
རྒྱ་གཞུང་གི་འཇིགས་སྐུལ་རང་ལུགས་པར་དོགས་ཟོན་བྱེད་ཕྱོགས་ཀྱི་བརྡ་ཁྱབ་ནང་དོགས་པ་ཅན་ཡུ་གུར་བ་མཐོང་ཚེ་བདེ་སྲུང་མི་སྣར་ཡར་ཞུ་བྱེད་དགོས་ཞེས་བཀོད་ཡོད་པར་གཞིགས་ན། རྒྱ་ནག་པས་ཡུ་གུར་མི་རིགས་ཧྲིལ་བོ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཡོད་པ་འདྲ།
དེ་ཡང་པོའོ་ཞོན་དྲྭ་ཚུགས་སུ་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཀོང་ཞི་ཞིང་ཆེན་ཉེན་རྟོག་ལས་ཁང་གིས་བཀྲམས་པའི་བརྡ་སྦྱོར་ནང་། ཡུ་གུར་བ་ཡོད་ཚད་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཏེ་གདོང་ལེན་བྱས་ཡོད་པ་དང་། ཡུ་གུར་བ་ཡོད་ཚད་གང་ནས་མཐོང་ན་མི་ལ་པར་ལེན་དགོས་པ་དང་། འདུག་ན་ཐོ་འགོད་བྱེད་དགོས་པའི་དམིགས་བསལ་བྱེད་ཐབས་ཤིག་ལག་བསྟར་བྱས་ཡོད་པས། དེ་ནི་འཛམ་གླིང་ཧྲིལ་བོས་གད་སྙིགས་བཞིན་དོར་ཟིན་པའི་མི་རིགས་དབྱེ་འབྱེད་སྲིད་ཇུས་རྗེན་པོ་རེད།
འདས་པའི་ལོ་ཤས་སུ། ཞིན་ཅང་ངམ་ཤར་ཏིར་ཀི་སི་ཐན་གྱི་གནས་སྟངས་ཛ་ཇེ་དྲག་ཏུ་སོང་ཡོད་པ་དང་། བོད་དང་ཞིན་ཅང་སོགས་གྲངས་ཉུང་མི་རིགས་ས་ཁུལ། ཐ་ན་ཧོང་ཀོང་གི་དཔོན་རིགས་ཚོས་ཟིང་འཁྲུག་ལངས་རྒྱུར་རེ་སྒུག་བྱས་ཡོད། སྐད་ཆ་མི་མང་པོ་ཞིག་ལ་མཚོན་ན་ཡ་མཚར་པོ་ཞིག་ཡིན་སྲིད་མོད། འོན་ཀྱང་། དངོས་ཡོད་གནས་ཚུལ་ཡིན། ཟིང་འཁྲུག་ལངས་ན་ད་གཟོད་བརྟན་བརླིང་སྲུང་སྐྱོབ་ཆེད་སྒོར་མོ་འབོར་ཆེན་རེག་པ་དང་། གོང་རིམ་གྱིས་དོ་ཁར་འཕར་མ་བྱེད་ངེས་རེད་ལ། ཟིང་འཁྲུག་ཞི་འཇམ་དུ་བཏང་ནས་བྱས་རྗེས་འཇོག་རྒྱུའི་གོ་སྐབས་ཀྱང་ཡོད་པ་ལ་སོགས་ཀྱི་ཁེ་བཟང་ཁོ་ནིའི་དམིགས་པ་ལས་མ་འདས། གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་དོན་དག་ཅི་ཞིག་བྱུང་ཡང་ས་གནས་དཔོན་རིགས་ཚོས་ལམ་སང་ཆབ་སྲིད་ལ་སྦྱར་ནས་མེད་པ་ཡོད་པ་དང་ཆུང་ཆུང་ཆེན་པོར་བཟོས་ནས་རུལ་སུངས་བྱེད་རྒྱུར་སྟབས་བདེ་བསྐྲུན་ནས་མི་བྱེད་དགུ་བྱེད་བྱེད་ཀྱིན་ཡོད། དཔེར་ན། བོད་དོན་ལ་ཆ་བཞག་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལས་བོད་རང་བཙན་རྩོད་ཀྱིན་མེད་ཅེས་ལོ་བཅུ་གྲངས་ཤིག་ལ་མ་ཎི་འདོན་འདོན་བྱས་ཀྱང་། རྒྱ་ནག་གི་བོད་དོན་ཁ་རུ་ཟས། བོད་དོན་རྒྱབ་ལ་གོན། བོད་དོན་ལ་བསྟེན་ན་ཐོབ་གོ་ས་དང་དབང་ཆ་ཐོབ་ཐབས་བྱེད་ཀྱིན་པའི་དཔོན་ངན་དེ་ཚེས ༧གོང་ས་མཆོག་དང་རང་བཙན་གཉིས་གཞི་གཅིག་ཏུ་ཨུ་ཚུགས་བརྒྱབས་ནས་བསྡམས་ཡོད་། བོད་དོན་ལས་ཁེ་བཟང་ལེན་མཁན་མི་དེ་དག་ནི༧གོང་ས་མཆོག་གི་བོད་དོན་ཐག་གིས་གཅོད་བྱེད་དབུ་མའི་ལམ་གྱི་ཐབས་ལམ་ལགས་འགྲུབ་བྱུང་རྒྱུའི་འགག་རྐྱེན་གཙོ་བོ་དེ་ཡིན།
ཞིན་ཅང་གི་གནད་དོན་དེ་བས་ཀྱང་ཚབས་ཆེན་ཡིན། ཡུ་གུར་བ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་མཐའ་དག་བསམ་བཞིན་དུ་ཆེ་བསྒྱུར་དང་ངན་བསྒྱུར་བྱས་དང་བྱེད་ཀྱིན་ཡོད། ༢༠༠༩ ལོའི་ཨོ་རོམ་ཆི་དོན་རྐྱེན་མ་བྱུང་བའི་སྔོན་དུ་ཞིན་ཅང་གི་གནས་ཚུལ་དམིགས་བསལ་ཡིན་ཡང་། ཡུ་གུར་མི་རིགས་དང་རྒྱ་མི་རིགས་བར་མངོན་གསལ་དོད་པོའི་འགལ་བ་ཆེར་མེད། ཡིན་ན་ཡང་། དོན་རྐྱེན་དེའི་རྗེས་སུ། ཡུ་གུར་བ་དང་རྒྱ་རིགས་བར་འགལ་ཟླ་ཆགས་ནས། མི་རབས་འགར་ཞིན་ཅང་དུ་འཚོ་ཞིག་གནས་པའི་རྒྱ་རིགས་མང་པོ་ཞིག་ད་ལྟ་ཕྱིར་རྒྱ་ནག་ནང་ལོགས་སུ་གཞི་སྤོར་དགོས་པར་ཐུག་ཡོད་པ་རེད།
རྒྱ་ནག་ནང་ལོགས་སུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རིགས་ཅི་ཞིག་བྱུང་ཡང་། ལམ་སང་ས་གནས་ཉེན་རྟོག་པས་ཡུ་གུར་བ་རིག་རིག་ཚང་མ་རྒྱུ་མཚན་མེད་པར་འཛིན་བཟུང་བཀག་ཉར་བྱེད་རྒྱུའི་ལམ་སྲོལ་ཞིག་ཆགས་ཡོད་ལ། གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་སྐོར་ཞིག་ཡུ་གུར་བ་འབྲེལ་བ་ཡོད་པ་བདེན་ཡང་། དེ་ནི་ཡུ་གུར་བ་ཤིན་ཏུ་ཉུང་ཉུང་ཞིག་གི་བྱ་སྤྱོད་ཡིན་པ་ལས་ཡུ་གུར་བ་གཞན་རྣམས་དང་འབྲེལ་བ་ཅི་ཡང་མེད། བཟང་ངན་དཀར་ནག་གི་དབྱེ་བ་མེད་པར་ཡུ་གུར་བ་ཚང་མ་དགྲ་རུ་བཟུང་བས་རྐྱེན་
གྱིས་ཡུ་གུར་བ་རྣམས་རྒྱ་རིགས་དང་རྒྱང་མི་བཀྱེད་རང་བཀྱེད་དུ་གྱུར་ཡོད་པ་རེད།
སྤྱིར་བཏང་ཡུ་གུར་མི་རིགས་དེ་དུས་དེ་རིང་བར་དུ་ཞི་བདེ་འགྲིག་མཐུན་ངང་མི་རིགས་གཞན་དང་མཉམ་གནས་བྱས་ཡོད། གལ་ཏེ་དེ་རིང་ཡུ་གུར་མི་རིགས་ནང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་ཡོད་ན། དེ་ནི་རྒྱ་ནག་གཞུང་གིས་བསམ་བཞིན་དུ་བཟོས་པ་ཞིག་ལས་ཡུ་གུར་བའི་བསམ་འདུན་མིན།