རྒྱ་ཨ་རྒྱ།

2074896705
“རི་དྭགས་ཟ་བའི་སྐེ་འཇུ”།

རྒྱ་ཨ་རྒྱ།
—-རྒྱ་གར་དང་། ཨ་མེ་རི་ཀ རྒྱ་ནག་གི་ཟུར་གསུམ་འབྲེལ་བར་དཔྱད་པ།
རྒྱ་གར་གྱི་སྲིད་བློན་མོའུ་དྷི་ཡིས་རྒྱལ་ས་དྷེ་ལེའི་གྷན་དྷི་རྒྱལ་སྤྱིའི་གནམ་ཐང་དུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨ་མེ་རི་ཀའི་སྲིད་འཛིན་ཨོ་བྷ་མ་ལ“རི་དྭགས་ཟ་བའི་སྐེ་འཇུ”བྱས་ནས་ཕེབས་བསུ་བྱེད་དུས་སུ།  ཧི་མ་ལ་ཡའི་ཕ་རོལ་གྱི་པེ་ཅིང་གིས་འཛམ་གླིང་སྟེང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ལ་གཟབ་ནན་གྱིས་ལྟ་ཞིབ་བྱེད་ཀྱིན་ཡོད།
ཨོ་བྷ་མས་ཉིང་རྡུལ་ནུས་ཤུགས་དང་ཉོ་ཚོང་སོགས་གྲོས་གཞི་གནམ་གྲུ་གང་ཁྱེར་ནས་གྲ་སྒྲིག་དང་འཆར་གཞི་ལྡན་པའི་ངང་རྒྱ་གར་གྱི་སྒོ་ཁའི་བུད་དེ། གོ་ཁའི་བསྡད་ནས།  སྲིད་བློན་མོའུ་དྷི་དང་གདོང་དང་གདོང་ཐུག་ནས་ཁ་བརྡ་བྱེད་དུས་སུ། བརྗོད་གཞི་གཙོ་བོ་གཅིག་སྟེ___རྒྱ་ནག་མ་གཏོགས་མེད་པ་གཞི་ནས་ཤེས་ཡོད་ལ། བརྗོད་གཞི་དེའི་ཐད་དབུ་ཁྲིད་རྣམ་པ་གཉིས་ཀྱིས་ལྟ་བ་དང་ལངས་ཕྱོགས་མ་བགྲོས་རང་མཐུན་ཆགས་ཡོད་པས་ཐེངས་འདིའི་ཨོ་བྷ་མའི་འཚམས་གཟིགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོབ་རྒྱུར་མ་བསྒྲིགས་ལྷུན་གྱིས་གྲུབ་སོང་།
རྒྱ་གར་ནི་འཛམ་གླིང་སྟེང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན། འདས་པའི་ལོ་འགའི་རིང་། ཕོ་བྲང་དཀར་པོས་ཨ་རི་དང་རྒྱ་གར་བར་སྲ་བརྟན་དང་ཕྱི་ཐག་རིང་བའི་མཉམ་ལས་མཐུན་གྲོགས་ཀྱི་འབྲེལ་བ་བཙུགས་ནས། འཕེལ་ཞིང་རྒྱས་ཀྱིན་པའི་རྒྱ་ནག་གི་སྟོབས་ཤུགས་དབྱེ་སེལ་ཐུབ་རྒྱུའི་ཐབས་ཇུས་འཐེན་ཡོད། སྤྱིར་བཏང་བཤད་ན། རྒྱ་གར་གྱིས་རྒྱ་ནག་ལ་ཡིད་ཆེས་ཡེ་ནས་མེད། རྒྱ་གར་ནག་བར་ཕན་ཚུན་དགྲ་འཛིན་གྱི་ལོ་རྒྱུས་ལ་དུས་ཡུན་རིང་ཞིང་། གྲང་དམག་གི་སྐབས་སུ་རྒྱ་ནག་ནི་རྒྱ་གར་གྱི་དགྲ་ཡ་གཙོ་བོ་པཱ་ཀི་སི་ཐན་གྱི་མཐུན་གྲོགས་རྒྱལ་ཁབ་ཡིན་ཞིང་། རྒྱ་གར་གྱིས ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེས་གཙོས་བཙན་བྱོལ་བོད་གཞུང་དང་། བོད་མི་འབུམ་གཅིག་ལྷག་ལ་སྐྱབས་བཅོལ་གྱི་གནས་ཡུལ་ཕུལ་བ་མ་ཟད་མཐུན་རྐྱེན་ཡང་སྤྲད་དང་སྤྲོད་ཀྱིན་ཡོད། ཡིན་ན་ཡང་། འདས་པའི་དུས་ཡུན་རིང་པོར་རྒྱ་གར་གྱིས་རང་དབང་རང་བཙན། ཨ་རི་དང་འབྲེལ་བ་མི་འཛིན་པའི་ཐབས་ཇུས་ལ་བསྟུན་ནས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ལ་ཁ་གཏད་འཇལ་ཡོད།
རྩ་བའི་ཆ་ནས་རང་དབང་རང་བཙན། མནའ་འབྲེལ་མི་འཛིན་པ་ནི་རྒྱ་གར་གྱི་དེ་སྔའི་གཞི་རྩའི་ཕྱི་སྲིད་སྲིད་ཇུས་རེད།
ཡིན་ན་ཡང་། དཔལ་འབྱོར་དང་། དམག་དོན། ཆབ་སྲིད་བཅས་སུ་རྒྱ་ནག་དར་རྒྱས་འབུར་ཐོན་བྱུང་བའི་འགྲོས་དང་མཉམ་དུ། མོའུ་དྷི་ཡིས་རྒྱ་གར་དང་ཨ་རིའི་འབྲེལ་བར་བསྐྱར་ཞིབ་དང་གསར་སྒྱུར་བྱེད་འདོད་ཡོད་པ་མ་ཟད། དེ་ལྟར་བསྒྲུབ་འདོད་ཀྱང་ཤིན་ཏུ་ཆེ་བའི་རྣམ་འགྱུར་བཏོན་ཡོད།
རྒྱ་གར་ཡང་ཨ་རི་ཇི་བཞིན་རྒྱ་ནག་ཐད་ཀྱི་རྣམ་འགྱུར་དེ་ནེམ་ནུར་ཐེ་ཚོམ་གྱི་དབང་དུ་སོང་ཡོད་མོད། འོན་ཀྱང་། ད་ལྟ་ཨ་རི་དང་རྒྱ་གར་གཉིས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གང་ན་ཡོད་པ་གསལ་བོར་རྟོགས་ཡོད་ལ། ཁེ་ཕན་དེ་དག་གི་ཐུན་མོང་རང་བཞིན་ལའང་ངེས་ཤེས་གསལ་བོ་རྙེད་ཡོད།images
པེ་ཅིང་གི་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚང་མར་ཐུན་མོང་གི་བསམ་ཚུལ་ཞིག་ཡོད། ཨོ་བྷ་མའི་ཐེངས་འདིའི་འཚམས་གཟིགས་ལ་རྒྱ་གར་གྲོགས་སུ་བཀུག་ནས་རྒྱ་ནག་བཀག་སྡོམ་བྱ་རྒྱུའི་དམིགས་ཡུལ་ཡོད། ཅེས་པ་དེ་རེད།  ཡིན་ན་ཡང་། རྒྱ་གར་ལའང་རང་ཉིད་ཀྱི་བསམ་ཚུལ་དང་ཁྱད་ཆོས་ཡོད་པས། རྒྱ་གར་གྱིས་ཨ་རིའི་ཇི་ལྟར་བཤད་པ་དེ་ལྟར་དུ་ཉན་མི་སྲིད། དཔེར་ན་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཐད་རྒྱ་གར་གྱིས་ཁས་ལེན་ཅི་ཡང་བྱས་མེད་པ་ལྟ་བུ་རེད།
ཐེངས་འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཁོང་གི་སྲིད་སྐྱོང་དུས་ཡུན་ནང་རྒྱ་གར་གྱི་འཚམས་གཟིགས་གཉིས་པ་དེ་ཡིན་ལ། དེ་ཡིས་ཨ་མེ་རི་ཀའི་འཐབ་ཇུས་དཀྱིལ་འཁོར་ཁྲོད་ཀྱི་རྒྱ་གར་གྱི་གལ་ཆེའི་རང་བཞིན་མཚོན་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་ཞིག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས་པའི་རྒྱལ་སྟོན་དུས་སྟོན་དུ་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལོ་རྒྱུས་སུ་ད་ཐེངས་ཐོག་མ་དེ་རེད།
ཐེངས་འདིའི་ཨོ་བྷ་མའི་རྒྱ་གར་གྱི་འཚམས་གཟིགས་ཐད་རྒྱ་ཨ་རྒྱས་གྲུབ་པའི་ཟུར་གསུམ་འབྲེལ་བ་དང་། དེ་མིན་འབྲེལ་ཡོད་གནད་དོན་ཐད་དབྱེ་ཞིབ་པ་མོད་པས་དཔྱད་བརྗོད་སྣ་ཚོགས་ཤིག་སྤེལ་ཡོད་པ་དང་། དེ་ཡང་རྒྱ་ནག་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་རིགས་པའི་དགེ་རྒན་ཆེན་མོ་ཧྲི་ཡིན་ཧོང་གིས། རྒྱལ་སྤྱིའི་འབྲེལ་བའི་རྒྱུན་སྲོལ་ལྟར་ན། ཨ་རི་དང་རྒྱ་གར་ཕྱོགས་གཉིས་ཀས་ཐེངས་འདིའི་ཨོ་བྷ་མའི་གཟིགས་སྐོར་དེ་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པར་ངོས་འཛིན་བྱེད་ངེས་ཡིན། དེ་རྒྱལ་ཁབ་གཉིས་ཀར་གལ་ཆེན་པོ་ཞེ་དྲག་རེད་ལ་དེར་ང་ཚོས་བསམ་ཤེས་ཀྱང་བྱེད་ཐུབ།
ཨ་རིར་མཚོན་ན། རྒྱ་གར་ནི་མི་མངོན་པའི་ཚོང་ར་ཆེན་པོ་ཞིག་དང་། འཐབ་ཇུས་ཀྱི་ཐད་ནས་རྒྱ་གར་ནི་རྒྱ་ནག་བཀག་སྡོམ་ལས་གཞིའི་མེད་དུ་མི་རུང་བའི་འཁྲབ་སྟོན་པ་དེ་ཡིན།
རྒྱ་གར་ལ་མཚོན་ན། བདེ་འཇགས་མཉམ་ལས་དང་མཐོ་རིམ་ཚན་རིག་ལག་རྩལ་མཐོར་འདེགས་བྱེད་རྒྱུར་ཨ་རི་ལ་བསྟེན་རྒྱུ་དགོས་གལ་ཆེན་པོ་ཡོད།
དེ་འདྲ་ཡིན་མོད་ཀྱང་། རྒྱ་གར་གྱིས་རང་ཉིད་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱེད་བསམ་ན། རྒྱ་ནག་ནི་གལ་འགངས་ཆེ་བའི་མ་རྩ་མཁོ་སྤྲོད་མཁན་ཞིག་དང་ཉོ་ཚོང་མཐུན་གྲོགས་ཤིག་ཡིན་པས། རྒྱ་གར་གྱིས་རྒྱ་ནག་དང་མཉམ་ལས་བྱེད་རྒྱུའི་མི་མངོན་པའི་ནུས་པར་སྣང་ཆུང་བྱེད་མི་སྲིད། ཅེས་བརྗོད་འདུག
རྒྱ་གར་ནག་གི་འབྲེལ་བ་ནི་དཔལ་འབྱོར་ཐད་ནས་མཉམ་ལས་དང་། འཐབ་ཇུས་ཐད་ནས་ཕན་ཚུན་ཡིད་ཆེས་མེད་པར་འགྲན་སེམས་བཟུང་ཡོད། རྒྱ་གར་ནག་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ་། མཉམ་ལས་བྱེད་དགོས་ས་ཡང་མང་པོ་ཞིག་ཡོད། ཡིན་ན་ཡང་། མཐའ་མཚམས་ཀྱི་གནད་དོན་དང་། བོད་དོན། དེ་བཞིན་འཐབ་ཇུས་ཀྱི་བློ་སྤོབས་ཐད་ནས་གཞིགས་ན། ལྷོ་རྒྱ་ནག་རྒྱ་མཚོ་དང་། ལྷོ་རྒྱ་གར་རྒྱ་མཚོ། ལྷོ་ཨེ་ཞི་ཡ་བཅས་སུ་བསླངས་པའི་རྒྱ་ནག་གི་རྫིག་རྫིག་བཙན་སྐུལ་གྱི་ཟང་ཟིང་དང་ངང་ཚུལ་ལ་རྒྱ་གར་གྱིས་གྲ་སྒྲིག་གང་ཙམ་ཞིག་ཡོད་ངེས་ཡིན། འཐབ་ཇུས་ཀྱི་ཐད་ནས། ཨ་རི། དང་ཉི་ཧོང་ནི་རྒྱ་གར་གྱི་བདེ་འཇགས་མཉམ་ལས་མཐུན་གྲོགས་གཙོ་བོ་རུ་གྱུར་ཡོད་ལ། རྒྱ་གར་གྱིས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་སྐུལ་འདེད་བྱས་དང་བྱེད་ཀྱིན་ཡོད། དེ་འདྲའི་དབང་གིས། རྒྱ་གར་ནག་བར་མཉམ་ལས་བྱེད་སྲིད་པ་ཅིག་ནི་དཔལ་འབྱོར་ཁོ་ན་ལས་མེད་ལ། འཐབ་ཇུས་ཐད་ཀྱི་ཁྱད་ཆོས་ནི་གཙོ་ཆེ་བ་ཕན་ཚུན་འགྲན་སེམས་དང་དོགས་ཟོན་ཡིན།
དབུ་ཁྲིད་རྣམ་པ་གཉིས་ཀྱིས་མཇལ་མོལ་སྐབས་དང་མཇུག་གི་གསར་འགོད་གསལ་འགོད་སྐབས། དངོས་སུ་རྒྱ་ནག་ཅེས་མིང་བཏོན་མེད་ཀྱང་། ཨ་རི་དང་རྒྱ་གར་གྱི་འབྲེལ་བའི་འཕེལ་རིམ་དེ་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོའི་གནད་དོན་གྱི་རྒྱབ་ལྗོངས་ཆེན་པོའི་ནང་ཚུད་ཡོད།
ཨ་རིའི་བྷི་རོའུ་ཁེན་སི་སློབ་གླིང༼The Brookings Institution༽གི་རྒྱ་གར་ཞིབ་འཇུག་རྣམ་གྲངས་ཀྱི་འགན་འཛིན་ལྕམ་ཊན་བེ མཱ་ཌན་ལགས་ཀྱིས། ཨ་རི་དང་རྒྱ་གར་ནག་གསུམ་པོའི་འབྲེལ་བ་དམ་པོ་ཡིན་ལ་འཕེལ་རྒྱས་འགྲོ་མུས་སུའང་ཡིན། ཡིན་ན་ཡང་། ཨི་ཞི་ཡ་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་འཁྲབ་སྟངས་དེ་དགེ་ཕན་མེད་པའི་ཕྱོགས་སུ་འཕེལ་གྱིན་ཡོད་པས། དེའི་ཐད་ཨ་རི་དང་རྒྱ་གར་གཉིས་ཀར་གྲ་སྒྲིག་གམ་འཚམས་ཤིག་ཡོད་པ་དང། དེ་སྔོན་ཨ་རི་དང་རྒྱ་གར་གཉིས་ཀས་གནད་དོན་དེའི་རིགས་ཡོངས་ཁྱབ་ངང་གླེང་སློང་གནང་རྒྱུར་འཛེམ་དོགས་ཡོད། ཐེངས་འདིའི་འཚམས་གཟིགས་བརྒྱུད་ཨ་རི་དང་རྒྱ་གར་གཉིས་ཀས་རྒྱ་ནག་ལ་སྟོན་འདོད་ཡོད་པའི་བརྡ་ཞིག་ནི། ད་ལྟ་ཨ་རི་དང་རྒྱ་གར་གཉིས་ལ་འཛེམ་བག་མེད་པར་མཉམ་ལས་བྱེད་ཀྱིན་པ་དེ་ཡིན་སྟབས། འགྱུར་མཚམས་ཤིག་ཏུ་ངོས་འཛིན་བྱ་འོས། ཞེས་བརྗོད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ལྕམ་ཧྭ་ཁྲོན་ཡིན་གྱིས“རྒྱ་ནག་བཀག་སྡོམ་གྱི་སྲིད་ཇུས་ནང་རྒྱ་གར་ལ་ཞུགས་འདོད་མེད་པ་ང་ཚོས་ཤེས་ཡོད།” ཅེས་བཤད་ནས་རྒྱ་གར་ནག་གི་འབྲེལ་བ་ཡག་པོ་ཡོད་ཚུལ་སྟོན་ཐབས་བྱས་ཡོད་མོད། འོན་ཀྱང་། དབུ་ཁྲིད་རྣམ་པ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྐབས། མོའུ་དྷི་ཡིས་ཨ་རིའི་རྒྱ་ནག་གི་ས་ཁུལ་གནད་དོན་ཐད་ཀྱི་བཤད་སྟངས་ཚིག་སྦྱོར་ལ་ངོས་ལེན་བྱས་ཏེ། དབུ་ཁྲིད་རྣམ་གཉིས་ཀྱིས་མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་དང་། ས་ཁུལ་ཧྲིལ་བོའི་མཁའ་སྐྱོད་རང་དབང་དང་གལ་ཆེན་རང་བཞིན་ལ་ཁག་ཐེག ནང་སྒོས་སུ་ལྷོ་རྒྱ་ནག་རྒྱ་མཚོའི་འགྲིམ་འགྲུལ་བདེ་འཇགས་ཁག་ཐེག་བྱེད་རྒྱུར་ནན་བཤད་བྱས་པ་མ་ཟད། མཚོ་ཁོངས་འགལ་ཟླའི་སྐོར་དྲག་ཐབས་དང་ཡང་ན་དྲག་པོའི་འཇིགས་སྐུལ་རིགས་མ་བྱུང་སྔོན་འགོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག
ད་དུང་། མོའུ་དྷི་ཡིས ༢༠༠༨ ལོ་ནས་ཆད་པའི་ཨ་རི་དང་། རྒྱ་གར། ཉི་ཧོང་། ཨོ་སི་ཊི་རེ་ལེ་ཡའི་བདེ་འཇགས་མཉམ་ལས་འབྲེལ་བ་དེ་བསྐྱར་གསོ་བྱ་རྒྱུར་འབོད་སྐུལ་ཞུས་འདུག
སྲིད་བློན་མོའུ་དྷི་ཡིས་ཨེ་ཞི་ཡའི་ལས་དོན་ཁྲོད་ནུས་ཤུགས་ཆེན་པོ་བཏོན་རྒྱུའི་ཆོད་སེམས་བཟུང་ནས“ཤར་བསྐྱོད་སྲིད་ཇུས”ཞེས་པ་གཏན་འབེབས་གནང་ཡོད་པ་དང་། སྲིད་ཇུས་དེ་ཨོ་བྷ་མའི“ཨེ་ཞི་ཡར་བསྐྱར་ལོག”ཅེས་པའི་ཐབས་ཇུས་དང་མ་བསྒྲིགས་རང་འགྲིགས་ཆགས་ཡོད། ཨོ་བྷ་མ་དང་མཉམ་དུ་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་པའི་མིང་མི་བཤད་པའི་དཔོན་རིགས་ཤིག་གིས། “མོའུ་དྷི་ཡི་ལྟ་བ་དང་ང་ཚོའི་ལྟ་བ་གཉིས་ཧང་སངས་པའི་འདྲ་མཚུངས་ཡིན་པས། རྒྱ་གར་གྱིས་རྒྱ་ནག་ཐད་ཀྱི་སྲིད་ཇུས་དང་ལངས་ཕྱོགས་ལ་རྩ་བའི་ཆ་ནས་འགྱུར་བ་བཏང་འདུག” ཅེས་བརྗོད་འདུག
ཨ་མེ་རི་ཀའི་སྨྱན་བྱད་ཁག་གིས་ཨོ་བྷ་མ་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་པའི་སྐོར་གསར་འགྱུར་གྱི་ཚུལ་དུ་སྤེལ་བ་ཙམ་ལས་སྲོལ་རྒྱུན་ལྟར་དུས་ཚོད་མང་པོ་བཏང་མེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་མོའུ་དྷི་ཡིས་ཕྱི་འབྲེལ་སྲིད་ཇུས་ལ་མིག་གིས་དེད་ནས་རྣ་བས་གཏད་ནས་དབྱེ་ཞིབ་ནན་མོ་བྱས་ཡོད།
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས“ཨོ་བྷ་མའི་རྒྱ་གར་ནང་གི་འཚམས་གཟིགས་ལ་མཚོན་བྱེད་ཙམ་ལས་དོན་དངོས་ནང་དོན་ཆེར་མེད། རྒྱུ་མཚན་ནི་ཨ་རི་དང་རྒྱ་གར་གཉིས་དུས་ཡུན་རིང་པོར་འབྲེལ་བ་མེད་པ་དང་། མཚམས་ལ་ལར་དེ་གཉིས་ཀྱི་འགལ་བ་དེ་གཉིས་ཀྱི་ས་ཁམས་བར་ཐག་ནང་བཞིན་རིང་། དེའི་སྟབས་ཀྱིས། ཨོ་བྷ་མ་དང་མོའུ་དྷི་གཉིས་གྲོགས་པོར་གྱུར་དགོས་ན། ཉི་མ་གསུམ་གྱིས་མི་འདང་།” ཞེས་དང་། དེ་བཞིན་དུ༼གོ་ལའི་དུས་བབ༽ཀྱིས། “ཨ་རི་ཡིས་རྒྱ་གར་ལ་གཡོ་སྒྱུའི་རྒྱ་རྙི་ཞིག་བཙུགས་ཡོད། ‘རྒྱ་ནག་འབྲུག’དང‘རྒྱ་གར་གླང་ཆེན’གཉིས་ལྷན་སྐྱེས་ཀྱི་དགྲ་ཡ་ཡིན་པའི་གཏན་འཇགས་བསམ་གཞིག་མ་དཔེ་དེ་ནི་ཞེ་ངན་ཁོག་བཅངས་ཀྱི་ནུབ་ཕྱོགས་དགྲ་འཛིན་པས་བསམ་བཞིན་དུ་གསོ་སྐྱོང་དང་བཟོས་པ་རེད།” ཅེས་བཀོད་འདུག
རྒྱ་ནག་གི་གནད་དོན་ཐད། ཨ་རི་དང་རྒྱ་གར་གཉིས་ལ་ཐུན་མོང་གཅིག་གྱུར་གྱི་ལྟ་བ་ཞིག་རིམ་གྱིས་ཆགས་བཞིན་ཡོད་ལ། ན་ནིང་བྱུང་བའི་དོན་རྐྱེན་འགས་འབྲེལ་བ་དེའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད།
རྒྱུ་རྐྱེན་གལ་ཆེན་ཞིག་ནི། རྒྱ་གར་གྱིས་འཐབ་ཇུས་ལྟག་ར་རུ་མཐོང་བའི་བྷང་ལ་དྷེ་ཞི་མཚོ་ཁུག་ཏུ་རྒྱ་ནག་གི་ཉིང་རྡུལ་ནུས་སྤྱོད་ཆུ་འོག་དམག་གྲུ་ཡིས་ཐེངས་མང་པོར་སྐོར་སྐྱོད་བྱས་པས། དེ་ཡིས་རྒྱ་གར་གྱི་རྒྱལ་སྲུང་སྡེ་ཚན་ལ་སེམས་ཁྲལ་ཆེན་པོ་བསླངས་པ་རེད།
གཉིས་པ་ནི། སྔ་ལོའི་ཕྱི་ཟླ་དགུ་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་རྒྱ་གར་ནང་འཚམས་གཟིགས་སྐབས། རྒྱ་ནག་གི་མཐའ་སྲུང་དམག་གིས་ས་མཚམས་བརྒལ་ནས་རྒྱ་གར་གྱི་དོན་དངོས་བཏང་འཛིན་འོག་ཡོད་པའི་འཇའ་མོ་ཁཱ་ཞི་མར་དང་ལ་དྭགས་བཅས་སུ་བཙན་འཛུལ་བྱས་པས། དོན་རྐྱེན་དེས་སྲིད་བློན་མོའུ་དྷི་ཡི་སྐུ་རླུང་བསླངས་པ་མ་ཟད། ཡིད་ཐང་གཏིང་ནས་ཆད་ཡོད། གཅིག་བགྱིས་ན་མོའུ་དྷི་ཡིས་དང་ཐོག་རྒྱ་ནག་དང་འབྲེལ་བ་ཡག་པོ་ཞིག་འཛིན་རྒྱུའི་དགོངས་པ་བཞེས་ཡོད་ཀྱང་སྲིད།
“རྒྱ་ནག་པར་ཕར་གུས་བཀུར་ག་ཚོད་ཞུས་ན། བཟང་མདོག་ཡག་མདོག་ག་ཚོད་བསྟན་ན། ཁོང་ཚོས་ཁྱེད་ལ་དེ་ཚོད་ཀྱིས་མཐོང་ཆུང་དང་བརྙས་བཅོས་བྱེད་ངེས་པ་མོའུ་དྷི་ལ་ངེས་ཤེས་སྐྱེས་ཡོད།” ཅེས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཟུར་བ་དང་ཨ་རི་དོན་གཅོད་ཆེན་མོ་སྐུ་ཞབས་མཱན་ཞིན་གྷི་ལགས་ཀྱིས་བརྗོད་ཡོད་པ་དང་། ཡང་ཁོང་གིས“རྒྱ་གར་གྱི་དབུ་ཁྲིད་ཚོས་དེ་སྔ་གལ་ཏེ་ཨ་རི་དང་འབྲེལ་བ་ཉེ་དྲགས་ན་རྒྱ་གར་ནག་གི་འབྲེལ་བར་དོ་ཕོག་ཡོང་བར་དོགས་ཡོད། ཡིན་ན་ཡང་། རྒྱ་ནག་ལ་ཕར་ཆེ་མཐོང་ག་ཚོད་སྤྲད་ན་དེ་ཚོད་ཀྱིས་ཚུར་མཐོང་ཆུང་བྱེད་པས། ཨ་རི་དང་འབྲེལ་བ་འཛུགས་རྒྱུའི་གེགས་ཆ་ཁོ་ན་དེ་ད་ལྟ་མེད་པར་གྱུར་བ་རེད། ཨོ་བྷ་མའི་འཚམས་གཟིགས་ལས། སྲིད་བློན་མོའུ་དྷི་ཡིས་ཨ་རི་ནི་རྒྱ་གར་གྱི་འཐབ་ཇུས་མཐུན་གྲོགས་ཡིན་པའི་མ་ཚད། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་མཁན་དང་པོ་དེའང་ཡིན་པ་སེམས་ཐག་བཅད་ཡོད། དེ་ནི་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་གོང་དུ་འཕེལ་བའི་མཚོན་རྟགས་གསལ་བོ་ཞིག་ཡིན་ལ། དེ་ཡིས་རྒྱ་གར་གྱི་ཕྱི་འབྲེལ་སྲིད་ཇུས་གྱི་ཁ་ཕྱོགས་བསྟན་ཡོད།” ཅེས་འགྲེལ་བརྗོད་བྱས་འདུག
རྒྱ་གར་གྱི་སྲིད་ཇུས་ལྟེ་གནས་ཁང་གི་དགེ་རྒན་ཆེན་མོ་བྷ་རཱ་ཌི ཧེ་མཱ་ཆར་ལེ་སི རཱ་ནེ༼ Brad Hema Charles Rani ༽ཡིས་ལོ་སྔོན་མའི་ཕྱི་ཟླ ༡༡ པར་ཧྥོར་པེ་སི༼Forbes ༽དུས་དེབ་སྟེང་སྤེལ་བའི་ཁ་བྱང་ལ༼བོད་ཀྱི་གནད་དོན་ནི་ད་དུང་ཡང་རྒྱ་གར་ནག་གི་འབྲེལ་བའི་འགག་རྩ༽ཡིན་ཞེས་པའི་དཔྱད་རྩོམ་ནང་། “རྒྱ་གར་ནག་གཉིས་ཀས་བོད་ཀྱི་གནད་དོན་ནི་ཕྱོགས་གཉིས་ཀས་འགལ་ཟླའི་འགག་རྩ་ཡིན་པར་ནན་གྱིས་བརྗོད་གྱིན་ཡོད་ཞིང་། བོད་དོན་གྱི་རྐྱེན་གྱིས་རྒྱ་གར་ནག་གཉིས་ཀའི་མངའ་ཁོངས་བདག་དབང་གི་རྩོད་པ་དང་། ས་མཚམས་གདོང་གཏུག ཆུའི་ཐོན་ཁུངས་ཁོངས་གཏོགས་སོགས་ཀྱི་གནད་དོན་ཇེ་དྲག་དང་སེལ་མ་ནུས་པར་ལྷག་ཡོད་པ་རེད། ཅེས་དང་། དེ་མིན་ཡང་ཁོང་གིས། བོད་དེ་རྒྱ་གར་ནག་བར་གྱི་འབྲེལ་བའི་ཟམ་པ་ཞིག་ཏུ་གྱུར་ཆོག་པས། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་དུ་ཆབ་སྲིད་ཞི་འགྲིག་གི་འཕེལ་རིམ་མགོ་བརྩོམ་དགོས”ཞེས་བཀོད་ཡོད་པ་རེད།
གང་ལྟར། རྒྱ་གར་ནག་བར་ཡིད་ཆེས་མེད་པའི་མཉམ་ལས་དང་། མཐུན་གྲོགས་མིན་པའི་ཉོ་ཚོང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་བཏང་སྙོམས་ཡོང་ཆེད་དབུ་ཁྲིད་ཕན་ཚུན་འཚམས་གཟིགས་སོགས་ལས་དོན་རིགས་ད་དུང་ཡང་མུ་མཐུད་ནས་ཡོང་སྲིད། ཡིན་ན་ཡང་། བོད་དོན་དང་ས་མཚམས་ཀྱིས་གཙོས་རྩ་བའི་འགལ་བ་མ་སེལ་གོང་། རྒྱ་གར་ནག་གི་འབྲེལ་བ་ཇེ་བཟང་དུ་འགྲོ་རྒྱུར་རྨང་གཞི་མེད།
རྒྱ་གར་ལ་མཚོན་ན། དེ་སྔ་བོད་དོན་ནི་ཉར་རྒྱུ་ཞིག་ལས་བེད་སྤྱོད་གཏོང་རྒྱུ་ཞིག་མིན། སྐུ་ཞབས་མོའུ་དྷི་ཡི་སྤོབས་པ་དང་ཆབ་སྲིད་ཤེས་རབ་ལ་གཞིགས་ན། ད་ལྟ་རྒྱ་གར་གྱིས་བོད་དོན་དེ་རྒྱལ་ཁབ་གྱི་ཁེ་ཕན་གྱི་དཀྱིལ་འཁོར་དུ་བཞག་ནས་བེད་སྤྱོད་གཏོང་རྩིས་ཡོད་པས། ཐབས་ཇུས་དེ་བོད་དང་བོད་དོན་ལ་མཚོན་ན་བཟང་ངན་གང་ཡིན་ད་དུང་དཔྱད་བྱའི་གནས་ཡིན། རྟགས་མཚོན་མང་པོ་ལས་ཤེས་ཐུབ་པ་ཞིག་ནི།  རྒྱ་གར་གཞུང་གིས་དེ་སྔའི་ལོ་མང་རིང་བཟུང་བའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་ཟིན་པས། བོད་དོན་ཐད་ཀྱི་སྲིས་ཇུས་ལའང་དེ་དང་འགྲོས་མཉམ་གྱིས་འགྱུར་བ་འོས་འཚམས་ཤིག་གཏོང་སྲིད་པར་ཚོད་དཔག་བྱས་ཆོག
ཕྱི་ཚེས ༥ ཉིན། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག“ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་གསོལ་འདེབས་ལྷན་ཚོགས”ཀྱི་ཚོགས་མགོན་དུ་ཕེབས་གཏན་འཁེལ་ཡོད་པས། གསོལ་འདེབས་ལྷན་ཚོགས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབུ་ཁྲིད་རྣམ་པས་གཙོས་འཛམ་གླིང་གང་སའི་སྐུ་མགྲོན ༣༢༠༠ ལྷག་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། དེ་ནི༧གོང་ས་མཆོག་དང་ཨ་རི་སྲིད་འཛིན་གཉིས་གར་སྟེགས་གཅིག་གི་སྟེང་ཡོངས་ཁྱབ་ངང་མཉམ་དུ་ཐོན་པ་རེད། དེ་ཡང་ཨོ་བྷ་མ་གཞུང་གིས་རྒྱ་ནག་ལ་གོ་རྒྱུ་ཞིག་སྤྲད་ཀྱིན་པར་ངོས་འཛིན་བྱས་ཆོག་པར་སེམས།
རྒྱ་གར་གྱི་འགྱུར་ལྡོག་དང་། ཨ་རིའི་རྣམ་འགྱུར་སོགས་བོད་དོན་ལ་མཚོན་ན་དགེ་མཚན་ཅན་གྱི་འཕེལ་ཕྱོགས་ཤིག་ཏུ་ངོས་འཛིན་བྱས་ན་མ་འགྲིག་པ་མེད་པར་སྙམ།
མདོར་ན། རྒྱ་ཨ་རྒྱ་ཟུར་གསུམ་གྱི་འབྲེལ་བའི་བར་ན་བོད་དོན་དེ་སྤོ་ལོ་ནང་བཞིན་ཕར་གཡུག་ཚུར་འཕྲོག་གི་རྩེད་ཆས་ལྟ་བུར་གྱུར་ནས་དུས་ཡུན་རིང་པོ་རེད། བྱི་ལ་གཡར་མས་ཙི་གུ་མི་འཛིན་པ་ང་ཚོར་ཉམས་མྱོང་ཡོད་པས། ད་ནི་བོད་དོན་རང་སྟེང་ན་དོན་དག་སེལ་རྒྱུའི་ནུས་པ་ཡོད་མེད་འཚོལ་རྒྱུ་ལས་གཞན་བརྟེན་གྱི་སེམས་པ་སྤང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་བསམ་བྱུང་།  ཡིན་ཡང་། གཞན་བརྟེན་སྤང་ཟེར་དུས་མཐུན་གྲོགས་དང་། རྒྱབ་སྐྱོར། རོགས་རམ་མི་དགོས་ཞུས་མེད།

Advertisements