
ཞིན་ཅང་ཨག་སོའུ་པེ་ཁྲིན་རྫོང་དུ་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐའ་ཡང་མི ༡༧ རྐྱེན་འདས་སུ་ཕྱིན་འདུག
དེ་ཡང་ཨེ་ཞི་ཡ་རང་དབང་རླུང་ཁང་གི་ཡུ་གུར་སྡེ་ཚན་གྱིས་ཕྱི་ཚེས ༢༡ ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཐེངས་འདིའི་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཁྲོད་རྒྱ་གཞུང་གི་ཉེན་རྟོག་པ་བཞི་དང་། འཇབ་རྒོལ་བ་དགུ། དེ་མིན་ཉེན་རྟོག་པས་ནོར་ནས་བསད་པའི་མང་ཚོགས་བཞི་བཅས་ཁྱོན་བསྡོམས་པའི་མི ༡༧ རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ས་གནས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་མིང་ལ་ཐོར་ཏཱ་ཧན ཐོ་ཧྭི་ཏེ་ཟེར་བས་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་ལ། ཕྱི་ཚེས ༡༧ཉིན། ཉེན་རྟོག་པས་པེ་ཁྲིན་རྫོང་དུ་ཁྱིམ་ཚང་ཞིག་ལ་ཞིབ་བཤེར་སྐབས་སུ་མི་སྐོར་ཞིག་གིས་ལག་ཏུ་གྲི་བཟུང་ནས་འཇབ་རྒོལ་བྱས་པ་དང་། ཁྱིམ་ཚང་དེ་རུ་ཡུ་གུར་བ ༡༠ ལྷག་ཡོད་པ་དང་། ལག་ན་ལག་ཆ་བཟུང་མེད་པའི་ཉེན་རྟོག་པ་ཚོ་ཕྱིར་ཉེན་རྟོག་ལས་ཁུངས་སུ་འབྲོ་བའི་ལམ་བར་དུ་གྲིས་བརྒྱབས་ནས་བསད་པ་རེད། དེ་ནས་ཉེན་རྟོག་པ་གཞན་རྣམས་ཀྱིས་མེ་མདས་བརྒྱབས་ནས་འཇབ་རྒོལ་བ་དགུ་བསད་པ་རེད། ཅེས་དང་། ཡང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་དེས་འཁྲུག་འཛིང་དོན་རྐྱེན་བྱུང་རྗེས། མང་ཚོགས་དཀྱུས་མ་གཉིས་དང་། ས་གནས་སྨན་ཁང་གི་འགོ་ཁྲིད་ཅིག་དང་ཁོང་གི་བུ་མོ་བཅས་མི་བཞི་དོན་རྐྱེན་བྱུང་ས་ནས་གསོན་ཐབས་སུ་བྲོས་འགྲོ་བའི་སྐབས་སུ་འཇབ་རྒོལ་པར་ནོར་ནས་ཉེན་རྟོག་པས་བསད་པ་རེད། ཅེས་འགྲེལ་བརྗོད་གནང་འདུག
དོན་རྐྱེན་དེའི་ཐད་འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཏེལ་ཞ་ཐི་ཡིས་རྒྱ་གཞུང་གིས་ཞིན་ཅང་ས་ཁུལ་དུ་གཞི་རྒྱ་ཆེན་པོས་ཡུ་གུར་བ་དམར་གསོད་དང་རྡུང་རྡེག་ཚ་ནན། འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་ཀྱིན་ཡོད། ཅེས་སིན་འབྱིན་དང་སྐྱོན་བརྗོད་འདུག
རྒྱ་རིགས་དང་ཡུ་གུར་བའི་བར་འགལ་ཟླ་བྱུང་ནས་ཞིན་ཅང་དེ་རྒྱ་ནག་གི་གནད་དོན་ཛ་དྲག་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་དང་། ཡུ་གུར་བ་ཚོར་ཡུ་གུར་བའི་རིག་གཞུང་དང་། སྤྱི་ཚོགས། དཔལ་འབྱོར་ཐད་མཐོང་ཆུང་། རྒྱ་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ངང་སྤེལ་བའི་རྒྱ་རིགས་འབོར་ཆེན་ཞིན་ཅང་ས་ཁུལ་དུ་གཞི་སྤོའི་སྲིད་ཇུས་ཀྱིས་ས་གནས་ཡུ་གུར་བ་སྤྱི་ཚོགས་ཀྱི་མཐའ་རུ་དེད་པའི་ཚོར་བ་དྲག་པོ་ཡོད་པ་དང་། རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཡར་ནས་ཡུ་གུར་མི་རིགས་ལ་རྡུང་རྡེག་ཚ་ནན་བྱས་དང་བྱེད་ཀྱིན་པ་རེད།