
རྒྱལ་ལོའི་སྨོན་ལམ་གྱི་ཉིན་མོར་རྗེ་སྐུ་འབུམ་དགོན་པས་སྲོལ་རྒྱུན་ལྟར་མེ་ཏོག་མཆོད་མཇལ་འགྲེམས་སྟོན་གནང་ཡོད་པ་དང་། རྒྱ་གཞུང་གིས་དམག་མི་འབོར་ཆེན་མངགས་ནས་ལྟ་སྲུང་ནན་མོ་བྱས་ཡོད་འདུག
ལོ་རེ་རེའི་རྒྱལ་ལོའི་སྨོན་ལམ་ཆེན་མོར་རྗེ་སྐུ་འབུམ་དགོན་པས་ཆོས་ཕྱོགས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་སྲོལ་ཡོད་པ་དང་། ནང་སྒོས་སུ་སྐད་གྲགས་ཆེ་བའི་མེ་ཏོག་མཆོད་མཇལ་འགྲེམས་སྟོན་བྱེད་སྲོལ་ཡོད་པས། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་མཇལ་བ་དང་ལྟད་མོ་བ་སྟོང་ཕྲག་མང་པོ་སྐུ་འབུམ་དུ་མཛོམས་ཀྱིན་ཡོད།
སྤྱི་ཚོགས་འབྲེལ་གཏུག་དྲྭ་བར་ཁྱབ་པའི་འདྲ་པར་དང་བརྙན་པར་སོགས་གནས་ཚུལ་ལ་གཞིགས་ན། རྗེ་སྐུ་འབུམ་དགོན་པའི་ཕྱི་ནང་གང་སར་རྒྱ་གཞུང་གི་ཉེན་རྟོག་དྲག་ཆས་དམག་མིས་གང་ཡོད་པས། ཕར་བལྟས་ཚོད་ཀྱིས་མཇལ་དང་ལྟད་མོ་བ་ལས་དམག་མི་མང་པའི་ཚོར་བ་ཞིག་ངང་གིས་བསླེབ་ཡོང། གོང་ཞུས་གནས་ཚུལ་དེའི་ཐད། ད་ལྟ་ཨ་རི་ན་བཞུགས་པའི་སྐུ་འབུམ་དགོན་པའི་མཁན་པོ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་གསུངས་རྒྱུར། ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་བདེ་འཇགས་ཡོང་ཆེད་དམག་མིས་སྲུང་སྐྱོབ་བྱས་པར་བསམ་ཤེས་བྱེད་ཐུབ། ཡིན་ན་ཡང་། ཆབ་སྲིད་ཐབས་ལམ་གྱིས་མི་སེམས་འགུག་མི་ནུས་ལ་འཆམ་མཐུན་དེ་བས་ཀྱང་བསྐྲུན་མི་ཐུབ། མི་སེམས་དམག་གིས་བཏང་འཛིན་བྱེད་མི་ཐུབ་པས། སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་དང་། འདྲ་མཉམ་གྱི་སྲིད་ཇུས་ཤིག འོས་འཚམས་ཀྱི་རང་དབང་ཞིག དད་མོས་ལ་ཁག་ཐེག་ཡོད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་འདུག
དེ་བཞིན་སྤྱི་ཚོགས་འབྲེལ་གཏུག་དྲྭ་ལམ་དུ་དཔྱད་བརྗོད་མང་པོ་ཞིག་སྤེལ་ཡོད་པའི་ནང་ནས་གཅིག་གིས། སྐུ་འབུམ་དགོན་པའི་ཐང་ཆེན་དུ་མེ་མདའ་བཟུང་བའི་དམག་མི་འབོར་ཆེན་གྱིས་གང་ཡོད་པས། དེ་ཡིས་འཆམ་མཐུན་མཚོད་ཡོད་དམ། དེ་གར་དམག་འཁྲུག་ལངས་པ་རེད་དམ་ཞེས་བཀོད་ཡོད་པ་དང་། ཡང་གཞན་ཞིག་གིས། སྐུ་འབུམ་གཡུལ་ས་མ་རེད། ཁྱེད་ཚོས་སུ་ལ་བརྙས་བཅོས་བྱས་པ་ཡིན། ང་ཚོའི་སྐྱོན་ཆ་ང་ཚོས་བཅོས་བསྒྱུར་བྱེད། ཡིན་ན་ཡང་། ཁྱེད་རང་ཚོའི་སྐྱོན་ཆ་ངེས་པར་དུ་ཁྱེད་རང་ཚོས་བཅོས་བསྒྱུར་བྱེད་དགོས། དེ་ལྟ་བྱས་ན་ད་གཟོད་སྤྱི་ཚོགས་འཆམ་མཐུན་ཡིན། འཕེལ་རྒྱས་ཁྲོད་ཀྱི་བདེ་འཇགས་ཡིན། དེ་ལས་ལྡོག་ན། རིགས་སོ་སོའི་མི་དམངས་གླེན་པ་མ་རེད། རང་དོན་ཁོ་ནར་བསམ་པའི་འགོ་ཁྲིད་ཚོ། ཁྱེད་རང་ཚོའི་སྐྱོན་ཆའི་མཇུག་འབྲས་ཁྱེད་རང་ཚོས་འགན་འཁུར་དགོས། ཞེས་བཀོད་འདུག
རྗེ་སྐུ་འབུམ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་མེ་ཏོག་མཆོད་མཇལ་འགྲེམས་སྟོན་ཆོ་ག་ལ་ལོ་ངོ ༦༠༠འི་ལོ་རྒྱུས་ཡོད་པ་དང་། ལོ་རེ་རའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅོ་ལྔའི་མཆོད་མཇལ་ཉིན་ཆོས་ལུགས་དང་། ལོ་རྒྱུས། སྤྱི་ཚོགས་སོགས་བརྗོད་བྱ་བྱས་པའི་མར་གྱིས་བཟོས་པའི་མེ་ཏོག་མཆོད་མཇལ་ཞེས་པའི་སྒྱུ་རྩལ་འགྲེམས་སྲོལ་ཡོད་པ་རེད།
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་སྐོར་གྱི་གནས་ཚུལ་རྒྱ་གཞུང་གི་སྨྱན་བྱད་ཁག་ཏུ་སྤེལ་ཡོད་ཀྱང་ཉེན་རྟོག་དམག་མི་འབོར་ཆེན་ཆེད་མངག་གི་ལྟ་སྲུང་བྱས་ཡོད་པའི་སྐོར་ཚིག་གཅིག་ཀྱང་གླེང་མི་འདུག