ཨོ་བྷ་མ: ངའི་གྲོགས་མཆོག༧གོང་ས་ཏཱ་ལའི་བླ་མ།

059d37c5ce8347056d0f6a70670080be
ཨོ་བྷ་མ་མཆོག་གིས་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྟེང༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་འདུད་ཞུ་བཞིན་པའི་ཚུལ།

རྒྱ་ནག་གཞུང་གིས“ཕྱི་རྒྱལ་གྱིས་ཏཱ་ལའི་བླ་མར་སྣེ་ལེན་བྱས་མི་ཆོག”ཅེས་བརྗོད་ཡོད་པ་དང་། ཨ་རིའི་ལོ་འཁོར་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྟེང་སྲིད་འཛིན་ཨོ་བྷ་མས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས ༦ ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལའེ་ཟེར་བས་པེ་ཅིང་དུ་གསར་འགོད་པར། “ ཏཱ་ལའི་བླ་མ་ནི་ཆབ་སྲིད་ཡུལ་གྱར་བ་ཞིག་རེད། དུས་ཡུན་རིང་པོར་ཏཱ་ལའི་བླ་མས་ཆོས་ལུགས་ལ་ཁ་གཡར་ནས་རྒྱ་ནག་ཁ་བྲལ་ལས་འགུལ་སྤེལ་ཡོད།” ཅེས་བརྗོད་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྐབས༧གོང་ས་མཆོག་དང་མཇལ་འཕྲད་གནང་མེད་མོད། དབུ་ཁྲིད་རྣམ་གཉིས་ཀྱི་བཞུགས་གནས་ཤིན་ཏུ་ཐག་ཉེ་བ་མ་ཟད། ད་དུང་ཕན་ཚུན་གུས་འདུད་ཞུས་གནང་བ་རེད།
སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གཞུང་གི“ ཨ་རིས་རྣམ་པ་གང་རུང་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་མི་ཆོག”ཅེས་པའི་དེ་སྔའི་ཉེན་བརྡར་ཁ་ཡ་མ་བྱས་པར། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི“ ནུས་ལྡན་སྟོབས་ཆེན་གྱི་མ་དཔེ་དེ་ཡིན”ཞེས་བསྟོད་བསྔགས་གནང་ཡོད་པ་རེད།
ཨ་རིའི་རྒྱལ་ཡོངས་ལོ་འཁོར་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྟེང། སྲིད་འཛིན་ཨོ་བྷ་མས་ཆོས་ལུགས་དང་ཆབ་སྲིད་མི་སྣ ༣༦༠༠ ལྷག་ལ་བརྗོད་དོན། “ ངས་དམིགས་བསལ་དགའ་བསུ་ཞུ་འདོད་པ་ཞིག་ནི། ངའི་སྙིང་ཉེ་བའི་གྲོགས་མཆོག༧གོང་ས༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་ནི་ནུས་ལྡན་སྟོབས་ཆེན་གྱི་མ་དཔེ་དེ་ཡིན་ལ། ཁོང་གིས་བྱམས་སྙིང་རྗེའི་མཚོན་དོན་མངོན་པར་གསལ་ཡོད།  ཁོང་གིས་འགྲོ་བ་མི་ཡོངས་ཀྱི་རང་དབང་དང་ཆེ་མཐོང་གི་ཆེད་དུ་སྨྲ་བ་ཆེན་པོ་བརྗོད་རྒྱུར་ང་ཚོར་སྐུལ་མ་བྱེད་ཀྱིན་ཡོད། དེ་སྔོན༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐེངས་ཁ་ཤས་བྱུང་ལ། དེ་རིང༧གོང་ས ༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་ཀྱི་མཛད་སྒོར་ལྷན་ཞུགས་མཛད་པར་དགའ་ཚོར་ཆེན་པོ་སྐྱེས།” ཞེས་ གསུངས་འདུག
དེ་སྔོན༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕྱི་ལོ ༢༠༡༠དང་། ༢༠༡༡། ༢༠༡༤བཅས་ཐེངས་གསུམ་ལ་མཇལ་འཕྲད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས“ བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལས་བོད་རང་བཙན་རྩོད་ཀྱིན་མེད”ཅེས་ག་ཚོད་གསུངས་གནང་ཡང་། རྒྱ་ནག་གཞུང་གིས་ད་དུང་ཡང༧གོང་ས་མཆོག་ནི་ཉེན་ཁ་ཆེ་བའི་ཁ་བྲལ་བ་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་། ༧གོང་ས་མཆོག་དང་མཇལ་འཕྲད་གནང་མཁན་ཕྱི་རྒྱལ་གྱི་དབུ་ཁྲིད་ཚོར་ནམ་རྒྱུན་སྐྱོན་བརྗོད་བྱེད་ཀྱིན་ཡོད།