
རྒྱ་ནག་གཞུང་གིས་རྒྱ་གར་སྲིད་བློན་མའོ་དྷེ་རྩོད་གཞི་ཡོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་ཁུལ་དུ་གཟིགས་སྐོར་ལ་ཕེབས་པར་ངོ་རྒོལ་དྲག་པོ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱ་སྤྱོད་དེ་ས་མཚམས་ཀྱི་གནད་དོན་འོས་འཚམས་ངང་ཐག་གཅོད་བྱ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གནོད་པ་ཡོད་ལུགས་བརྗོད་འདུག
ཕྱི་ཚེས ༢༠འི་ཉིན། རྒྱ་གར་གྱི་སྲིད་བློན་མའོ་དྷི་ལགས་རྒྱ་གར་བྱང་ཤར་ས་མཚམས་ཨཱ་རུ་ན་ཅལ་མངའ་རུ་གཟིགས་སྐོར་དུ་ཕེབས་ནས། མངའ་སྡེའི་དྲན་རྟེན་ཁང་གསར་བཞེངས་དང་ལྕགས་ལམ་ལེགས་འགྲུབ་མཛད་སྒོ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
རྒྱ་གར་གྱི་ཨཱ་རུ་ན་ཅལ་མངའ་སྡེ་ཟེར་བ་དེ་བོད་སྐད་དུ་མོན་རྟ་དབང་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་ན་ཡོད་ཅིང་དེ་སྔ་བོད་ཀྱི་ས་ཆ་ཡིན།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲོན་ཡིན་གྱིས་ཕྱི་ཚེས ༢༠ ཉིན། རྒྱ་ནག་གཞུང་གི་དུས་དང་རྣམ་པ་ཀུན་ཏུ་ཨཱ་རུ་ན་ཅལ་མངའ་སྡེ་ཟེར་བར་ངོས་ལེན་མེད། རྒྱ་གར་གྱི་དབུ་ཁྲིད་ཚོ་རྩོད་གཞི་ཅན་གྱི་ས་ཁུལ་དུ་གཟིགས་སྐོར་ལ་ཕེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱ་གར་ལ་འབྲེལ་གཏུག་ནན་མོ་བཏོན་ཡོད། ཅེས་བརྗོད་འདུག
ཕྱི་ལོ ༡༩༡༤ལོར་བོད་དང་རྒྱ་གར་ཀྱི་ས་མཚམས་སུ Mac Mohan ས་ཐིག་ཟེར་བ་གསར་དུ་རྟགས་བརྒྱབས་ནས། སྐབས་དེར་བོད་ཀྱི་ས་ཆ་མོན་རྟ་དབང་ཧྲིལ་བོ་རྒྱ་གར་གྱི་ས་ཁོངས་སུ་བཅུགས་པ་དང་། དེ་ནས་ཕྱི་ལོ ༡༩༨༧ ལོར། རྒྱ་གར་གྱིས་མོན་རྟ་དབང་ས་ཁུལ་དུ་ཨཱ་རུ་ན་ཅལ་མངའ་སྡེ་ཟེར་བ་བཙུགས་པ་རེད།