དྷ་རམ་ས་ལ།

Dharamsala-1
དྷ་སའི་མཛེས་ལྗོངས་ཀྱི་ཟུར་གཅིག

༡༽དྷ་རམ་ས་ལ།
དྷ་རམ་ས་ལ་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་དང་། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར། བོད་མི་སྐྱབས་བཅོལ་བའི་གནས་ཚང་། གཞིས་བཞུགས་བོད་མི་ས་ཡ་དྲུག་གི་རེ་གནས། བོད་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱི་རྟེན་གཞི་བཅས་ཡིན།
དེ་སྔོན་བལྟས་མདོག་མེད་པའི་རི་ཁུག་ལུང་སྟོང་དེ་འཛམ་གླིང་མཚོ་ལྔ་གླིང་དྲུག་གི་ལྟད་མོ་བའི་ཚོགས་རྣམས་མ་བཏུས་རང་འདུས་ཀྱི་འདུ་ཡུལ་དུ་གྱུར་དོན་ནི། གནས་དེ་ན་དེང་གི་འཁྲུག་ཟིང་རྒོད་པའི་དུས་རབས་འདིར་ཤིན་ཏུ་རབ་ཏུ་སྨན་པའི་འཚེ་མེད་ཞི་བའི་བདག་ཉིད་ཅན། འཛམ་གླིང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཆེད་འབད་བརྩོན་མི་ལྷོད་པ་གནང་མཁན་སྐྱེས་བུ་མཆོག་ཏུ་གྱུར་བ་ཞིག བོད་མིའི་ཚེ་འདི་ཕྱི་གཉིས་ཀའི་སྐྱབས་མགོན༧གོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་ཡོད་པས་ཡིན་ལ་། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཅན་གྱི་མི་རིགས་ཤིག་གི་བསྡུས་གཟུགས་མཚོན་ཞིང་བཙན་པོའི་རྒྱལ་རྒྱུད་འཛིན་པའི་བཙན་བྱོལ་གྱི་ངོ་བོར་གནས་པའི་བོད་གཞུང་ཆགས་ཡོད་པས་ཀྱང་ཡིན།
གཤམ་དུ། སྐབས་སུ་བབ་པའི་བརྗོད་གཞི་དྷ་རམ་ས་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། དེ་ཡང་རི་བོ་ཇོ་མོ་གླང་མའི་ལྷོ་བྱང་ན་འགྱིང་བའི་སྟོད་ན་གངས་རི། བར་ན་རྫ་རི། སྐེད་ན་སྤང་རི། མཐའ་ན་ནགས་རི་ཆགས་པའི་ལྟ་བའི་ཆོག་མི་ཤེས་པའི་རྡོ་ལཱ་རི་རྒྱུད་དུ་འབོད་པའི་ཀློང་ན། རི་ཆུང་ཆུང་ཌ་རུ་འདྲ་བ་ཞིག་ཡོད་པ་དེ་ལ་རྒྱ་གར་ཡུལ་མིས་མེག་ལོད་གྷན་ཇེ(McLeod Ganj )ཞེས་འབོད་ཅིང་། མེག་ལོད་ཞེས་པ་ནི་དབྱིན་སྐད་ཡིན་ཞིང་། དབྱིན་ཇིའི་རུས་མིང་ཞིག་ཡིན་པ་དང། དེ་སྔོན་དབྱིན་ཇིས་རྒྱ་གར་དབང་བསྒྱུར་སྐབས་ས་ཁུལ་དེ་ནི་དབྱིན་ཇིའི་དམག་གི་ལྟེ་གནས་ཤིག་ཡིན་པས་དབྱིན་ཇིའི་རུས་མིང་དེ་ས་མིང་ལ་བཏགས་པ་ཡིན་སྲིད། གྷན་ཇེ་ཞེས་པ་ནི་རྒྱ་གར་གྱི་སྐད་དེ་གྲོང་ཚོ་ཞེས་པའི་དོན་རེད།
བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་དང་། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར་དགའ་ལྡན་ཕོ་བྲང། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒྲིག་འཛུགས། སློབ་གྲྭ། དགོན་པ། བོད་མི་སྐྱབས་བཅོལ་བའི་སྡོད་ཁང་། དེ་བཞིན་ས་གནས་རྒྱ་གར་དུད་ཁྱིམ་ཁ་ཤས་བཅས་རི་བོ་དེའི་གཡས་གཡོན་སྟེང་མཐའ་རུ་རིའི་ཆགས་རིམ་བཞིན་ཆགས་ཡོད།
དོན་དངོས་སུ། དྷ་རམ་ས་ལ་ཞེས་པ་དེ་མེག་ལོད་གྷན་ཇེ་ཞེས་པའི་ཌ་རུའི་དབྱིབས་དང་འདྲ་བའི་རི་བོ་དེའི་ཞོལ་ན་ཡོད་པའི་རྒྱ་གར་གྱི་གྲོང་བརྡལ་དེ་ལ་ཟེར་ཞིང་། རྒྱ་གར་སྐད་དུ་དྷ་རམ་ཞེས་པ་ཆོས་ཀྱི་དོན་ལ་འཇུག་ཅིང་། རྒྱ་གར་གྱི་སྐད་གདངས་ངོ་མ་ལྟར་ན་ས་ལ་མིན་པར་ཞཱར་ལ་ཟེར་བ་དང་། དེའི་དོན་ནི་ཁང་པའི་དོན་རེད། དེ་ལྟ་ན། དྷ་རམ་ས་ལ་ཞེས་པ་ནི་ཆོས་ཁང་ཞེས་པའི་དོན་ཡིན་ཞིང་།  སྔོན་ཆད་འགྲོ་ལམ་གྱི་ས་ཚུགས་སུ་ཁང་པ་ཆུང་ཆུང་རེ་བསྐྲུན་ཡོད་པ་དང་། དེ་ནི་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་ཚོར་ཞག་འདུག་ཆེད་བསྐྲུན་པ་ཞིག་དང་། ནང་སྒོས་སུ་ཆོས་ཞུ་བ་ཚོར་ལམ་བར་དུ་ཞག་སྡོད་བྱེད་རྒྱུར་དམིགས་ནས་བསྐྲུན་པའི་སྡོད་ཁང་ཡིན་ལ། དེང་སང་གི་སྐད་ཆས་བཤད་ན་བདག་པོ་མེད་པའི་མགྲོན་ཁང་རེད། དྷ་རམ་ས་ལ་ཞེས་པ་དང་རྒྱའི་ལོ་རྒྱུས་སུ་དམིགས་བསལ་གཞུང་ཡིག་དང་དམག་དོན་གསང་ཡིག དཔོན་རིགས་ཚོ་ལམ་བར་ནས་ངལ་གསོ་བྱེད་ས། བང་མིའི་ཞོན་རྟ་བརྗེ་སྤོར་བྱེད་སའི་ས་ཚུགས་ཡོད་པ་དེ་དང་ཆ་འདྲ། ཡིན་ན་ཡང་། དྷ་རམ་ས་ལ་ནི་གཞུང་དང་འབྲེལ་བ་མེད་པར་ཆོས་ཞུ་བའི་སྟབས་བདེ་དམིགས་པ་ཤར་སྟག་རེད།
༢༽དྷ་ས་དེ་ལྷ་ས་གཉིས་པར་གྱུར།
རྒྱ་ནག་དམར་ཤོག་པས་ཕྱི་ལོ ༡༩༤༩ ལོར་རྒྱ་ནག་དབང་བསྒྱུར་བྱས་རྗེས། བོད་ཀྱི་ཤར་ཕྱོགས་ཨ་མདོ་དང་། ཁམས་ཀྱི་ས་ཁུལ་དུ་བཙན་འཛུལ་དཔུང་འཇུག་གིས་ཆབ་མདོ་བར་དྲག་པོས་བཙན་འཛིན་བྱས་པ་དང་། ཕྱི་ལོ ༡༩༥༡ ལོར། བཙན་དབང་གཡོ་ཇུས་ལ་བསྟེན་ནས༼གྲོས་མཐུན་དོན་ཚན་བཅུ་བདུན༽ཟེར་བ་བཞག་ནས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས།  ཕྱི་ལོ ༡༩༥༩ ཟླ ༣ ཚེས ༡༠ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་ལོ་རྒྱུས་སུ༼ལྷ་སའི་གྱེན་ལངས༽ཞེས་པའི་བོད་མིའི་མ་བསྐུལ་རང་བྱུང་གི་རྒྱའི་བཙན་འཛིན་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས། ༧གོང་ས༧རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཁྲི་བརྒྱད་ལྷག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་རེད།
ཕྱི་ལོ ༡༩༥༩ ཟླ ༤ ཚེས ༢༤ཉིན། ༧གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་དེ་བཙན་བྱོལ་གྱི་ངོ་བོས་རྒྱ་གར་བྱང་ཕྱོགས་མཱ་སུ་རི་རུ་སྤོ་འཛུགས་གནང་བ་ཁྱབ་བསྒྲགས་གནང་ཞིང་། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རོ་ཡིས“‘བཙན་བྱོལ་བོད་གཞུང’ཞེས་མིང་བཏགས་ན་རྩ་བ་ནས་འགྲིག་གི་མ་རེད”ཅེས་མི་འདོད་པའི་རྣམ་འགྱུར་བཏོན་ཡང་། ༧གོང་ས་མཆོག་གིས“ངོས་དང་ངོས་ཀྱི་བཀའ་ཤག་གང་དུ་ཡོད་ན་དེར་བོད་རྒྱ་ཆེ་མི་དམངས་ཀྱིས་བོད་གཞུང་དུ་ངོས་འཛིན་བྱེད་ཀྱིན་ཡོད ”ཅེས་གསུངས་ནས་མཚན་གནས་སོར་འཇོག་གནང་པ་རེད།
ཕྱི་ལོ ༡༩༦༠ ཟླ ༥བར། བཙན་བྱོལ་བོད་གཞུང་དྷ་རམ་ས་ལར་གནས་མ་སྤོར་པའི་གོང་དུ། ༧གོང་ས ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ལྟར་སྐབས་དེའི་ལས་ཐོག་བཀའ་བློན་ཀུན་ཏི་གླིང་འོད་ཟེར་རྒྱལ་མཚན་ལགས་དྷ་རམ་ས་ལར་ཞིབ་བཤེར་ཆེད་ཕེབས་པ་དང་། ཁོང་ཕྱིར་མཱ་སུ་རིར་ཕེབས་ནས༧གོང་ས་མཆོག་ལ“དྷ་རམ་ས་ལའི་ཆུ་མཱ་སུ་རིའི་འོ་མ་ལས་ཀྱང་ཞིམ་པ་འདུག”ཅེས་སྙན་སེང་ཕུལ་། དེ་ནས་བཙན་བྱོལ་བོད་གཞུང་དེ་རྒྱ་གར་མཱ་སུ་རི་ནས་ད་ལྟའི་བོད་གཞུང་དང་གཞུགས་སྒར་ཆགས་སའི་དྷ་རམ་ས་ལར་སྤོར་བ་རེད།
འོན་ཀྱང་། འཕྱ་སྨོད་ཀྱི་གཞི་རུ་གྱུར་བ་ཞིག་ནི། དུས་ཡུན་ཐུང་ངུ་ཞིག་ལས་མ་འགོར་བར། “སྐུ་ངོ་ཀུན་ཏི་གླིང་གིས་མཱ་སོ་རིའི་འོ་མ་དྲན་ནས་མ་སྡོད་པར་ཕྱིར་མཱ་སུ་རིར་གནས་སྤོར་བ་རེད” ཅེས ༧གོང་ས་མཆོག་གི༼ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་དམངས༽ནང་བཀོད་འདུག
༣༽གཞུང་གི་སྒྲིག་འཛུགས།
བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དེ་ནི། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚང་མས་ཁྲིམས་མཐུན་གྱི་རང་གི་གཞུང་ལ་ངོས་འཛིན་བྱེད་ཀྱིན་ཡོད།
བཙན་བྱོལ་བོད་གཞུང་ལ་མ་ལག་ལས་ཁུངས་གཙོ་བོ། དམངས་གཙོ་ཀ་བ་གསུམ་དུ་འབོད་པའི་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཁྲིམས་བཟོ་ལྷན་ཁང་། འཛིན་སྐྱོང་བཀའ་ཤག་བཅས་དང་། ཁྲིམས་བཟོ་ལྷན་ཁང་ངམ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དེ་ཆོལ་ཁ་རེ་ལ་འཐུས་མི་བཅུ་རེ་དང་། ས་སྐྱ། དགེ་ལུགས། རྙིང་མ། བཀའ་རྒྱུད། བོན་བཅས་གྲུབ་མཐའ་རེ་ལ་འཐུས་མི་གཉིས་རེ། བྱང་ཨ་རི་དང་ཡོ་རུབ་ལ་འཐུས་མི་གཉིས་རེ་བཅས། དམངས་གཙོའི་འདེམས་བསྐོ་ལས་བྱུང་བའི་འཐུས་མི ༤༤ས་གྲུབ་པ་དང་། དེ་བཞིན་བཀའ་ཤག་ནི་འཛིན་སྐྱོང་སྡེན་ཚན་གྱི་སྤྱི་ཁྱབ་ལས་ཁུངས་མཐོ་ཤོས་དང་། བཀའ་ཤག་གི་སྟངས་འཛིན་འོག་བཀའ་བློན་ལས་ཁུངས་བདུན་ཡོད་པ་དག་ནི། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་སལ་ཁུངས་བཅས་ཡིན། དེ་མིན་འོས་བསྡུ་ལས་ཁང་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་རང་དབང་ཅན་གྱི་ལས་ཁུངས་གསུམ་བཅས་ཀྱིས་གྲུབ་ཡོད།
༤༽སྐུ་ཚབ་དོན་གཅོད་ཁང་།
བཙན་བྱོལ་བོད་གཞུང་ལ་རྒྱ་གར་དང་། བལ་ཡུལ། ཨ་རི། སུའུ་ཝེ་སི་ལནྡི། ཉི་ཧོང་། དབྱིན་ཇི། ཨུ་རུ་སི། བྷེལ་རྗེམ། ཧྥ་རན་སི། ལྷོ་ཨ་ཧྥི་རི་ཀ ཨོ་སི་ཊི་རེ་ལེ་ཡ། ཐེ་ཝན། བྷིར་ཛལ་བཅས་རྒྱལ་ཁབ་བཅུ་གསུམ་དུ་དོན་གཅོད་ཁང་བཙུགས་ཡོད།
༥༽གཞིས་ཆགས་དང་སློབ་གྲྭ།
རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་སུ་བོད་མིའི་གཞིས་ཆགས་ཁག ༥༦ ཡོད་ཅིང་། མི་དམངས་ཀྱི་འཚོ་རྟེན་གཙོ་བོ་ནི་སོ་ནམ་ཞིང་ལས་དང་། བཟོ་ཞིང་མཉམ་འབྲེལ་ལས་རིགས། རུམ་འཐག ཕྱི་ཚོང་། ཞབས་ཞུའི་ལས་རིགས། སུད་ཚོང་བཅས་ཡིན་པ་དང་། གོང་ཞུས་ཡུལ་གྲུ་དེ་དག་དུ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་ལྟ་སྐྱོང་འོག་སློབ་གྲྭ་ཆུང་འབྲིང ༧༧ དང་། སློབ་མ ༡༧༠༠༠ལྷག་ཡོད། དེ་མིན་བོད་ནས་འབྱོར་བའི་ལོ་ན་ཅུང་ཆེ་བ་དང་། སློབ་གྲྭ་འགྲོ་མ་མྱོང་པའི་ན་གཞོན་ཚོར་དམིགས་ནས་བྷེ་རས་སློབ་གྲྭ་དང་གསོག་སྒར་སློབ་གྲྭ་གཉིས་བཙུགས་ཡོད། དེ་བཞིན་སཱ་ར་མཐོ་སློབ་དང་། ནོར་གླིང་མཐོ་སློབ། ཝ་ར་ནཱ་སི་མཐོ། ཏཱ་ལའི་བླ་མ་མཐོ་སློབ་བཅས་མཐོ་རིམ་སློབ་གྲྭ་བཞི་ཡོད།
༦༽དགོན་སྡེ།
ཆོས་རིག་ལས་ཁུངས་སུ་དེབ་བསྐྱལ་བྱས་ཟིན་པ་རྒྱ་བལ་འབྲུག་གསུམ་ན་སེར་འབྲས་དགེ་གསུམ་གྱིས་གཙོས་གྲུབ་མཐའ་ཁག་གི་དགོས་པ ༢༢༣ ཡོད་པ་དང་། ཁྱོན་བསྡོམས་པའི་དགེ་འདུན་པ ༣༠༠༠༠ ལྷག་ཡོད། དེ་མིན་དེབ་བསྐྱལ་བྱས་མེད་མཁན་དང་། རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་པའི་དགོན་པའང་མང་པོ་ཡོད།
དགོན་སྡེ་དང་སློབ་གྲྭ། གྲྭ་པ་དང་སློབ་མའི་གྲངས་ཀ་བསྡུར་ཚེ། དགོན་པའི་གྲངས་ཀ་སློབ་གྲྭའི་གྲངས་ཀ་ལས་ལྡབ་གཅིག་གི་མང་པ་དང་། དགེ་འདུན་པའི་ཞལ་གྲངས་སློམ་མའི་གྲངས་ཀ་ལས་ལྡབ་གཉིས་ཀྱི་མང་བ་འདུག
༧༽གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེན་པོ་ལྔ།
༡༽བོད་ཀྱི་གཞོན་ནུ་ལྷན་ཚོགས། ༢༽བོད་ཀྱི་བུད་མེད་ལྷན་ཚོགས། ༣༽རྒྱལ་ཡོངས་དམངས་གཙོ་ཚོགས་པ ༤༽བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
༥༽བོད་རང་བཙན་སློབ་ཕྲུག་ཚོགས་པ།
༨༽གཞུང་གི་བསྒྲུབ་བྱ་གཉིས།
བཙན་བྱོལ་བོད་གཞུང་དབུ་བརྙས་པ་ནས་བཟུང་། གཞུང་འབྲེལ་བསྒྲུབ་བྱ་གཉིས་གཏན་འབེབས་བྱས་ཡོད་པ་དང་། གཅིག་ནི་བོད་མི་བཙན་བྱོལ་བའི་བདེ་དོན་ལ་གཟིགས་སྐྱོང་གནང་རྒྱུ། ཅིག་ཤས་ནི་བོད་ཀྱི་རང་དབང་སླར་གསོ་གནང་རྒྱུ།
བདེ་དོན་གྱི་ལས་གཞིའི་རྣམ་གྲངས་གཙོ་བོ་ནི། བོད་མི་དམངས་ཀྱི་ཤེས་ཡོན་འཕེལ་རྒྱས་གཏོང་རྒྱུ་དང་། དམངས་གཙོའི་ལམ་སྲོལ་སྲ་བརྟན་འཛུགས་རྒྱུ། བོད་མི་རྣམས་ཕྱི་རྒྱལ་གྱི་རོགས་རམ་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་པའི་སྤོབས་ཉམས་ལྡན་པའི་མི་རིགས་ཤིག་ཏུ་གྱུར་ཐབས་སུ་འབད་བརྩོན་གནང་རྒྱུ་བཅས་རེད།
དམངས་གཙོའི་ལམ་སྲོལ་སྲ་བརྟན་གནང་རྒྱུ་ནི། མ་འོངས་བོད་གསར་ཏུ་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་ཞིག་གི་ངོ་བོར་གྲུབ་ཡོད་ཅིང་། དེའི་འཕེལ་རིམ་ནང་། ཐོག་མར་ཕྱི་ལོ ༡༩༦༠ ཟླ ༩ ཚེས ༢ ཉིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་དང་། ཕྱི་ལོ ༡༩༩༠ ལོར ༧གོང་ས་མཆོག་གིས་དེ་བས་ཀྱང་ཟབ་བརླིང་ངང་དམངས་གཙོའི་འཕེལ་རིམ་ཡང་རྒྱས་དང་། བརྟན་ཚུགས་ཆེ་རུ་གཏོང་གནང་མཛད་ནས། སྤྱི་འཐུས་ཀྱི་གྲངས་འབོར་ཡང ༤༦ བར་སྤར་ཆ་གཏན་འབེབས་གནང་ཡོད་མོད། ད་ལྟ ༧གོང་ས ༧ རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐད་བསྐོས་སྤྱི་འཐུས་གསུམ་གྱི་ལམ་ལུགས་སྲོལ་མེད་པར་བཏང་ཡོད་ཅིང་། དེ་དང་འབྲེལ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གཏན་ལ་ཕབ་སྟེ། གྲོས་ཚོགས་ཀྱིས་འཛིན་སྐྱོང་བཀའ་ཤག་གི་འགན་འཛིན་བཀའ་བློན་རྣམས་འདེམས་བསྐོ་གནང་རྒྱུའི་འགན་དབང་ཆ་ཚང་བཞེས་རྒྱུ། དེ་བཞིན་བཀའ་བློན་རྣམས་ཀྱིས་གྲོས་ཚོགས་ལ་འགན་ཁུར་ལེན་གྱིས་ལས་དོན་ལས་སྙན་སེང་དང་། སྤྱི་འཐུས་རྣམ་པའི་དྲི་བར་གསལ་བཤད་ལན་འདེབས་གནང་དགོས་པ། དེ་མཚུངས་འཛིན་སྐྱོང་གིས་བཅའ་ཁྲིམས་དང་འགལ་པའི་དྲང་བདེན་མིན་པའི་ཐག་གཅོད་རིགས་གནང་ཚེ། བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉན་ཞིབ་རྩད་གཅོད་བྱས་ནས་ཐག་གཅོད་བྱེད་དགོས་པ་རེད།
༩༽ཆབ་སྲིད་འཕོ་འགྱུར།
ཕྱི་ལོ ༢༠༠༡ ལོར། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞུང་གི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ། བཀའ་བློན་ཁྲི་བ་བཙན་བྱོལ་རྒྱ་ཆེའི་མི་དམངས་ཀྱིས་ཐད་ཀར་གདམ་རྒྱུ་དང་། བདམས་ཐོན་བཀའ་བློན་ཁྲི་བས་ཕྱག་རོགས་བཀའ་བློན་བདུན་ལས་མི་མང་བ་མིང་འདོན་བྱ་རྒྱུ་དང་། མིང་འདོན་བཀའ་བློན་འོས་མི་དག་ལ་སྤྱི་འཐུས་ངོ་ཡོད་རྩ་འབོར་གྱི ༥༠% ཡན་གྱི་རྒྱབ་སྐྱོར་ངོས་ལེན་དགོས་པའི་སྒྲིག་གཞི་གཏན་འབེབས་དང་ལག་བསྟར་བྱས་པ་རེད།
དེ་ལྟར་མི་དམངས་ཀྱིས་ཐད་ཀར་འོས་བསྡུ་ལས་བཀའ་བློ་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཕྱི་ལོ ༢༠༠༡ ལོའི་ཟླ ༩ ཚེས ༥ ཉིན་བོད་ཀྱི་ལོ་རྒྱུས་སུ་མི་དམངས་འོས་བསྡུ་ལས་བྱུང་བའི་བཀའ་བློན་ཁྲི་བ་ཐོག་མ་རུ་གྱུར་ནས་ལས་ཁུར་དམ་བཅའ་ཕུལ་བ་རེད།
༧གོང་ས ༧ རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱེད་རྒན་ཡོན་གྱི་མཛད་པ་བཞེས་ནས་ལོ་བཅུའི་རྗེས་ཏེ། ཕྱི་ལོ ༢༠༡༡ ལོའི་ཟླ ༨ ཚེས ༨ཉིན། ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་མི་དམངས་ཀྱིས་བདམས་པའི་བཀའ་བློན་ཁྲི་བ་བློ་བཟང་སེང་གེར་བསྩལ་པ་དང་། གསར་བདམས་བཀའ་བློན་ཁྲི་བ་དེ་བཀས་བཀོད་པའི་བློན་པོ་མིན་པར་དམངས་གཙོའི་འོས་བསྡུའི་ལམ་ནས་བྱུང་བ་གང་ཞིག་ལ། བཀའ་བློན་ཁྲི་བ་ཞེས་པའི་མཚན་གནས་ཀྱང་སྲིད་སྐྱོང་དུ་བསྒྱུར་བའི་མ་ཚད། དགའ་ལྡན་ཕོ་བྲང་ནི ༧གོང་ས་ཏཱ་ལའི་བླ་མ་རིམ་བྱོན་གྱི་ཕོ་བྲང་གི་མཚན་གནས་ཡིན་པ་དང་གཅིག གཞན་ཡང་འབྱུང་འགྱུར་བྱུང་སྲིད་པའི་གནད་དོན་འགར་གཞིགས་ནས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་ཐོབ་དེའང་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་གནང་བ་རེད།
༧གོང་ས ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐད་ནས་འགན་དབང་བཞེས་མེད་ཀྱང་། བོད་ཀྱི་བཅའ་ཁྲིམས་སུ། “༧གོང་ས༧སྐྱབས་མགོན་བཅུ་བཞི་བ་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མི་རིགས་ཀྱི་ངོ་བོ་དང་། དེའི་ཆིག་བསྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་འབོད་སྒྲ་བཅས་ཡིན།” ཞེས་བཀོད་ཡོད་པ་རེད།
༡༠༽མི་འབོར།
ད་ལྟའི་ཆར། རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་ཡོངས་སུ་བོད་མི་སྐྱབས་བཅོལ་བ ༡༣༠༠༠༠ ཙམ་ཡོད་དང་། རྒྱ་གར་ན་བོད་མི་སྐྱབས་བཅོལ་བ ༩༤༢༠༣ ཡོད་པ་དང་། བལ་ཡུལ་ན་བོད་མི་སྐྱབས་བཅོལ་བ ༡༣༥༡༤ ཡོད། འབྲུག་ཡུལ་ན་བོད་མི་སྐྱབས་བཅོ་བ ༡༢༩༨ ཡོད། དེ་མིན་འཛམ་གླིང་རྒྱལ་ཁབ་ལྔ་བཅུ་ལྷག་གི་ནང་བོད་མི་སྐྱབས་བཅོལ་བ ༢༠༠༠༠ ལྷག་འཚོ་གནས་བྱེད་ཀྱིན་ཡོད།
མཆན། བཙན་བྱོལ་བོད་མིའི་མི་འབོར་གྲངས་ཀ་དེ་བོད་གཞུང་གིས་ཕྱི་ལོ ༢༠༡༠ ལོར་སྤེལ་བའི་མི་འབོར་ཞིབ་བཤེར་ལས་དོན་སྙན་ཐོར་གཞི་བཅོལ་བ།