
རྒྱ་ནག་འཐོར་ཞིག་གི་ལུང་བསྟན་དེ་ཁ་སང་དེ་རིང་གསར་ཏུ་བྱུང་བ་ཞིག་མིན། མ་མཐའ་ཡང་གྱ་དགུ་ལོའི་གནམ་བདེ་སྒོ་མོའི་ཆེ་སློབ་མའི་དམངས་གཙོའི་ལས་འགུལ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། དོན་རྐྱེན་དེའི་རྗེས་སུ་རྒྱ་བོད་ཕྱི་གསུམ་གྱི“ལུང་སྟོན་པ”རྣམས་ཀྱིས་མངོན་ཤེས་རིག་འདེད་ཀྱི་ཚུལ་གྱིས་རྒྱ་ནག་འཐོར་ཞིག་ལ་འགྲོ་བའི་དུས་ཚོད་ཁ་ཚོད་བཅད་ནས་ལུང་བསྟན་གནང་ཡོད་མོད། ལུང་བསྟན་དེ་དག་ཁ་ཐོག་དོན་ཐོག་ལ་སོང་མེད་པ་མ་ཟད། རྒྱ་ནག་ལོ་རེ་བསྡད་པའི་ཇེ་བརྟན་གྱི་ནམ་པ་ཤར་ཡོད། ཉེ་ཆར་ཨ་མེ་རི་ཀའི་རྒྱ་ནག་གི་མཐིལ་རྟོགས་མཁན་སྐོར་ཞིག་གིས་བརྒྱུད་ལམ་སྣ་ཚོགས་སུ་སྨྲ་བ་བརྗོད་ནས། ཞི་ཅིན་ཕེང་གི་སྲིད་འཛིན་སྐྱོང་སྟངས་ལ་ཡིད་ཐང་ཆད་པའི་རྣམ་འགྱུར་དང་མ་དགའ་བའི་སྐྱོན་བརྗོད་དྲག་པོ་དང་མཉམ་དུ“རྒྱ་ནག་གི་གོམ་ཁ་ས་སྲོས་སུ་ཕྱོགས”།“རྒྱ་ནག་ཚེ་སྨད་དུ་བསླེབས”། “རྒྱ་ནག་འཐོར་ཞིག་ཏུ་འགྲོ་གྲབས་ཡོད”ལ་སོགས་ལུང་བསྟན་གསར་བ་སྐོར་ཞིག་ཡང་བསྐྱར་བཏོན་ཡོད། ལུང་བསྟན་དེ་དག་ལ་དོ་སྣང་ཡོང་དོན་ནི། ལུང་ཅི་ཞིག་བསྟན་ཡོད་པར་མ་ཡིན་པར། རྒྱ་ནག་གི་མཐིལ་རྟོགས་མཁན་དེ་ཚོའི་བསམ་བློའི་འགྱུར་ལྡོག་ཡིན། རིག་གནས་ལས་རིགས་ཀྱིས་རྒྱ་ནག་ལ་ཕྱོགས་པའི་མཐིལ་རྟོགས་མཁན་དེ་དག་ལ“དོམ་ཁྲར་འཐམ་འཁྱུད་པའི་ཚོགས”ཞེས་ཁྱད་ཆོས་བརྗོད་པའི་མིང་ཞིག་བཏགས་ཡོད་ཅིང་། ཁོང་ཚོས་འབྲེལ་འདྲིས་དང་ཤུགས་རྐྱེན་བརྒྱུད་ནས་རྒྱ་ནག་དེ་རིམ་གྱིས་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་ལྟ་བ་བཟུང་ཡོད།
རྒྱ་ནག་གི་དཔོན་རབས་སྔོན་མ་རྣམས་ལས་ཞི་ཅིན་ཕེང་གིས་ནུབ་ཕྱོགས་གླིང་ལ་རྣམ་འགྱུར་ཅུང་མཁྲེགས་པོ་བསྟན་ཡོད། ཕྱི་ལོ ༢༠༠༩ ལོར། རྒྱལ་ནག་གི་སྲིད་འཛིན་གཞོན་པ་ཡིན་པའི་ཞི་ཅིན་ཕེང་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེ་ཀི་སི་ཀོ་རུ་འཚམས་གཟིགས་སྐབས། “ལྟོ་འགྲངས་ཤིང་ལས་རྒྱུ་མེད་པའི་ཕྱི་རྒྱལ་བ་ལ་ལས། ང་ཚོའི་ལས་དོན་ལ་རྐང་བརྡ་ལག་བརྡ་བྱས་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད། གཅིག་ནས་ང་ཚོས་གསར་བརྗེ་སྤེལ་གྱིན་མེད། གཉིས་ནས་ལྟོགས་སྐོམ་དང་དབུལ་ཕོངས་ཕྱི་ཕྱོགས་སུ་འདྲེན་གྱིན་མེད། གསུམ་ནས་ཁྱེད་རང་ཚོར་ཅ་ཟིང་པོ་བཟོས་མེད། ད་དུང་ཡང་བཤད་རྒྱུ་ཅི་ཞིག་ཡོད་དམ།” ཞེས་ངར་སྐད་དང་པོ་བསྒྲགས་དུས། རྒྱ་ནག་གི་མཐིལ་རྟོགས་མཁན་ཚོས་ཅི་མི་སྙམ་པའི་བརྟུལ་ཞུགས་བཟུང་ནས་སོ་སོའི་ངོས་འཛིན་དེ་ནོར་མེད་པར་ཡིད་ཆེས་བྱས་ཡོད། ཕྱི་ལོ ༢༠༡༢ ལོར་ཞི་ཅིན་ཕེང་ཨ་མེ་རི་ཀར་འཚམས་གཟིགས་སྐབས། ཁོང་གིས་པེ་ཅིང་ལ་ཕྱོགས་པའི་ཤོག་ཁག་གི་རེ་འདུན་ལ་ཁ་ཡ་ཆེར་མ་བྱས་པ་མ་ཟད། དེ་ལས་ལྡོག་ཏེ“ནུབ་གླིང་པའི་ལམ་ལུགས་རྒྱ་ནག་ལ་འཚམ་པོ་མི་འདུག”ཅེས་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་ལ་དགྲ་འཛིན་དང་ཟུར་ཕུད་ཀྱི་རྣམ་འགྱུར་དྲག་པོ་བསྟན་དུས། རྒྱ་ནག་གི་མཐིལ་རྟོགས་མཁན་ཚོ་ད་གཟོད་སྙིང་རླུང་སྟོད་ལ་འཚང་ཞིང་ཡིད་ཐང་གཏིང་ནས་ཆད་ཡོད།
ཡིད་ཐང་ཆད་པའི་སེམས་ཁམས་དེ་ད་ལོའི་ཕྱི་ཟླ་དང་པོའི་ནང་མངོན་གསལ་དོད་པོར་གྱུར། ཕྱི་ཟླ ༡ ཚེས ༢༩འི་ཉིན། 《བོལ་སྲིང་ལམ་ཉེན་རེའི་ཚགས་པར》 གྱིས་ཨ་རིའི་ཁེ་ལས་ཞིབ་འཇུག་ཁང་ཨེ་ཞི་ཡའི་གནད་དོན་ཆེད་མཁས་པ་སྐུ་ཞབས་མེ་ཁོལ ཨོ་སི་ལིན(Michael Auslin) གྱི་རྩོམ་ཡིག《རྒྱ་ནག་གི་གོམ་ཁ་ས་སྲོས་སུ་ཕྱོགས》ཞེས་པ་སྤེལ་བ་དང་། རྩོམ་ཡིག་ནང“ཨ་མེ་རི་ཀའི་རྒྱ་ནག་གི་གནད་དོན་ལ་བྱང་དུ་ཆུབ་པའི་བསླབ་པ་ཅན་གྱི་ཆེད་མཁས་པ་ཞིག་གིས་ཕྱི་འབྲེལ་འདུ་ཚོགས་ཤིག་གི་སྟེང་དུ། རྒྱ་ནག་ནམ་ཞིག་ལ་འཐོར་ཞིག་ཏུ་འགྲོ་མིན་ངས་ཁྱེད་ལ་བཤད་དཀའ་ཡང་། རྒྱ་ནག་ཚེ་སྨད་དུ་བསླེབས་ཟིན་པ་རེད”ཅེས་བརྗོད་ལུགས་བཀོད་ཡོད་པ་དང་། ཕྱི་ཟླ ༢འི་དཀྱིལ་དུ། ཡང་རྒྱ་ནག་གི་མཐིལ་རྟོགས་མཁན་སྐུ་ཞབས་ཇེ་རོ་མེ ཨཱ་ལན ཁོ་ཧེན(Jerome Alan Cohen) གྱིས་ཨ་རྒྱའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ ༤༠ འཁོར་བའི་གཏམ་བཤད་སྐབས། ཞི་ཅིན་ཕེང་གི་སྲིད་འཛིན་སྐྱོང་སྟངས་ལ་གཏི་ཐུག་ཨུ་ཚུགས་ཆེ་དྲགས་པ་ལས་བབ་བསྟུན་གྱི་རང་བཞིན་མི་ལྡན་པ་དང་། མི་ཐོབ་དང་། ཆོས་ལུགས། སྨྲ་བརྗོད། གསར་འགྱུར་སོགས་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་སྔར་ལས་ཆེ་བ་བཏང་ཡོད་པས། ད་ལྟའི་གནས་སྟངས་ལས་ཁ་ལོ་བསྒྱུར་རྒྱུ་དང་འབྱུང་འགྱུར་ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཤིག་ཏུ་ཕྱོགས་རྒྱུའི་རེ་འདུན་བཏོན་འདུག
གླེང་ཕྱོགས་མོད་པོ་ལས། ཕྱི་ཟླ ༣ ཚེས ༦ ཉིན། 《བོལ་སྲིང་ལམ་ཉེན་རེའི་ཚགས་པར》གྱིས་སྤེལ་བའི་རྗོར་རྗི་ཝ་ཞིན་ཊིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རིག་གཞུང་ལས་རིགས་ཀྱིས་རྒྱ་ནག་གི་མཐིལ་རྟོགས་མཁན་དུ་འབོད་པའི་སྐུ་ཞབས་ཌ་ཝི་ཌི ཞམ་བྷུའོ (David Shambaugh)འམ་རྒྱའི་མིང་ལ་ཧྲིན་ཏཱ་ཝེ་ཟེར་བས་བྲིས་པའི《རྒྱ་ནག་འཐོར་ཞིག་ཏུ་འགྲོ་གྲབས་ཡོད》ཅེས་པའི་དཔྱད་རྩོམ་ལ་ཚབ་མཚོན་གྱི་རང་བཞིན་ལྡན་ཡོད། དཔྱད་རྩོམ་ནང་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་ལྔ་དྲངས་ཡོད་པ་ནི། ༡༽དཔལ་འབྱོར་གྱི་མ་རྩ་ཕྱི་རུ་ཤོར་བ་དང་། ཤེས་འཇོན་མི་སྣ་དང་། ནུས་ལྡན་དང་དཔོན་རིགས་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་གཞི་སྤོས་དང་སྤོ་བཞིན་པ། ༢༽འདུ་ཤེས་འཛིན་སྟངས་དང་གླེང་ཕྱོགས་ལ་བཏང་འཛིན་དང་། ཆབ་སྲིད་ལྟ་བ་ཐ་དད་ཅན་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་དམ་དྲག ༣༽དམར་ཤོག་ཚོགས་པར་ཡིད་ཆེས་བརླག་ནས་མི་སེམས་ཁ་ཁར་འཐོར་བ། ༤༽གཞུང་དང་དམག་ཁུལ་ཡོངས་ལ་ཁྱབ་པའི་ལྐོག་ཟ་རུལ་སུངས། ༥༽རྒྱ་ནག་གི་དཔལ་འབྱོར་ལ་གནད་དོན་ཆེན་པོར་འཕྲད་ཡོད་པ་དང་། གནད་དོན་དེ་སེལ་ཐབས་མེད་པ། བཅས་རེད།
གོང་ཞུས་རྒྱུ་རྐྱེན་ལྔ་བོ་ནང་གི་བཞི་སྔོན་ཆད་ནས་ཡོད་བཞིན་པ་རེད། རྒྱུ་རྐྱེན་གསར་ཤོས་ཁོ་ན་ནི“དམར་ཚོགས་ནང་ཁུལ་འཐབ་རྩོད”ཅེས་པ་དེ་རེད། ཨ་རིའི་ཧཱ་ཝ་ཌི་གཙུག་ལས་སློབ་ཆེན་གྱི་རྒྱ་ནག་གི་མཐིལ་རྟོགས་མཁན་དགེ་རྒན་ཆེན་མོ་སྐུ་ཞབས་རའོ་ཌིར་རིག མཱ་ཁི་ཧྥར་ཁུ་ཧར(Roderick MacFarquhar) ལགས་ནང་བཞིན་སྐུ་ཞབས་ཞམ་བྷུའོ་ལགས་ཀྱིས་ཀྱང་དམར་ཤོག་ཚོགས་པ་ནང་ཁུལ་དུ་བྱུང་དང་འབྱུང་གིན་པའི་ཁྱོད་ཤི་ང་གསོན་གྱི་དབང་ཆའི་འཐབ་རྩོད་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་ཏུ་འགྲོ་སྲིད་པར་ཡིད་ཆེས་བྱས་འདུག དེ་མིན་ཁོང་གིས“རྒྱ་ནག་འཐོར་ཞིག་གི་མགོ་བརྩམས་ཟིན་པ་རེད”ཅེས་པའི་ཤོད་སྲོལ་དེ་ཧང་སངས་དགོས་པ་ཞིག་མ་རེད་དམ། རྒྱ་ནག་གི་མཐིལ་རྟོགས་མཁན་རྣམས་ཞི་ཅིན་ཕེང་ལ་ཡིད་ཐང་ཆད་དོན་གཙོ་བོ་དེ་ཞི་ཝང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཁོ་ན་ཙམ་མིན། གཙོ་ཆེ་བ་དེ་ཞི་ཅིན་ཕེང་གི་ནུབ་ཕྱོགས་དམངས་གཙོའི་ལམ་ལུགས་ཐད་བཅངས་པའི་ཟུར་ཕུད་དགྲ་འཛིན་གྱི་བསམ་བློའི་ལངས་ཕྱོགས་ལ་ཐུག་ཡོད།
སྐུ་ཞབས་ཞམ་བྷའོ་ལྟ་བུའི་དུས་ཡུན་རིང་པོར“རྒྱ་ནག་འཐོར་མི་སྲིད”པའི་ལྟ་ཚུལ་འཛིན་པའི“དོམ་ཁྲར་འཐམ་འཁྱུད་པ”ཞིག་གི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་ཐེབས་དོན་དེར་ཞིབ་འཇུག་གི་རིན་ཐང་ཅུང་ཞིག་ཡོད་པར་སེམས། མི་མང་པོ་ཞིག་གིས་མི་ཤེས་པ་ཞིག་ནི། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་ན་ཡོད་པའི་རྗོར་རྗི་ཝ་ཞིན་ཊིན་གཙུག་ལག་སློབ་ཆེན་ན་རྒྱ་རིགས་སློབ་མ་ཆིག་ཁྲི་ལྷག་ཡོད་པ་དང་། དེ་དག་མང་ཆེ་བ་རྒྱ་ནག་གི་དཔོན་རིགས་མཐོ་གྲས་དང་། དམག་དཔོན། ཕྱུག་བདག་གི་བུ་ཕྲུག་རྐྱང་རྐྱང་ཡིན། ཨ་རིའི་སློབ་ཆེན་ཡག་ཤོས་ཁག་ལ་ངོ་སྦྱོར་ཡོང་ཆེད། སྐུ་ཞབས་ཞམ་བྷའོ་ལགས་ལ་མཐོ་རིམ་དཔོན་རིགས་དང་། དམག་ཁུལ་གྱི་དབུ་ཁྲིད། ཕྱུག་བདག་དེ་དག་དང་འབྲེལ་འདྲིས་ཀྱི་གོ་སྐབས་མང་པོ་ཡོད་པས། ཁོང་ཚོའི་བསམ་ཚུལ་ལ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་ཀྱང་མང་པོ་ཡོད། དེ་བཞིན་སྐུ་ཞབས་ཞམ་བྷའོ་ལགས་ནི་དུས་ཡུན་རིང་པོར་རྒྱ་ནག་མཐོ་རིམ་དཔོན་རིགས་ཚོའི་བློས་ཐུབ་གྱི་གྲོགས་པོ་དང་བློ་འདོན་པའང་ཡིན་པས། སྐུ་ཞབས་ཞམ་བྷའོ་ལགས་ཀྱིས་རྒྱ་ནག་གཞུང་གི་ཕྱི་སྲིད་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་ཡོད་སྲིད། ལྷག་པར་དུ་ཉེ་ལམ་སྐུ་ཞབས་ཞམ་བྷའོ་ལགས་ཀྱིས་དེ་སྔོན་ཁོང་གི་ཨ་རིའི《བོལ་སྲིང་ལམ་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་རྩོམ་ཡིག ཁ་བྱང་ལ“རྒྱ་ནག་འཐོར་ཞིག་ཏུ་འགྲོ་གྲབས་ཡོད”ཅེས་པའི་སྐོར་ལ་ཨ་རིའི་སྐད་གྲགས་ཆེ་བའི《ནིའུ་ཡོག་དུས་བབ》ཀྱི་བཅར་འདྲིའི་སྐབས། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མེང་གི་ཕྱག་རོགས་ཙིན་ཆིན་ཧོང་ལ་བསྟོད་པ་དང་ཞི་ཅིན་ཕེང་ལ་དགག་རྒྱག་བྱས་ཡོད་པར་གཞིགས་ན། སྐུ་ཞབས་ཞམ་བྷའོ་ལགས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ལ་འབྲེལ་བ་ཡོད་པའི་མ་ཚད། ད་དུང་རྒྱ་ནག་གི་དབང་ཆའི་འཐབ་རྩོད་ནང་ཡང་ཞུགས་མེད་དམ་བསམ་པའི་ཚོར་བ་ཞིག་ངང་གིས་བསླེབས་ཡོང་།
སྐུ་ཞབས་ཞམ་བྷའོ་ལགས་ཀྱིས་བཏོན་པའི་རྒྱ་ནག་འཐོར་ཞིག་གི་རྒྱུ་རྐྱེན་དེ་དག་ནི་རྒྱ་ནག་དངོས་གནས་འཐོར་ཞིག་ཏུ་འགྲོ་བྱེད་རྒྱུ་རྐྱེན་ཡིན་ནམ་ཞེ་ན། ཁ་ཚོད་བཅད་ནས་བཤད་དཀའ་ཡང་། དོན་གྱིས་ཏག་ཏག་ཅིག་བསྡད་མེད་པར་སྙམ། དཔལ་འབྱོར་མ་རྩ་ཕྱི་ཤོར་དང་འབྱོར་ལྡན་ནུས་ལྡན་ཅན་ཚོ་ཕྱི་རྒྱལ་ཁག་ཏུ་གཞི་སྤོ་བའི་གནས་སྟངས་དེ་ཡོད་པ་བདེན་ཡང་། ད་ལྟ་རྒྱ་ནག་གཞུང་གིས“ཝ་བདའ་ལས་འགུལ”ཟེར་བ་སྤེལ་ནས་སའི་གོ་ལའི་སྟེང་འགྲོ་ས་འདུག་ཁུངས་མེད་པ་བཟོ་བཞིན་ཡོད་པས། ལྐོག་ཟ་མཁན“ཝ་མོ”རྣམས་རྒྱ་དམར་གཞུང་དང་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་ལས་གདམ་ཀ་གཞན་མེད་པར་བཏང་ཡོད།
འདུ་ཤེས་འཛིན་སྟངས་ལ་དམ་འཛིན་དང་གཞུང་དང་ལྟ་བ་ཐ་དད་ཅན། ལྷག་དོན་གྲངས་ཉུང་མི་རིགས་ལ་དམ་དྲག་གི་སྲིད་ཇུས་དེ་རྒྱ་དམར་གྱིས་རྒྱ་ནག་དང་བོད་སོགས་ལ་དབང་བསྒྱུར་བ་ནས་དེ་རིང་བར་ལྷོད་མྱོང་མེད། “དྲུག་བཞི་དོན་རྐྱེན”སྐབས་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ“མེས་རྒྱལ་གྱི་མ་འོངས་པ”སློབ་མར་དམར་གསོད་བྱས་རྗེས་དམར་ཤོག་ཚོགས་པར་ཐ་ན་གུང་ཁྲན་ཏང་ཡོན་གྱིས་ཀྱང་ཡིད་ཆེས་མེད་པར་གྱུར་ཡོད་མོད། དམར་ཤོག་ཚོགས་པ་དེ་རིང་བར་གནས་པའི་སྲོག་ཤིང་ནི་ཁེ་བཟང་ཁོ་ན་ཡིན་པ་ལས་ཡིད་ཆེས་དང་དད་པ་མིན། དེ་མིན་ཏང་དང་དམག་ཁུལ་ག་ས་གང་ན་ཡོད་པའི་རུལ་སུངས་ཀྱི་གནད་དོན་རེད།
རུལ་སུངས་ནི་ད་གཟོད་དམར་ཤོག་ཚོགས་པའི་ཚོགས་མི་བྱེ་བ་བརྒྱད་གཞི་གཅིག་ཏུ་འཆིང་བྱེད་ཀྱི་ཐག་པ་དེ་ཡིན་པས། རུལ་སུངས་མེད་ན་དམར་ཤོག་ཚོགས་པ་མེད།
ཞིབ་ཏུ་དཔྱད་ན་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་ནི་གདམ་ཀ་ཅན་གྱི་རྒོལ་རྡུང་ཞིག་ཡིན་པས། གལ་ཏེ་ལྐོག་ཟ་མཁན ༥ % ལ་ཚར་གཅོད་བྱེད་པའི་དབང་དུ་བཏང་ཡང་། མི་ས་ཡ་བཞི་འཛིན་བཟུང་བྱེད་དགོས་པས། དེ་ནི་ཕལ་ཆེར་དཔེ་མི་སྲིད་པ་ཞིག་རེད། “རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་དུས་རྟག་ཏུ་ལམ་ན་ཡོད”ཅེས་འཇིགས་སྣང་སློང་དོན་ནི་ཉེན་བརྡ་ཙམ་ལས་རུལ་སུངས་ཀྱི་དོན་དག་རྩ་བ་ནས་སེལ་ཐབས་ཤིག་མིན། ལྐོག་ཟ་རུལ་སུངས་ཀྱི་རྩ་བ་སྒྲིག་འཛུགས་ལམ་ལུགས་ལ་ཐུག་ཡོད་པས། སྒྲིག་འཛུགས་ལམ་ལུགས་ལ་འགྱུར་བ་མ་བཏང་བར་དུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡང་ཐག་གིས་མི་ཆོད།
དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་ལ་མཚོན་ན། དར་ན་མི་དམངས་སྡུག རྒུད་ན་མི་དམངས་སྡུག་ཅེས་པ་ནང་བཞིན། འདས་པའི་ལོ་ངོ་སུམ་ཅུའི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁེ་བཟང་ཡོད་ཚད་ཏིང་ཞོ་ཕེང་གིས་བྲིས་པའི་གོར་ཐིག་ནང་གི་དམར་རབས་དང་དཔོན་རབས་དག་ལ་རེག་ཡོད་པ་ལས་རྒྱ་ནག་མང་ཚོགས་དཀྱུས་མར་ཅི་ཡང་རེག་མེད། དེའི་ཕྱིར། རྒྱ་ནག་དེ་འཛམ་གླིང་གི་ཕྱུག་པོ་ཆེས་མང་བའི་རྒྱལ་ཁབ་ལ་གྱུར་བའི་དེ་རིང་། རྒྱ་ནག་གི་གཞི་རིམ་ན་ད་དུང་ཡང་ཉིན་རེའི་ལྟོ་རྒྱབ་མི་འདང་པའི་དབུལ་ཕོངས་མི་མང་དུང་ཕྱུར་གཉིས་ལྷག་ཡོད་པ་རེད། རང་བྱུང་འཚོ་བར་བརྟེན་པའི་རྒྱ་ནག་མི་མང་དཀྱུས་མ་ཞིག་ལ་མཚོན་ན་དཔལ་འབྱོར་ཉམས་རྒུད་དང་འབྲེལ་བ་ཆེར་མེད། དེ་མིན། དཔལ་འབྱོར་ཉམས་རྒུད་ཁོ་ནས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་མི་སྲིད་པའི་བདེན་དབང་གཞན་ཞིག་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་ནང་མའོ་ཙེ་ཏུང་གིས་སྤེལ་བའི“མཆོང་སྐྱོད་ཆེན་མོའི”ལས་འགུལ་ཁྲོད་རྒྱ་ནག་རྒྱལ་ཡོངས་སུ་མི་དམངས་བྱེ་བ་གསུམ་ལྟོགས་སྐོམ་གྱིས་མནར་ནས་རྐྱེན་འདས་སུ་སོང་ཡང་། སྐབས་དེར་མི་གཅིག་གིས་ངོ་རྒོལ་བྱས་མྱོང་མེད། འོ་ན། རྒྱ་ནག་དུས་གཏན་དུ་འཐོར་ཞིག་ཏུ་འགྲོ་མི་སྲིད་དམ་ཟེར་ན། འདས་པའི་ལོ་རྒྱུས་ལ་གཞིགས་དང་། རྒྱལ་ཁབ་དང་མི་རིགས་ཡོད་དོ་ཅོག་དར་ནས་རྒུད་པའི་ཆོས་ཉིད་ལས་ཐར་མེད་པས། རྒྱ་ནག་རྟག་ཏུ་བརྟན་མི་སྲིད་ལ། ཕྱི་ལོ ༡༩༩༡ ལོར། ཡོ་རོབ་དང་ཨེ་ཞི་ཡའི་བར་ན་ཕྲད་དུ་ཉལ་པའི་ཨུ་རུ་སུ་བཙན་རྒྱལ་རྒྱལ་ཁབ་དེ་ཞག་མ་གཅིག་ལ་རྒྱལ་ཁབ་བཅོ་ལྔ་རུ་འཐོར་སྲིད་པ་མི་སུ་གཅིག་གིས་ཀྱང་ཡིད་ལ་ཤར་མེད་པ་ལྟ་བུ་རེད།
རྒྱ་ནག་གི་ད་ལྟའི་གནས་སྟངས་ལ་ཞིབ་ཏུ་དཔྱད་ན། རྒྱ་ནག་ནམ་ཞིག་ལ་འཐོར་རྒྱུ་ཡིན་པ་ཀ་དང་ང་རེད། ཡིན་ན་ཡང་། དྲི་བ་ནི་ནམ་ཞིག་ལ་ཞེས་པ་དེ་རེད།
རྒྱལ་ཁབ་ཅིག་འཚོ་ཞིང་གནས་རྒྱུར་གཞི་རྩའི་ཆ་རྐྱེན་བཞི་ཚང་དགོས་པར་སྙམ། གཅིག༽སྤྱི་ཚོགས་ཤིག་འཚོ་གནས་ལ་མེད་དུ་མི་རུང་བའི་སྐྱེས་ཁམས་ཁོར་ཡུག གཉིས༽ སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་ལ་མེད་དུ་མི་རུང་བའི་མི་ཆོས་ཀྱི་ཀུན་སྤྱོད། གསུམ༽ སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ—-མི་འཚོ་གནས་ཐུབ་རྒྱུའི་མ་མཐའི་ཚད་ཐིག བཞི ༽སྤྱི་ཚོགས་ཤིག་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུར་ཁག་ཐེག་བྱེད་པའི་ཆབ་སྲིད་གཅིག་གྱུར།
རྒྱ་ནག་གི་ད་ལྟའི་སྤྱི་ཚོགས་གནས་སྟངས་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་། རྒྱ་རིགས་ཆེད་མཁས་པ། དེ་བཞིན་བོད་རིགས་ཆེད་མཁས་པ་སོགས། རྒྱ་ནག་གི་མཐོལ་རྟོགས་མཁན་ཡིན་ཟེར་བའི་ཚོགས་ཀྱིས་གཏན་ཚིགས་འདི་འདྲ་ཞིག་ལ་ཡིད་ཆེས་བྱས་ཡོད། “དཔར་འབྱོར་བཅོས་བསྒྱུར་མཐར་གཏུག་ན་ཆབ་སྲིད་བཅོས་བསྒྱུར་ལ་ཐུག་ཡོད་པས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་ཚད་ངེས་ཅན་ཞིག་ལ་བསླེབ་དུས། ཆབ་སྲིད་བཅོས་བསྒྱུར་མ་བྱས་ཐབས་མེད་ཡིན”། ཡིན་ན་ཡང་། གཏན་ཚིགས་དེ་རྒྱ་ནག་ལ་ཐོན་དུས་ཆོས་ཉིད་བཞིན་གྲུབ་འབྲས་སྨིན་མེད་པ་དང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་ཨང་གཉིས་པར་བསླེབས་དུས། རྒྱ་ནག་དེང་གཞུང་གིས་ཆབ་སྲིད་བཅོས་བསྒྱུར་བྱེད་མི་སྲིད་པའི་ཆོད་སེམས་བརྟན་པོ་བཏོན་ཡོད།
རྒྱ་ནག་གི་མ་འོངས་པར་བསམ་ཚེ། ཚོགས་པ་གཅིག་གི་སྒེར་གཅོད་ཀྱི་གནས་སྟངས་མུ་མཐུད་ནས་འགྲོ་རྒྱུ་དང་། རྒྱ་ནག་མི་དམངས་ལ་གཅིག་གྱུར་གྱི་རྩ་འཛུགས་ཀྱི་འདུ་ཤེས་མེད་ལ་ནུས་པ་ཞན་པས་རྒྱ་ནག་དེང་གཞུང་ལ་ཁ་གཏད་བྱེད་རྒྱུའི་སྟོབས་ཤུགས་མི་འཛོམས། དེའི་སྟབས་ཀྱིས། རྒྱ་ནག་དེང་གཞུང་དུས་ཡུན་ཐུང་ངུའི་ནང་འཐོར་ཞིག་ཏུ་འགྲོ་མི་སྲིད། གལ་སྲིད་རྒྱ་ནག་དེང་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་། ཁོར་ཡུག་འབགས་བསླད་ཀྱི་གནད་དོན། སྤྱི་ཚོགས་འདྲ་མཉམ་མིན་པའི་གདན་དོན་སོགས་ལ་བཏང་འཛིན་དང་ལེགས་བསྒྱུར་ཅུང་ཞིག་བྱེད་ནུས་ཚེ། རྒྱ་ནག་མི་དམངས་ཀྱི་བཀས་བཀོད་རྒྱུད་འཛིན་རྨང་གཞི་བྱས་པའི་རང་དབང་དང་དམངས་གཙོའི་རེ་འདུན་དེ་གངས་ལ་ཉི་འོད་ཕོག་པ་བཞིན་མྱུར་དུ་རྗེས་མེད་ཤུལ་མེད་ངང་འཐིམ་འགྲོ། ད་ལྟའི་རྒྱ་ནག་གི་མང་ཚོགས་དཀྱུས་མ་ཚོས“འོ་མ་ཅན་ལ་ཨ་མ”ཡི་རྩ་དོན་དེ་ངོས་ལེན་བྱས་ཡོད། བཤད་སྟངས་གཞན་ཞིག་ནི། ཁ་རྒྱབ་འདང་སོང་ན་རང་དབང་དང་དམངས་གཙོ་ཟེར་བ་དེ་མེད་ཀྱང་རུང་བའི་བསམ་བློ་བཅངས་ཡོད། གལ་ཏེ་ཞི་ཅིན་ཕེང་གིས་འདང་ངེས་ཀྱི་གསོ་ཆས་མུ་ནས་མུ་རུ་མཁོ་སྤྲོད་བྱེད་ཐུབ་ཚེ། 《བྱོལ་སོང་ར་བ》ཡི་ནང་གི་ལུག་ཁྱུ་དེས་མུ་མཐུད་ནས་“སུག་བཞི་བཟང་། སུག་གཉིས་མི་བཟང་”ཞེས་འབའ་རྒྱང་བྱས་ཏེ། “སུག་གཉིས་ཅན”གྱི་བྱོལ་སོང་རིགས་ཏེ—-དམངས་གཙོར་ཕྱོགས་པའི་རིགས་དག་རང་ཉིད་དང་ཐ་དད་ཡིན་པའི་རིགས་སུ་འདེད་ངེས་ཡིན།
གོང་དུ་ཞུས་པའི་རྒྱལ་ཁབ་ཅིག་འཚོ་ཞིང་གནས་རྒྱུར་མེད་དུ་མི་རུང་བའི་གཞི་རྩའི་ཆ་རྐྱེན་དེ་དག་མཉམ་གཅིག་ཏུ་བཅོས་ཐབས་བྲལ་བའི་གནས་སུ་མ་ལྷུང་བར་དུ། རྒྱ་ནག་དེ་རྒྱ་ནག་དམར་གཞུང་གི་བཙན་དབང་དབང་བསྒྱུར་འོག མུ་མཐུད་ནས“ཞིག་ཀྱང་མི་འཐོར”བའི་རྣམ་པར་གནས་ངེས་ཡིན། རྒྱ་ནག་འཐོར་ཞིག་སྨྲ་བའི་ལུང་བསྟན་ལ་གཤོག་པ་ཐོགས་ནས་དྲྭ་རྒྱའི་དབྱིངས་ན་ནམ་འཕང་གཅོད་ཀྱིན་པའི་སྐབས་དང་བསྟུན་ནས་བོད་དོན་དང་རྒྱ་ནག་འཐོར་ཞིག་གི་འབྲེལ་བའི་སྐོར་རོབ་ཙམ་གླེང་ན་བསམ་བྱུང་།

བོད་དུ་གོ་མ་མྱོང་བའི་སྐད་ཆ་ཞིག་བཙན་བྱོལ་སྤྱི་ཚོགས་སུ་ནམ་རྒྱུན་གོ་རྒྱུ་འདུག དེ་ནི “ རྒྱ་ནག་འཐོར་ཞིག་ཏུ་འགྲོ་གྲབས་ཡོད”ཅེས་པའི་གཅིག་མཚུངས་ཀྱི་སྐད་ཆ་དེ་རེད། གཅིག་བགྱིས་ན་དེ་ནི་ཕྱི་རྒྱལ་ཆེད་མཁས་པའི་རྗེས་སུ་འབྲང་བ་ལས་བོད་རང་གི་ལུང་བསྟན་ཞིག་མིན་ཡང་སྲིད། གང་ལྟར་རྒྱ་ནག་འཐོར་ཞིག་གི་སྐད་ཆ་དེ་སྔ་རབས་བཙན་བྱོལ་སྐབས་ནས་བྱུང་ཡོད་པ་འདྲ། ཡང་ཆབ་སྲིད་ཀྱི་ཐད་ནས་བསམ་བློ་བཏང་ན། དེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་དབུ་ཁྲིད་ཚོས་བོད་མི་ཚོའི་སེམས་ཤུགས་མི་བརླག་རྒྱུ། རེ་བ་ཞིག་འཛིན་རྒྱུའི་ཆེད་བཟོས་པའི་དགོས་དབང་ཞིག་ཀྱང་ཡིན་སྲིད།
མི་རིགས་རིང་ལུགས་དང་རྒྱལ་ཁབ་རིང་ལུགས་ཀྱིས་ཚོས་པའི་རྒྱ་མི་རིགས་ལ་མཚོན་ན། གཅིག་གྱུར་ཆེན་མོའི་འདུ་ཤེས་ལ་གོ་སྐོན་བློ་འགུག་གི་ནུས་པ་ཧ་ཅང་ཆེན་པོ་ཡོད། རྒྱ་རིགས་ཕལ་མོ་ཆེའི་ཤ་གསེང་རུས་གསེང་ན་ད་དུང་ཡང“རྒྱ་ནག་འཐོར་ཞིག་ཏུ་འགྲོ་རྒྱུ་ལས། དམངས་གཙོ་མེད་ཀྱང་ཆོག”ཅེས་པའི་གཅིག་གྱུར་ཆེན་མོའི་ལྟ་བ་འཇགས་ཡོད།
རྒྱ་དམར་སྲིད་དབང་གི་སྐག་ཆེ་ཤོས་ནི་དམངས་གཙོར་རིམ་འགྱུར་གྱི་སྐག་ལས་མ་འདས། སྐག་འདི་མ་བརྒྱུད་པའི་སྲིད་དབང་ཞིག་ད་བར་དུ་བྱུང་མྱོང་མེད་ལ། རྒྱ་ནག་ཀྱང་ནམ་ཞིག་གི་དུས་སུ་སྐག་དེར་ཐུག་ངེས་ཡིན། སྐབས་དེ་དུས་རྒྱལ་ཁབ་ཀྱི་བཏང་འཛིན་ནུས་ཤུགས་ཤིན་དུ་ཇེ་ཞན་དུ་སོང་ཡོད་ལ། རྒྱལ་སྤྱིའི་ཐེ་བྱུས་ཇེ་མང་ཇེ་དྲག་ཏུ་སོང་ཡོད། མི་རིགས་རང་བཙན་དང་རྒྱལ་ཁབ་སླར་གསོ་བའི་མིག་ལམ་དུ་དེ་ནི་མཆོག་ཏུ་གྱུར་བའི་གོ་སྐབས་དེ་ཡིན། བོད་མི་ཚོས་ཀྱང་དེ་གོ་སྐབས་ཤིག་ལ་རེ་སྒུག་བྱས་ཡོད་ལ། རེ་སྒུག་བྱེད་ས་དེ་ནོར་མེད་པར་ཡིད་ཆེས་བྱས་ཆོག དམངས་གཙོ་རིམ་འགྱུར་གྱི་སྐག་དེ་གལ་ཏེ་ཞི་བདེའི་ངང་འགྱུར་མ་ནུས་ཚེ། རྒྱལ་ཁབ་འཐོར་ཞིག་གི་དུས་སུ་གྱུར་ངེས་ཡིན་པས། རྒྱ་ནག་དམར་ཚོགས་འཐོར་ཞིག་གི་དུས་དེ་ནི་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུའི་དུས་དེ་ཡིན་སྲིད། འོན་ཀྱང་། རྒྱ་ནག་འཐོར་ཞིག་ཏུ་སོང་ཡང་བོད་ལ་རང་དབང་རང་བཙན་ནམ། བོད་བཙན་པོའི་རྒྱལ་ཁབ་སླར་གསོ་ཐུབ་རྒྱུའི་ངེས་པ་ཡོད་པར་མི་སྙམ། དེ་འདྲའི་དུས་འགྱུར་ཁྲོད་བོད་མིས་གོ་སྐབས་དེ་འཛིན་ཐུབ་བམ། རྒྱ་རིགས་དམག་ཤེད་ཅན་གྱིས་བོད་ཡང་བསྐྱར་བཙན་འཛིན་བྱེད་མི་སྲིད་དམ། རྒྱ་ནག་དང་མཉམ་དུ་བོད་ཀྱི་དཔལ་འབྱོར་ཡང་ཉམས་རྒུད་སུ་སོང་ན་ཅི་ཞིག་བྱ། རྒྱ་མི་འབོར་ཆེན་བོད་དུ་འཚང་ན་ཟློག་ཐབས་ཡོད་དམ་མེད། རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ལ་དོན་དམ་པའི་རོགས་རམ་བྱེད་མཁན་ཨེ་ཡོད། བོད་ནང་ཁུལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱལ་ཁབ་སླར་གསོའི་ལས་དོན་ཐད་ནུས་པ་སྤུངས་ཐུབ་བམ། ལ་སོགས་པའི་དྲི་བ་མང་དག་ཅིག་ལ་བསམ་བློ་མི་གཏང་རང་གཏོང་ཡིན།
གལ་སྲིད་རྒྱ་ནག་ལ་དུས་འགྱུར་ཞིག་བྱུང་ཚེ། བོད་ཀྱིས་གཙོས་བཙན་དབང་འོག་གི་རྒྱ་རིགས་ལས་ཐ་དད་པའི་མི་རིགས་དག་ལ་མི་རིགས་རང་དབང་དང་རྒྱལ་ཁབ་སླར་གསོ་ཐུབ་རྒྱུར་རེ་བ་ཏན་ཏན་ཡོད། ཡིན་ན་ཡང་། དྲི་བ་ནི་རེ་བ་ག་ཚོད་ཅིག་ཡོད་དམ་ཞེས་པ་དེ་ཡིན། གལ་ཏེ་རིགས་ཚོགས་བར་འགལ་ཟླ་ཆེན་པོ་ལངས་ན་ཅི་ཞིག་བྱ། དེ་འདྲའི་ངང་བསམ་བློ་བཏང་ཚེ། མི་གསོད་ཁྲག་སྦྱོར་གྱི་གནོད་འཚེ་ལ་གཡོལ་ཐབས་ཡེ་ནས་མེད་པ་མཐོང་སོང་ངམ། མི་གསོད་ཁྲག་སྦྱོར་གཡོལ་དགོས་ན། ཕྱོགས་གཉིས་ཀའི་གཞུང་དང་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ཤིན་ཏུ་ཚད་མཐོ་པོའི་རིམ་པ་ཞིག་ལ་བསླེབ་དགོས་པ་རེད། རང་བཙན་བྱས་མིན་ལ་མ་བལྟས་པར། ཕྱི་ལོ ༢༠༡༤ལོར། སི་ཀོ་ཌི་ལནྡི་མི་དམངས་ཀྱིས་རང་བཙན་གྱི་རྒྱལ་ཁབ་འཛུགས་རྒྱུ་ཡིན་ཟེར་དུས་། དབྱིན་ཇི་གཞུང་དམངས་གཉིས་ཀིས་སི་ཀོ་ཌི་ལནྡི་མི་དམངས་ཀྱི་དབྱིན་ཇི་ལས་ལོགས་སུ་ཕྱེ་ནས་མི་རིགས་རྒྱལ་ཁབ་ཅིག་འཛུགས་རྒྱུའི་འདོད་བློར་གུས་བཀུར་ངོས་ལེན་བྱས་པ་ནང་བཞིན་གྱི་ཚད་ཅིག་ལ་བསླེབ་ན། ད་གཟོད་མི་གསོད་ཁྲག་སྦྱོར་མེད་པར་ཞི་བདེའི་ངང་སོ་སོའི་མངོན་འདོད་བཞིན་གནད་དོན་ཐག་གིས་ཆོད་ངེས་ཡིན།
ཡིན་ན་ཡང་། དབྱིན་ཇི་གཞུང་དང་རྒྱ་དམར་གཞུང་གཉིས་བསྡུར་ཐབས་ཡོད་དམ། དབྱིན་ཇི་མི་དམངས་དང་རྒྱ་རིགས་མི་དམངས་གཉིས་བསྡུར་ཐབས་ཡོད་དམ། རྩ་བའི་ཆ་ནས། རྦད་དེ་ཁ་ཁ་ཡིན་པའི་རིག་གཞུང་གིས་ཡོད་ཚད་ལ་ལན་བཏབས་ཡོད། ད་ལྟའི་ཆར་གཅིག་ནས་རྒྱ་རིགས་མི་མང་གི་བསམ་བློའི་གོ་རྟོགས་དམན་པ་དང་། གཉིས་ནས་རྒྱ་ནག་ལ་འཐོར་ཞིག་ཏུ་འགྲོ་རྒྱུའི་རྒྱུ་རྐྱེན་ཚང་མེད་པས། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་རྒྱ་ནག་ནང་རྙོག་ཟིང་ལངས་མི་ཐུབ་པ་འདྲ་ཡང་། ཨུ་རུ་སི་གཉིས་པར་གྱུར་མི་སྲིད་པ་གཏན་ནས་མིན།
རེ་བས་ཕོངས་པའི་བོད་པ་ཚོ། རེ་བ་ནི་རེ་བ་རང་རེད། ཡིན་ཡང་། ཅི་ཡང་མེད་པ་ལས་སྟོང་པ་ཡིན་སྲིད་པའི་རེ་བ་ཞིག་ཡོད་ན་མེད་པ་ལས་མི་བཟང་ངམ། སྐབས་སུ་བབ་པའི་ང་ཚོ་བཙན་བྱོལ་བ་ཚོའི་བསྒྲུབ་བྱ་ནི་རང་གི་སྒྲུབ་དགོས་པ་དང་། སྒྲུབ་འོས་པ། སྒྲུབ་ཐུབ་པའི་ལས་ལ་འབད་རྒྱུ་ལས། ང་ཚོ་མི་རབས་འདིས་སྒྲུབ་མི་དགོས་པ་དང། སྒྲུབ་མི་འོས་པ། སྒྲུབ་མི་ཐུབ་པའི་རིགས་ལ་ལག་པ་མི་འཆང་རྒྱུ། ནང་སྒོས་སུ། མི་རབས་རྗེས་མའི་ཐོབ་ཐང་འཕྲོག་རྒྱུ། བགྲོད་ལམ་གཅོད་རྒྱུ། སྨྲ་བརྗོད་འགོག་རྒྱུའི་དབང་ཚད་ང་ཚོ་སུ་གཅིག་ལའང་མེད་ལ་བྱེད་ཀྱང་མི་རུང་། སྔོན་ཆད་བརླག་ཟིན་པའི་གོ་སྐབས་ནང་བཞིན་ལྷ་བླ་མ་དཀོན་མཆོག་གིས་ཡང་བསྐྱར་གོ་སྐབས་དེ་འདྲ་ཞིག་གནང་བ་ཡིན་ཚེ། གོ་སྐབས་དེ་མི་བརླག་པར་འཛིན་ཐུབ་རྒྱུ་དང་། ང་ཚོ་མི་རབས་འདི་དང་མི་རབས་རྗེས་མའི་བར་སྟོང་ཆ་མ་བཞག་པར་བརྒྱུད་ཐག་ཁོང་ཚོའི་ལག་པར་འཇོག་རྒྱུར་གྲ་སྒྲིག་ཨང་གསར་བྱེད་རྒྱུ་ནི་དེ་རིང་ང་ཚོའི་མདུན་དུ་ལྷག་པའི་ཐོབ་ཐང་དང་། འོས་འགན། བསྒྲུབ་བྱ་དེ་ཡིན།