
ཕྱི་ལོ ༢༠༡༥ཟླ ༢ ཚེས ༥། རེས་གཟའ་ཕུར་བུའི་ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་དུ་མངོན་པར་མཐོར་བཏགས་ཀྱི་ལོ་འཁོར་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་སྟེང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གནང་བ་ལས། དངོས་སུ་མཇལ་འཕྲད་གནང་མེད། དེ་འདྲའི་བཀོད་སྒྲིག་ནི་རྒྱ་ནག་དང་ཨ་རིའི་འབྲེལ་བར་འགལ་ཟླ་ཆེར་མི་ལྷགས་པ་བྱས་པར་ངོས་འཛིན་བྱས་ཆོག
ཨ་རིའི་ལོ་རེར་ཐེངས་རེར་ཚོགས་སྲོལ་ཡོད་པའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས(National Prayer Breakfast)ནི་ཆབ་སྲིད་དང་ཆོས་ལུགས་དབུ་ཁྲིད། གྲགས་ཅན་མི་སྣ་ལྷན་འཛོམས་ཤིག་ཡིན་ཞིང་། དེ་རུ་ཨ་རི་དང་རྒྱལ་སྤྱིའི་དབུ་ཁྲིད ༣༦༠༠ལྷག་ལྷན་འཛོམས་བྱུང་ཡོད།
སྲིད་འཛིན་ཨོ་བྷ་མས“གྲོགས་མཆོག”ཏཱ་ལའི་བླ་མར་དམིགས་བསལ་གྱི་དགའ་བསུ་ཞུས་ཡོད་ཅིང་། ཚོགས་ཞུགས་པ ༣༦༠༠འི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཏམ་བཤད་སྟེགས་བུའི་ཆེས་ཐག་ཉེ་སའི་མདུན་དུ་བཞུགས་ཡོད་པ་དང་། ལྷན་ཚོགས་མདོ་འཛིན་པས་དམིགས་བསལ་ངང༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྷན་ཚོགས་ལ་ངོ་སྤྲོད་ཞུས་དུས། ཨོ་བྷ་མས་ཕྱག་གཉིས་ཐལ་མོར་སྦྱར་ནས་ཧ་ཅང་དད་ཅིང་གུས་པའི་ཚུལ་གྱིས་དབུ་མར་གུག་གུག་གནང་ནས་གུས་འདུད་ཞུས་རྗེས་ཕྱག་གཡུག་གཡུག་གིས་དགའ་བའི་འཛུམ་དང་བཅས་ཀྱིས༧གོང་ས་མཆོག་ལ་འཚམས་འདྲིའི་རྣམ་འགྱུར་བཏོན་ཡོད་པ་རེད།
དེ་བཞིན་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གསུང་བཤད་གནང་སྐབས། “ངས་དམིགས་བསལ་དགའ་བསུ་ཞུ་འདོད་པ་ཞིག་ནི། ངའི་སྙིང་ཉེ་བའི་གྲོགས་མཆོག༧གོང་ས༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་ནི་ནུས་ལྡན་སྟོབས་ཆེན་གྱི་མ་དཔེ་དེ་ཡིན་ལ། ཁོང་གིས་བྱམས་སྙིང་རྗེའི་མཚོན་དོན་མངོན་པར་གསལ་ཡོད། ཁོང་གིས་འགྲོ་བ་མི་ཡོངས་ཀྱི་རང་དབང་དང་རྩིས་ཐང་གི་ཆེད་དུ་སྨྲ་བ་ཤུགས་ཆེན་བརྗོད་རྒྱུར་ང་ཚོར་སྐུལ་མ་བྱེད་ཀྱིན་ཡོད། དེ་སྔོན༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐེངས་ཁ་ཤས་བྱུང་ལ། དེ་རིང༧གོང་ས ༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཡོངས་སྨོན་ལམ་ལྷན་ཚོགས་སྟེང་མཉམ་ཞུགས་མཛད་པར་དགའ་ཚོར་ཆེན་པོ་སྐྱེས།” ཞེས་ གསུངས་འདུག
འདི་ནི༧གོང་ས་མཆོག་དང་ཨོ་བྷ་མ་དབུ་ཁྲིད་རྣམ་གཉིས་ཡོངས་ཁྱབ་བྱེད་སྒོ་ཞིག་ཏུ་མཉམ་ཞུགས་གནང་པ་ཐེངས་དང་པོ་རེད།
སྲིད་འཛིན་ཨོ་བྷ་མའི་བློས་འཁེལ་སློབ་སྟོན་པ་ལྕམ་བཱ་ལེ་རེ་ཡ ཧྭོ་རེ་ཊ་དང༧གོང་ས་མཆོག་གཉིས་སྒྲོག་རྩེ་གཅིག་གི་སྟེང་གོ་སྒྲིག་བྱས་ཡོད་པ་དང་། དེ་ཡིས་ཕོ་བྲང་དཀར་པོས་བོད་དོན་དང༧གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཡོད།
འདིའི་སྔོན་དུ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་འཛིན་ཨོ་བྷ་མ་དབུ་ཁྲིད་རྣམ་གཉིས་ཕྱི་ལོ ༢༠༡༠དང་། ༢༠༡༡། ༢༠༡༤བཅས་ཐེངས་གསུམ་ལ་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེ་དག་ཆོས་ལུགས་དབུ་ཁྲིད་ཅིག་གི་ངོ་བོས་མཇལ་འཕྲད་གནང་ཡོད་པ་རེད།
ཉེ་ལམ་ནས་བྱུང་བའི་རྣམ་པ་གསར་བ་ཞིག་ནི། ༧གོང་ས་མཆོག་ནུབ་ཕྱོགས་རྒྱལ་ཁབ་གང་དུ་ཆིབས་བསྒྱུར་གནང་ན་དེ་རུ་དོལ་རྒྱལ་རྗེས་འབྲང་བས་གྲུབ་པའི་ངོ་རྒོལ་བ་སྐོར་ཞིག་སླེབས་ཡོད་ལ། ད་ཐེངས་ཀྱང་དེ་ལས་མ་འདས། དོལ་རྒྱལ་རྗེས་འབྲང་བ་ཚོས་ལག་ཏུ“ཏཱ་ལའི་བླ་མ་རྫུན་མ་བཤད”ཅེས་བྲིས་པའི་འཕྲེད་དར་རེ་བཟུང་ནས་སྙིང་ཆུང་རྐུན་མས་ཁ་ཟས་ཟ་བ་བཞིན་དགུན་ཁའི་གྲང་ངར་དང་ཡུལ་མི་འགྲོ་འོང་གི་སྡང་མིག་འོག་འདར་སིག་སིག སྐྱོ་མདོག་མདོག མིག་ལྷབ་ལྷུབ་ཀྱིས་མགྲོན་ཁང་དང་རྒྱང་ཐག་རིང་སའི་གཞུང་ལམ་གྱི་ཕ་རོལ་ན་ཤི་མ་གསོན་གྱི་འུག་པའི་འདྲེ་སྐད། ཁྭ་ཏའི་ཐན་སྐད་སྒྲོག་བཞིན་ངོ་རྒོལ་གྱི་ངང་ཚུལ་བསྟན་ཡོད་ན་ཡང་། ཡ་མཚན་པ་ཞིག་ལ་ཁོང་ཚོའི་ལག་ན་བོད་ཀྱི་རྒྱལ་དར་དང་། བོད་དོན་དང་འབྲེལ་ཡོད་འབོད་སྐུལ་འཕྲེད་དར་སོགས་རིགས་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། བོད་རིགས་ཉུང་ཤས་ཤིག་ཡོད་པ་དེ་ཚོས་ལུས་ལ་གཅན་གཟན་ལྤགས་རིགས་ཀྱིས་གཡོགས་ནས་བོད་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་འཐུས་མིའི་སྣང་བརྙན་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་དུ་བཏོན་འདུག དོལ་རྒྱལ་བ་ཚོའི་བྱ་སྤྱོད་ལས། ད་ནི་ཆོས་ལུགས་ནང་ཁུལ་གྱི་གནད་དོན་ཙམ་མིན་པར་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཡོད་པའི་མ་ཚད། རྒྱ་གཞུང་གི་ལག་ཆ་རུའང་གྱུར་ཡོད་པ་མངོན་གསལ་དོད་པོ་རེད། བཟང་ངན་ཕན་གནོད་ཀྱི་དབྱེ་བ་ཙམ་ཡང་མི་ཤེས་ཤིང་། མ་མཐའི་འགྲོ་བ་མིའི་འགྲོ་ལུགས་ཙམ་ཡང་མེད་པའི་ཁེ་བཟང་བསླུ་བྲིད་འོག་འཚོ་བའི་དོལ་རྒྱལ་རྗེས་འབྲང་བ་དེ་དག རང་འགུལ་ངང་བོད་མི་དམངས་ཀྱི་ཁ་གཏད་དུ་ལངས་པ་རེད།
ཚོགས་ཁང་ཕྱི་རོལ་ན་དོལ་རྒྱལ་ངོ་རྒོལ་བ་ལས་གཞན་དང་བླངས་དགའ་བསུ་བའང་མང་པོ་འདུས་ཡོད་ཅིང་། བོད་དོན་ཞུ་གཏུག་དང༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དགའ་བསུ་ཞུ་མཁན་བོད་མིས་གཙོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགས་གྲུབ་པའི་བོད་དོན་ལས་འགུལ་དཔུང་ཚོགས་ཀྱིས་མགྲོན་ཁང་གི་མདུན་དུ། བོད་ཆེན་པོའི་གངས་དཀར་གཡུ་སེང་གི་རྒྱལ་དར་དང་། ༧གོང་ས་མཆོག་གི་མཐོང་གྲོལ་རིན་པོ་ཆེ་དགུང་དུ་འཕྱུར་ནས། རྒྱལ་སའི་དགུན་ཁའི་ལྷགས་རླུང་ཁྲོད། མི་རེའི་སེམས་ན་དྲོད་རེད། མི་རེའི་ངོ་ན་འཛུམ་རེ། དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ནས་དགའ་དགའ་སྤྲོ་སྤྲོས་བསུ་བ་རྒྱ་ཆེན་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱུན་སྲོལ་ལྟར་ལྷན་ཚོགས་དེར་སྐྱོན་བརྗོད་དང་ཆབས་ཅིག “ཏཱ་ལའི་ནི་ཆབ་སྲིད་ཡུལ་གྱར་བ་ཞིག་རེད། དུས་ཡུན་རིང་པོར་ཏཱ་ལའི་ཡི་ཆོས་ལུགས་ལ་ཁ་གཡར་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་ཡོད། རྒྱལ་ཁབ་སུ་ཞིག་གི་དབུ་ཁྲིད་གང་ཞིག་གིས་རྣམ་པ་གང་རུང་གི་ལམ་ནས་ཏཱ་ལའི་དང་མཇལ་འཕྲད་གནང་མི་ཆོག”ཅེས་ཉེན་བརྡ་བཏང་ཡོད་པ་དང་། དེའི་ཐད་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྗང བྷོའུ་ཙི་མན་ལགས་ཀྱིས། “བོད་མིའི་དབུ་ཁྲིད༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་ལྷན་ཚོགས་ཤིག་ཏུ་མཉམ་ཞུགས་གནང་རྒྱུར་རྒྱ་ནག་ལ་འབྲེལ་བ་ཐེ་གཏོགས་ཅི་ཡང་མེད།” ཅེས་བརྗོད་འདུག
༧གོང་ས་མཆོག་གིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ལས་བོད་རང་བཙན་རྩོད་ཀྱིན་མེད་ཅེས་ག་ཚོད་གསུངས་གནང་ཡང་། རྒྱ་ནག་གཞུང་གིས་ད་དུང་ཡང༧གོང་ས་མཆོག་ནི་ཉེན་ཁ་ཆེ་བའི་ཁ་བྲལ་བ་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་། ༧གོང་ས་མཆོག་དང་མཇལ་འཕྲད་གནང་མཁན་ཕྱི་རྒྱལ་གྱི་དབུ་ཁྲིད་ཚོར་ནམ་རྒྱུན་སྐྱོན་བརྗོད་བྱེད་རྒྱུ་དེ་རྒྱ་ནག་ཚང་གི་ལུགས་སྲོལ་རེད། ཡ་མཚར་བ་ཞིག་ལ། རྒྱལ་ནག་གཞུང་གིས་ནམ་རྒྱུན་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ལུགས་སུན་འབྱིན་དང་སྐྱོན་འཛུགས་བྱེད་ཀྱིན་ཡོད། འོ་ན། ཨ་རིའི་སྲིད་འཛིན་གྱིས་མི་སྣ་སུ་དང་མཇལ་འཕྲད་གནང་རྒྱུ་དང་། ཨ་རིའི་ལྷན་ཚོགས་གང་གི་སྟེང་མི་སྣ་སུ་གདན་འདྲེན་ཞུ་རྒྱུ་སོགས་ནི་ཨ་རིའི་ནང་སྲིད་རེད། དེ་བས། རྒྱ་ནག་གིས་ཅིའི་ཕྱིར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་དམ། དེ་ལ་ཁ་བཤད་དོན་ལ་མ་གནས་བ་དང་། ཚད་ཐིག་གཉིས་བཟུང་བ་ཟེར་བ་མ་རེད་དམ།
ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང༧གོང་ས་རྒྱལ་བ་རིན་པོ་ཆེ་དབུ་ཁྲིད་རྣམ་གཉིས་སྡིངས་ཆ་གཅིག་གི་སྟེང་ཡོངས་ཁྱབ་ངང་ཐོན་རྗེས། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གསར་འགོད་པ་གཉིས་མཉམ་འབྲེལ་གྱིས་ཁ་བྱང་ལ༼ཏཱ་ལའི་ལ་ཨ་རི་དང་རྒྱ་ནག་གི་རྣམ་པ་གསར་བའི་འབྲེལ་བར་གཏོར་བརླག་གཏོང་གི་མ་འཇུག༽ཅེས་པའི་དཔྱད་རྩོམ་ཞིག་བཏོན་ནས། ཨ་རི་གཞུང་དང། སྲིད་འཛིན་ཨོ་བྷ་མ། ༧གོང་ས་མཆོག་བཅས་ལ་སྡུག་རྭ་སུན་འབྱིན་དྲག་པོ་བྱས་ཡོད་མོད། དུས་ཚོད་འགའི་རྗེས་སུ་རྩོམ་ཡིག་དེ་ཞིན་ཧྭ་དྲྭ་རྒྱའི་སྟེང་སུབ་པའི་མ་ཚད། དྲྭ་ཚུགས་གཞན་དག་ཏུའང་སུབ་འདུག དེ་ལས་ང་ཚོས་འདི་ལྟ་བུ་ཞིག་ལ་བསམ་བློ་བཏང་ཆོག་པར་སྙམ། རྒྱ་ནག་དབང་འཛིན་ཚོགས་ཁག་ནང་ཁུལ་དུ་བོད་དོན་དང༧གོང་ས་མཆོག་ལ་ལྟ་ཚུལ་མཁྲེགས་ཡངས་གཉིས་ཡོད་པས། ལྟ་བ་ཅུང་གུ་ཡངས་ཡོད་པ་ཚོས་གོང་ཞུས་རྩོམ་དེའི་ནང་གི་དྲག་པོའི་སྡུག་རྭར་མོས་མཐུན་མེད་པ་མཚོན་ཡོད། གཞན་ཞིག་ནི་ཨ་རི་གཞུང་ལ་འཛིན་པའི་ལྟ་བར་ཡང་མཁྲེགས་ཡངས་གཉིས་ཡོད་པའི་ལྟ་བ་གུ་ཡངས་འཛིན་པའི་སྐོར་ཚོགས་ཀྱིས་དེ་འདྲའི་དྲག་པོའི་རྣམ་འགྱུར་སྟོན་འདོད་མེད་པས་སུབ་པ་ཡིན་རྒྱུ་རེད་བསམ་བྱུང་། དེ་མིན་ཨ་མེ་རི་ཀས་ཞི་ཅིན་ཕེང་ལོ་འདིའི་ནང་ཨ་རིར་འཚམས་གཟིགས་གནང་རྒྱུར་གདན་ཞུ་གནང་ཡོད་ལུགས་ཕྱི་ཚེས ༧ཉིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་བསྒྲགས་ཡོད་པས། གཞུང་གཉིས་ཀས་ཞི་ཅིན་ཕེང་གི་གཟིགས་སྐོར་ལ་གྲ་སྒྲིག་བྱེད་ཀྱིན་པའི་སྒང་ལ་སྡུག་ར་འཐེན་ས་མེད་པ་གསལ་བོ་རེད།
དེ་མིན་ཉེ་སྔོན་སྲིད་འཛིན་ཞི་ཅིན་ཕེང་ཚང་དང་འབྲེལ་བ་ཡག་པོ་ཡོད་ཟེར་བའི་རྒྱ་རིགས་ཚོང་པ་ཞིག་གིས་དབྱིན་ཇིའི་བྷེ་བྷེ་སེ་གསར་འགོད་པ་རང་ཤག་ཏུ་སྐད་བཏང་ནས་ཕྱི་ལོ ༢༠༡༢ ལོར་བཞུགས་སྒར་དྷ་རམ་ས་ལར ༧གོང་ས ༧རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་བའི་བརྙན་པར་ཞིག་དང་། དེ་མིན་ཁོང་གི་མཆོད་ཁང་ནང༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་སོགས་ཕྱིར་བསྒྲགས་པར་གཞིགས་ན། གཅིག་བགྱིས་ན་ཞི་ཅིན་ཕེང་གིས་བོད་དོན་ཐད་ཅང་ཙེ་མེན་དང་ཧོའོ་ཅིན་ཐའོ་དང་མ་འདྲ་བ་ལྟ་བ་ཞིག་འཛིན་ཡང་སྲིད། མ་མཐའ་ཡང་རྒྱ་རིགས་འབྱོར་ལྡན་པའི་ཁྲོད༧གོང་ས་མཆོག་ལ་དད་གུས་བྱེད་མཁན་ཡོད་པ་དང་། དེ་ཚོས་མངོན་གསལ་དོད་པོས་འབྲེལ་བ་དེ་ཕྱིར་འདོན་རྒྱུའི་ཁོར་ཡུག་ཅིག་ཡོད་པར་ངོས་འཛིན་བྱ་རུང་།
གང་ལྟར་ཨོ་བྷ་མས༧གོང་ས་མཆོག་ལ་ཡོངས་ཁྱབ་སྡིངས་ཆའི་སྟེང“ངའི་གྲོགས་མཆོག”ཅེས་ཆེ་བསྟོད་དང་གུས་འདུད་ཞུས་པ་དེས་རྒྱ་ནག་ལ་བརྡ་གསལ་བོ་ཞིག་བསྟན་པར་ངོས་འཛིན་བྱས་ཆོག་ལ། རྒྱལ་ཞེན་དང་ལྷག་བསམ་ཅན་གྱི་བོད་པ་ཚོར་མཚོན་ན། དེ་ནི་རྒྱལ་ཁ་ཞིག་ཅི་ལ་མིན།