
ཁ་བྲལ་ངོ་རྒོལ་གྱི་ཟ་མ་ཟ་མཁན་རྒྱ་གཞུང་གི་དཔོན་ངན་ཁེ་བཟང་ཤོག་ཁག་ལ་མཚོན་ན། བོད་དོན་ནི་དབང་ཆ་ཡིན་ལ་གོ་ས་ཡིན། རྒྱུ་ནོར་ཡིན་ལ། མ་ཁུངས་ཀྱང་ཡིན། ཕོན་ཆེ་བའི་ཁེ་བཟང་ཤོག་ཁག་དེའི་གྲལ་མགོ་ན་ཀྲུའུ་ཝེ་ཆོན་གྱི་རིགས་དག་གིས་བཏང་འཛིན་བྱས་ཡོད་པས། བོད་དོན་ཐག་གཅོད་ཀྱི་འགག་རྩ་གཙོ་བོ་ནི་ཁ་བྲལ་ངོ་རྒོལ་གྱི་ཟ་མ་ཟ་མཁན་ཞིང་ཆེན་དང་ལྷན་ཁང་རིམ་པའི་ལས་ཁུངས་ཉི་ཤུ་ལྷག་ཡོད་པ་དེ་ཡིན།
༧སྤྱི་ནོར ༧གོང་ས་མཆོག་གི་སྐུའི་དགོངས་གྲངས་ཇེ་མཐོར་ཕེབས་པའི་འགྲོས་དང་མཉམ་དུ། གང་ཉིད་གཞན་དོན་དུ་གཤེགས་རྗེས་དོན་དག་ཅི་ཞིག་བྱུང་སྲིད་པ་དང་། སྐྱེས་བུ་གང་འདྲ་ཞིག་གིས་སྐུའི་མཛད་པ་རྒྱུན་སྐྱོང་བྱ་རྒྱུར་སུ་ཡིས་ཐག་གཅོད་བྱེད་རྒྱུ་ནི་སྤྱིར་ན་འཛམ་གླིང་མི་དམངས་དང་། སྒོས་སུ་བོད་མི་སྐྱེ་བོ་གནམ་བསྟན་ཡོངས་ལ་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཆགས་ཡོད། སྐུའི་མ་འོངས་ཡང་སྲིད་སྐོར་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་ནས་གསལ་བོ་ཆགས་ཡོད། ཡིན་ན་ཡང་། རྒྱ་གཞུང་གིས“ཏཱ་ལའི་དུས་རབས་ཕྱི་མ”ཟེར་བའི་སྲིད་བྱུས་ཤིག་གཏན་འབེབས་བྱས་ཏེ་སྐུའི་སྐུ་ཚེ་སྨད་དུ་བོད་དོན་ལ་གདུང་ལེན་བྱེད་ཕྱོགས་དང་སྐུའི་ཡང་སྲིད་སྐོར་ལ་དོ་སྣང་ཆེ་ཙམ་བྱེད་ཀྱིན་ཡོད། རྒྱ་ནག་དེང་གཞུང་གིས་བོད་དོན་ཟེར་བ་ཞིག་མེད་པ་དང་། ཡོད་པ་ནི ༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་པས། ༧གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་མོར་བོད་དོན་ཟེར་བའང་མེད་པར་གྱུར་སྲིད་པར་ཡིད་ཆེས་བྱས་ཡོད།
མི་རྣམ་པས་བསམ་ཤེས་བྱེད་དཀའ་བ་ཞིག་ནི། ལྷ་མེད་སྨྲ་བ་རྒྱ་ནག་དམག་ཤོག་ཚོགས་པའི་དབུ་ཁྲིད་ཚོས ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་ཡང་སྲིད་ཐད་བོད་མི་དམངས་ལས་ཀྱང་སེམས་ཁུར་ཆེ་བ་བྱེད་ཀྱིན་པ་དེ་རེད། ཉེ་ལམ་པེ་ཅིང་དུ་བསྐོངས་པའི་ཚོགས་ཆེན་གཉིས་ཞེས་པའི་སྐབས་སུ་སེམས་ཁུར་དེ་ཡང་རྩེ་རུ་བསླེབས་ཡོད། སྐབས་དེར་རྒྱ་གཞུང་གི་དཔོན་རིགས་ཚོས“ཏཱ་ལའི་ལ་ཡང་སྲིད་ངེས་པར་དུ་ཡོད་དགོས”ཞེས་ཧམ་བཤད་བྱས་འདུག
བཙན་བཀའ་བརྒྱ་དང་སྟོང་། ཧམ་བཤད་ཁྲི་མ་འབུམ། རྒྱ་གཞུང་གི་དཔོན་རིགས་ཀྲུའུ་ཝེ་ཆོན་གྱི་བཤད་སྲོལ་དེ་ལས་ལྷག་པའི་ཧམ་བཤད་ཞིག་འཇིག་རྟེན་ཧྲིལ་བོར་བཙལ་ཡང་བརྙེད་དཀའ། དེ་ནི་རྒྱལ་མཁན་རྒྱལ་བོར་བཀུར་བའི་རིག་གནས་ལས་བྱུང་བའི་ཧམ་བཤད་ཅིག་དང་། དབང་བསྒྱུར་བའི་ང་རྒྱལ་ལས་བྱུང་བའི་ཧམ་བཤད་ཅིག་ཡིན་ཞིང། དེ་ནི་ཁོའུ་བྷ་ཡི་སྲིད་འཛིན་ཟུར་བ“ཧྥེ་ཌེལ ཁཱ་སི་ཊི་རོ་ཡིས་ངས་ཡེ་ཤུའི་བླ་ཆེན་རྗེས་མ་གདམ་རྒྱུ་ཡིན། ཡེ་ཤུའི་གནམ་བདག་ཆོས་ལུགས་པ་ཚང་མས་དེ་ངོས་ལེན་བྱེད་དགོས་ཅེས་པ་དང་གཉིས་སུ་མ་མཆིས”། དེ་བས། “ཏཱ་ལའི་ལ་ཡང་སྲིད་ངེས་པར་དུ་ཡོད་དགོས”ཞེས་པའི་སྐད་ཆ་དེ་ལྷ་མེད་སྨྲ་བ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་པོ་ཞིག་གི་ངག་ལས་ཐོན་པ་དེ་ཧ་ཅང་ཡ་མཚར་ཞིག་དང་དགོད་བྲོ་བ་ཞིག་མ་རེད་དམ།
ལོ་ཉི་ཤུའི་སྔོན་གྱི་ཕམ་ཁ་དེ་ཡང་བསྐྱར་འཁྲབ་ན་དགེ་མཚན་མཐོང་གི་འདུག་གམ། བོད་མི་ཡོངས་ཀྱིས་ངོས་ལེན་མེད་པ་མ་ཟད། ཐ་ན་རྒྱ་ནག་གཞུང་རང་གིས་ཀྱང་བོད་ཁུལ་དུ་མངག་རྒྱུར་ཡིད་ཆེས་མེད་པའི “རྒྱ་མིའི་པན་ཆེན” ཟེར་བ་ཞིག་ཡོད་བཞིན་དུ། དེ་ལས་བསླབ་བྱ་མི་ལེན་པར། དེའི་ཁར “རྒྱ་མིའི་ཏཱ་ལའི” ཟེར་བ་ཞིག་ཀྱང་དགོས་ན། དབང་ཆ་ནི་ཡོད། བཙན་ལ་ནི་དགའ། འཇིག་རྟེན་ཆོས་ཉིད་དང་འགལ་རྒྱུར་ངོ་མི་གནོང། བོད་མིའི་སེམས་སུ་སྡུག་གཅིག་གི་ཁར་གཉིས་འཇོག་རྒྱུར་ཅི་མ་སྙམ་པའི་ངན་དགུ་འཛོམས་པའི་དམར་ཚོགས་ཀྱིས་རང་གི “བཀྲ་མི་ཤེས་པའི་ཏཱ་ལའི་བླ་མ” ཞིག་ངོས་འཛིན་བྱས་ཆོག་ཆོག་རེད། དེ་འདྲ་ཡིན་མོད་ཀྱང་། དེ་ནི་ངལ་བ་འབྲས་མེད་ཀྱི་ལས་ཞིག་ལས་མ་འདས་པའི་མ་དཔེ་གསོན་པོ་ཞིག་ནི་དེ་རིང་གི“རྒྱ་མིའི་པན་ཆེན”ཟེར་བ་དེ་རེད།
དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་ནང་། ༧སྤྱི་ནོར ༧གོང་ས་མཆོག་གིས་གང་ཉིད་ཀྱི་མ་འོངས་ཡང་སྲིད་ཐད“ཏཱ་ལའི་བླ་མའི་ལམ་ལུགས་འདི་མུ་མཐུད་དུ་དགོས་མིན། རྒྱ་ཆེའི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས”། ཞེས་ལམ་སྟོན་གཏན་འབེབས་གནང་བཀའ་ཟིན་པ་དང་། ཡང་ཕྱི་ལོ ༡༩༩༧ ལོར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ“ཡང་སྲིད་ནི་སྐུ་གོང་མའི་མཛད་པ་མ་འགྲུབ་པ་དག་བསྒྲུབ་ཆེད་ཡིན་པས། གལ་སྲིད་བོད་དོན་བདེན་མཐའ་མ་གསལ་བའི་སྔོན་དུ་ངོས་རང་གྲོངས་པ་ཡིན་ཚེ། ངོས་ཀྱི་ཡང་སྲིད་དེ་རང་དབང་དང་དམངས་གཙོ་ལྡན་པའི་ཡུལ་གྲུ་ཞིག་ཏུ་འཁྲུངས་ངེས་ཡིན”ཞེས་གསལ་ཁ་ལུང་བསྟན་གནང་ཡོད་ཀྱང་། ལོ་སྔོན་མའི་ཕྱི་ཟླ ༡༢འི་ནང་དབྱིན་ཇིའི་བྷེ་བྷེ་སེ་གསར་ལས་ཁང་ལ། “མ་འོངས་པར་བཀྲ་མི་ཤིས་པའི་ཏཱ་ལའི་བླ་མ་ཞིག་མི་ཡོང་རྒྱུར་མི་སུ་གཅིག་གིས་ཀྱང་ཁག་ཐེག་བྱེད་མི་ཐུབ། དེའི་སྟབས་ཀྱིས། མི་རྣམས་པས་གུས་ཤིང་བཀུར་བའི་ཏཱ་ལའི་བླ་མ་ཞིག་ནས་གནའ་བོའི་སྲོལ་རྒྱུན་དེ་མཇུག་རྫོགས་ན་ཅིའི་མི་བཟང་”། ཞེས་གསུངས་ནས་ཏཱ་ལའི་བླ་མའི་ལམ་ལུགས་དེ་གང་ཉིད་ནས་མཇུག་རྫོགས་སྲིད་པའི་ཚུལ་བསྟན་པ་རེད། དེ་ནི་སྐུའི་ཡང་སྲིད་འཕྲོག་རྩོད་ཀྱི་གནས་སྟངས་ཇེ་དྲག་ཏུ་འགྲོ་བཞིན་པ་དང་། ཆབ་སྲིད་ལག་ཆ་རུ་གྱུར་བའི “རྒྱ་མིའི་པན་ཆེན” གྱི་ལས་དབང་ལ་དགོངས་ནས་གསུང་བ་ཞིག་ཡིན་སྲིད། གང་ལྟར། རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླངས་རྐྱེན་ནི་མཛད་པ་དེ་ཡིན་ཞིང་། གཙོ་ཆེ་ཤོས་ནི་མཛད་པ་དེས་རྒྱ་ནག་གཞུང་གི་སྲིད་ཇུས་འཐབ་ཕྱོགས་དཀྲིགས་པ་རེད། ཀུན་པོས་ཤེས་གསལ་ལྟར། རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ངོས་འཛིན་བརྒྱུད“ཆབ་སྲིད་ཀྱི་ལག་ཆ”ཞིག་ངོས་འཛིན་བྱས་ནས་རྒྱ་རིགས་ཀྱི་སྲོལ་རྒྱུན་ཆབ་སྲིད་སྐྱོང་སྲོལ“དགྲར་བརྟེན་ནས་དགྲ་འདུལ”པའི་ཐབས་ལམ་ལ་བསྟེན་ནས་བོད་ཁུལ་མུ་ནས་མུ་རུ་དབང་བསྒྱུར་བྱེད་རྒྱུའི་དམིགས་ཡུལ་བཅངས་ཡོད།
ཀྲུའུ་ཝེ་ཆོན་གྱི་བཤད་སྲོལ་ལྟར་ན། སྐུའི་ཡང་སྲིད་ཐད ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསུང་བརྗོད་རྒྱུའི་ཐོབ་ཐང་ཡང་མེད་པ་འདྲ། ཀྲུའུ་ཝེ་ཆོན་གྱིས“ཏཱ་ལའི་བླ་མར་ཡང་སྲིད་ཡོད་ཀྱང་ཆོག་མེད་ཀྱང་རུང་། ཐག་གཅོད་དབང་ཆ་རྒྱ་ནག་དབུས་གཞུང་ལ་ཡོད།”ཅེས་བཙན་བཤད་དང་ཆབས་ཅིག ཏཱ་ལའི་བླ་མས་ཡང་སྲིད་ཡོང་མིན་གྱི་བཤད་སྟངས་དེ་ཆབ་སྲིད་ཀྱི་ཆ་ནས“མེས་རྒྱལ”ལ་ངོ་ལོག་པ་དང་། ཆོས་ལུགས་ཀྱི་ཆ་ནས་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཏཱ་ལའི་བླ་མའི་རྒྱུད་འཛིན་ལམ་ལུགས་དང་འགལ་ཡོད། སྤྱིར་ན་དེ་ནི “ལྐོག་ཇུས་ངན་གཡོ”ཞིག་རེད། ཅེས་ངོས་འཛིན་དང་སྐྱོན་བརྗོད་བྱས་ཡོད།
“ཆོས་ལུགས་དུག་རེད”ཟེར་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་པོ་ཚོས་སྐྱེ་འཆིའི་འཁོར་བ་བཤད་ནས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་སྲོལ་ལུགས་དེ་དམ་པོར་སྲུང་ཞོར་དུ། ཏཱ་ལའི་བླ་མའི་གང་ཉིད་ཀྱི་མ་འོངས་ཡང་སྲིད་ཐད་ཀྱི་དགོངས་ཚུལ་ལ་སུན་འབྱིན་སྐྱོན་བརྗོད་དང་དབང་ཡོད་ཐེ་གཏོགས་བྱེད་སྟངས་དེས་རྒྱ་ནག་དམར་ཤོག་ཚོགས་པའི་མེས་པོ་མཱར་ཁེ་སི་བར་དོའི་ཁམས་ན་སེམས་སྐྱོ་བཞིན་ཡོད་རྒྱུ་རེད་ལ། རྒྱ་ནག་གི་གསར་བརྗེ་ལམ་སྟོན་པ་བློ་མཐུན་མའོ་ཙེ་ཏུང་གནམ་བདེ་སྒོ་མོ་ཆེའི་ཤེལ་སྒམ་ནང་དུ་རྨི་ལམ་འཁྲུག་ཡོད་རྒྱུ་རེད།
ཡིན་ན་ཡང་། བོད་མིའི་སེམས་ན་ཡོད་པའི་ཏཱ་ལའི་བླ་མའི་གོ་ས་དེ་སུ་གཅིག་གིས་ཀྱང་ཚབ་བྱེད་མི་ཐུབ་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེར་མཚན་དམོད་དང་ཟུར་ཟ་ཅི་ཞིག་བྱས་ཀྱང་། དེ་ཡིས་བོད་མི་དམངས་ཀྱི་སྙིང་ལ་ཁབ་བཙུགས་པ་ནང་བཞིན་གནོད་ཀྱིན་ཡོད། དེ་བཞིན་དུ། ཏཱ་ལའི་བླ་མ་བཞུགས་དང་མི་བཞུགས་ནི་བོད་མིའི་མ་འོངས་པ་དང་བོད་དོན་འཐབ་རྩོད་ལ་གཞལ་དུ་མེད་པའི་ཤུགས་རྐྱེན་ཐེབས་སྲིད་པས། ཉི་མ་ཞིག་ལ ༧གོང་ས་མཆོག་མ་བཞུགས་པའི་དུས་ཚོད་དེ་གཅིག་བགྱིས་ན་བོད་ཁུལ་ཟང་ཟིང་དུ་འགུལ་བྱའི་སྣ་འདྲེན་དུ་འགྲོ་མི་སྲིད་པ་མིན།
ཀྲུའུ་ཝེ་ཆོན་ཟེར་བ་དེ་ཁ་ཡར་གྲགས་ན ༧གོང་ས་མཆོག་ལ་མཚན་དམོད་དང་། ཁ་ཡར་གྲགས་ན ༧གོང་ས་མཆོག་ལ་མཚན་དམོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་དམོན་བྱེད་རྒྱུ་དེ་ཀྲུའུ་ཝེ་ཆོན་ཟེར་བ་དེ་འཚོ་བའི་རིན་ཐང་ལྟ་བུར་གྱུར་ཡོད།
ཚོགས་ཆེན་གཉིས་སྐབས་ཀྱི་གསར་འགོད་གསར་བསྒྲགས་སྐབས་ཀྱི་ཧམ་བཤད་དང་མཚན་དམོད་རིགས་ཕུད་ནས་ཞིབ་ཏུ་བལྟས་ན། དོན་དག་གསར་བ་ཁ་ཤས་ཤིག་ཀྱང་འདུག དཔེར་ན། ལོ་སུམ་ཅུའི་ཡར་སྔོན་དུ ༧གོང་ས་མཆོག་གིས་བཏོན་གནང་བའི་བོད་དོན་ཐག་གཅོད་བྱེད་ཐབས་དབུ་མའི་ལམ་གྱི་ལྟ་གྲུབ་ལ་ཁྱད་ཆོས་སྟོན་པའི་ཚིག་སྟེ“མི་ལ་མགོ་སྐོར་གཏོང་སྤྱད”ཅེས་པ་སྦྱར་ནས“མི་ལ་མགོ་སྐོར་གཏོང་སྤྱད་དབུ་མའི་ལམ”ཞེས་བསྒགས་ཡོད་པ་དང་། དེ་མིན་ད་དུང “ངན་སྐུལ་གཏོར་བརླག་རིགས་ཀྱི་ལས་འགུལ་མཚམས་བཞག་ནས་ནན་ནན་ཏན་ཏན་གྱིས་དབུས་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་བྱས་ནས་གནད་དོན་ཁ་ཤས་ཐད་གོ་བསྡུར་བྱས་ཆོག ཡིན་ན་ཡང་། “བོད་ཆེན་པོ”ཟེར་བ་དང“མིང་དོན་མཚུངས་པའི་རང་སྐྱོང”ཟེར་བ་ལ་སོགས་པར་དབུས་གཞུང་གིས་གོ་བསྡུར་བྱེད་མི་སྲིད”། ཅེས་ཁ་ཚོན་བཅད་ནས་བཤད་ཡོད་པར་གཞིགས་ན། བཙན་བྱོལ་བོད་གཞུང་གི་བོད་དོན་ཐག་གཅོད་ཐད་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་སྲིད་ཇུས་ཡོད་དོ་ཅོག་རྩིས་མེད་རྣམ་གཅོད་བྱས་ཡོད་འདུག
“མིང་དོན་མཚུངས་པའི་རང་སྐྱོང”ནི་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་བོད་གཞུང་གི་བཀའ་བློན་ཁྲི་བ་ཡིན་དུས་བོད་གཞུང་གིས་རྒྱ་གཞུང་ལ་ཕུལ་བའི༼བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽ཞེས་པའི་བརྗོད་བྱ་གཙོ་བོ་དེ་ཡིན་ལ། བོད་རྒྱ་འབྲེལ་མོལ་གྱི་རྨང་གཞི་དང་གཞི་རྩའི་གྲོས་གཞིའི་ཡང་སྙིང་ཡང་དེ་ཡིན། གོང་ཞུས་ཀྲུའུ་ཝེ་ཆོན་གྱི་ལབ་ཚོད་ལ་གཞིགས་ན། བོད་རྒྱ་འབྲེལ་མོལ་གྱི་རྨང་གཞི་དང་གྲོས་གཞི་གཏོར་ཟིན་པས། ད་ནི་དངོས་གནས་བསྐྱར་ཞིབ་དང་བསམ་བློ་གཏོང་རན་གྱི་དུས་ཤིག་ལ་བསླེབས་མི་འདུག་གམ།
རྩ་བའི་ཆ་ནས ༧གོང་ས་མཆོག་གི་སྐུའི་སྒེར་གནས་ཐད་གྲོས་རྒྱུ་མེད་ལ་མོལ་རྒྱུ་དེ་བས་ཀྱང་མེད་མོད། རྒྱ་ནག་དབུས་གཞུང་གིས་དངོས་གནས་དྲང་གནས ༧གོང་ས་མཆོག་གི་སྐུ་སྒེར་གྱི་གནད་དོན་ཐད་གོ་བསྡུར་བྱེད་རྒྱུ་ཡིན་པ་བདེན་ན། ལོ་མང་རིང་བཏོན་པའི ༧གོང་ས་མཆོག་གི་རྒྱ་ནག་རི་བོ་རྩེ་ལྔ་རུ་གནས་མཇལ་ཆེད་ཕེབས་རྒྱུའི་དགོངས་ཚུལ་དེ་ད་བར་དུ་ལྷག་དོན་ཅི་ཞིག་ཡིན་ནམ།
ཀྲུའུ་ཝེ་ཆོན་ཟེར་བས་གསར་འགོད་གསལ་བསྒྲགས་སྐབས། “རྒྱལ་ཁབ་ཁ་བྲལ”དང་། “མི་མགོ་སྐོར་གཏོང་སྤྱད་ཀྱི་དབུ་མའི་ལམ”།“བོད་ཆེན་པོ”“མིང་དོན་མཚུངས་པའི་རང་སྐྱོང་”སོགས་ལས་བོད་རང་བཙན་ཞེས་ཚིག་གཅིག་ཀྱང་གླེང་མེད་སྲོལ་ལ་གཞིགས་ན། དོན་གྱི་རྒྱ་ནག་དབུས་གཞུང་གིས བོད་གཞུང་དང་༧གོང་ས་མཆོག བོད་མི་དམངས་ཀྱིས་བོད་རང་སྐྱོང་ལས་བོད་རང་བཙན་རྩོད་ཀྱིན་མེད་པའི་དངོས་ཡོད་བདེན་དོན་ལ་ཡིད་ཆེས་བྱས་ཡོད་པ་འདྲ།
གང་ལྟར། ལོ་རེར་ཐེངས་རེར་ཚོགས་སྲོལ་ཡོད་པའི་ཚོགས་ཆེན་གཉིས་ཟེར་བ་དེས་རྒྱ་ནག་རྒྱལ་ཡོངས་ཀྱི་སྲིད་ཇུས་གལ་ཆེན་རིགས་གཏན་འབེབས་དང་ཐག་གཅོད་བྱེད་ཀྱིན་ཡོད་པས། ཚོགས་ཆེན་སྟེང་གང་གཏན་འབེབས་བྱས་པ་དེ་ལོ་དེའི་སྲིད་ཇུས་ཁ་ཕྱོགས་ཡིན། དེར་བརྟེན། ཀྲུའུ་ཝེ་ཆོན་གྱིས་གང་བཤད་པ་དེ་ལ་སྣང་མེད་དུ་འཇོག་མི་རུང་པར་སྙམ།
དེ་མིན། ཀྲུའུ་ཝེ་ཆོན་ནི་ཕྱི་ལོ ༢༠༠༢ ནས ༢༠༡༠ བར་སྤེལ་བའི་བོད་རྒྱ་འབྲེལ་མོ་ཐེངས་བཅུའི་རྒྱ་གཞུང་གི་སྐུ་ཚབ་གཙོ་བོ་དེ་ཡིན་ལ། ད་ལྟ་ཀྲུའུ་ཝེ་ཆོན་ནི་རྒྱ་གཞུང་གི་བོད་དོན་ཐད་ཀྱི་དབང་གྲགས་མི་སྣ་གཙོ་བོ་དེ་ཡིན།