་སྙོམས་ལོ་རེ་ཤ་སྲང་གང་མ་གཏོགས་སྐྱེ་ཐུབ་ཀྱིན་མེད་པས། ལོ་བཅུ་ཅན་གྱི་གསེར་ཉ་ཞིག་ལ་རྒྱ་མ་གཅིག་ལས་མེད་པ་དང་། མཚོ་སྔོན་པོའི་གསེར་ཉ་རྒྱུན་ལྡན་གྱི་རིང་ཚད་ལ་ལི་སྨི ༥༠ ནས ༦༠འི་བར་ཡིན་ཞིང་།ལྗིད་ཚད་ལ་སྤྱི་རྒྱ་ལྔ་དང་། ལོ ༢༥ ཡས་མས་སུ་འཚོ་གནས་ཐུབ་པ་དང་། ལ་ལར་རིང་ཚད་ལ་ལི་སྨི ༩༥ དང་ལྗིད་ཚད་རྒྱ་མ ༡༣ ཅན་ཡང་ཡོད་མོད། དེ་ཤིན་ཏུ་ཉུང་ཉུང་རེད།
མཚོ་སྔོན་པོའི་གསེར་ཉའི་འཚོ་གནས་ལ་ཆོས་ཉིད་ཀྱི་རང་བཞིན་ལྡན་ཡང་དམིགས་བསལ་ཆ་རྐྱེན་མེད། ཆུ་སྲབ་མཐུག་གཉིས་ཀ་དང་།  མཚོ་དང་མཚེའུ། ཚྭ་ཆུའི་ནང་དུའང་འཚོ་གནས་ཐུབ་པ་དང་། མང་པོ་མཉམ་དུ་འཚོགས་ནས་མཚོ་དང་ཆུ་ལག་བཅས་སུ་གནས་རྒྱུར་དགའ་ཞིང་། བཟང་བཏུང་ཡང་ཕལ་ཆེར་ཟས་སུ་འགྲོ་བ་ཐམས་ཅད་ཟ་བའི་རྩྭ་ཤ་གཉིས་བཟའི་རིགས་རེད། ལོ་རེའི་ཕྱི་ཟླ ༣ ནས ༧འི་བར། མཚོ་སྔོན་པོར་འདུས་པའི་ཆུ་ལག་ཆེ་ཆུང་ཚང་མའི་ནང་ལྡོག་ཕྱོགས་སུ་སོང་ནས་མཐར་ཆུ་བོ་དག་ཏུ་སྒོ་ང་བཏང་རྗེས་ཕྱིར་མཚོ་སྔོན་པོའི་ནང་ལོག་ཡོང་གིན་ཡོད། སྔོན་ཆད་མཚོ་སྔོན་པོར་ཆུ་ལག ༡༠༨ ཡོད་ཀྱང་། ད་ལྟ་ཉུང་ཉུང་ཞིག་ལས་མེད་པ་དང་། བེའུ་ཕ་ཆུ་བོ་ནི་མཚོ་སྔོན་པོའི་གསེར་ཉ་གཤོག་དྲུག་མའི་སྐྱེ་འཕེལ་བྱེད་ས་གཙོ་བོ་ཞིག་ཡིན།
ལོ་རབས་དྲུག་ཅུའི་ནང་། མཚོ་སྔོན་པོའི་ཉེ་འདབས་ཀྱི་རྩྭ་ཐང་རྒྱ་ཁྱོན་མོའུ་འབུམ་གཅིག་ལྷག་ས་རྒོད་བཏུལ་ནས་ཞིང་ས་རུ་བསྒྱུར་བ་མ་ཟད། མཚོ་སྔོན་པོར་འདུས་པའི་ཆུ་བོ༡༠༨ཡོད་པའི་ནང་ནས་མང་ཆེ་བར་ཆུ་མཛོད་དང་ཆུ་ཁ་གཞན་ལ་དྲངས་སྟབས། མཚོ་སྔོན་པོའི་གསེར་ཉའི་སྒོ་ང་གཏོང་ས་མེད་པར་ཆགས་པ་དང་། དེ་མིན་མཚོ་སྔོན་པོའི་གསེར་ཉ་ཚོད་མེད་དུ་བཟུང་བ་ལ་སོགས་པའི་དབང་གིས་མཚོ་སྐམ་ལ་ཁལ་དང་ཉ་རྫོགས་ལ་ཁལ་གྱི་ཛ་དྲག་གནས་སྟངས་ལ་ཐུག་པ་རེད། ད་ལྟ་མཚོ་སྔོན་པོའི་གསེར་ཉ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཉ་རིགས་གཉིས་པ་དང་། གཞུང་དམངས་གཉིས་ཀས་གང་ཐུབ་ཅི་ཐུབ་ཀྱིས་སྤྱིར་ན་མཚོ་སྔོན་པོ་དང་བྱེ་བྲག་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱས་དང་བྱེད་ཀྱིན་ཡོད།
མདོ་སྨད་མཚོ་སྔོན་པོའི་དམངས་ཁྲོད་དུ“མཚོ་སྔོན་པོའི་ནང་ན་གསེར་ཉ་མང”ཞེས་པའི་ཀུན་པོའི་ངག་ན་ཡོད་པའི་བསྟོད་གླུ་ཞིག་ཡོད་ལ། རྒྱ་ནག་ཚང་གིས་མཚོ་སྔོན་པོར“མཐོ་སྒང་གི་མུ་ཏིག”ཅེས་བཏགས་ནས་མཚོ་སྔོན་པོའི་རིན་ཐང་དང་ཁྱད་ཆོས་མཚོན་ཡོད། གཞུང་གིས་ཐེངས་གཉིས་ཙམ་ལ་མཚོ་སྔོན་པོ་ཡོངས་ནས་བཀག་སྡོམ་གྱིས་སྲུང་སྐྱོང་བྱས་པའི་ཚུལ་བསྟན་ཡོད་མོད། འོན་ཀྱང་སྲུང་སྐྱོབ་འབྲས་ལྡན་ཞིག་ཐུབ་ཡོད་མེད་བཤད་དཀའ། ཉེ་ལམ་དམངས་ཁྲོད་ན་འབྲོག་པ་མི་དམངས་ཀྱིས་མ་བསྐུལ་ཁུར་དུ་བླངས་ནས་མཚོ་སྔོན་པོ་དང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱས་དང་བྱེད་ཀྱིན་ཡོད་པ་གོ་ཐོས་བྱུང་། དེ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་རེད། དེ་རིང་མཚོ་སྔོན་པོ་དེ་ཁ་ཡོད་ལག་ཡོད་ཀྱིས་སྲུང་སྐྱོབ་ཡག་པོ་ཞིག་བྱེད་མ་ཐུབ་ཚེ། ཉི་མ་ཞིག་ལ“མཚོ་སྔོན་པོ་ནང་ན་གསེར་ཉ་མེད”པར་གྱུར་རྒྱུ་དང་། “མཐོ་སྒང་གི་མུ་ཏིག”དེ“མུ་ཏིག་ཤི་རོ”ཞིག་ཏུ་གྱུར་ཉེན་ཤིན་ཏུ་ཆེ། ཞེས་ཁོར་ཡུག་སྲུང་སྐྱོབ་པས་བློ་འཚུབ་ངང་བཏང་བའི་ཉེན་བརྡ་དེ་མངོན་པར་མི་འགྱུར་རྒྱུར་ཀུན་པོས་དུས་ད་ནས་བཟུང་འབད་བརྩོན་བྱེད་དགོས།

Advertisements