ཀྲུའུ་ཝེ་ཆོན་གྱི་ཧམ་བཤད།

Screen Shot 2015-03-16 at 9.48.23
རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཚོགས་ཀྱི་འགན་འཛིན་ཀྲུའུ་ཝེ་ཆོན།

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཚོགས་ཀྱི་འགན་འཛིན་ཀྲུའུ་ཝེ་ཆོན་ཟེར་བས། “གལ་ཏེ་ཏཱ་ལའི་བླ་མས་དོན་ངོ་མའི་རྒྱ་ནག་དབུས་གཞུང་དང་འབྲེལ་བ་ཇེ་ཡག་ཏུ་གཏོང་བསམ་ན། ཉུང་མཐའ་ཡང་ལས་དོན་ཡག་པོ་ཁ་ཤས་བསྒྲུབ་ནས། ད་ལྟའི་གནས་བབ་དེ་ལེགས་བཅོས་བྱས་ནས། རང་ཉིད་ཀྱི་ལྷག་བསམ་མཚོན་དགོས།” ཞེས་དགོས་འདུན་བཏོན་འདུག
ཕྱི་ཚེས ༡༧ཉིན་ཀྲུའུ་ཝེ་ཆོན་གྱིས་དམར་ཤོག་ཚོགས་པའི་སྨྱན་བྱད༼ མི་དམངས་ཉིན་རེའི་ཚགས་པར༽གྱི་ཡན་ལག་དྲྭ་ཚུགས༼ མི་དམངས་དྲྭ་རྒྱ༽ཟེར་བའི༼ སྟོབས་ཆེན་རྒྱལ་ཁབ་གླེང་སྟེགས༽ཞེས་པའི་གཟུགས་མཐོང་བརྙན་པར་ལས་ཚན་དུ་མཉམ་ཞུགས་སྐབས། ཕྱི་ཚེས ༡༥འི་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གིས་སྤེལ་བའི་བོད་དོན་ཐད་ཀྱི་དེབ་རྒྱབ་ཤོག་དཀར་པོའི་སྐོར་གླེང་སློང་བྱས་ཡོད་པ་དང་། སྐབས་དེར་ཀྲུའུ་ཝེ་ཆོན་གྱིས ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོས་འདུན་དོན་ཚན་ཁག་གསུམ་བཏོན་འདུག དང་པོ། ཏཱ་ལའི་བླ་མས་ངེས་པར་དུ་བོད་ཁུལ་དུ “རྡུང་འཕྲོག་བཅོམ་སྲེག” གི་དྲག་པོའི་ཁྲིམས་འགལ་དོན་རྐྱེན་དང་རང་ལུས་མེ་སྲེག་གི་དོན་རྐྱེན་རིགས་བཟོ་རྒྱུ་དང་། ངན་སྐུལ་བྱེད་རྒྱུ། ཇུས་འགོད་བྱེད་རྒྱུ་སོགས་མཚམས་འཇོག་དགོས། གཉིས་པ། ངེས་པར་དུ་རྒྱལ་སྤྱི་སྟེང་གི “གཡམ་རྒྱུག” རིགས་མཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་དབུས་གཞུང་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འབྲེལ་བར་གཏོར་བརླག་བྱེད་རྒྱུ་མཚམས་འཇོག་དགོས། གསུམ་པ། ངེས་པར་དུ་ཏཱ་ལའི་ཡང་སྲིད་གནད་དོན་ཟེར་བ “འུད་སྒྲོག་བྱེད” མཚམས་འཇོག་དགོས། བཅས་རེད། ཀྲུའུ་ཝེ་ཆོན་གྱིས་ད་དུང་ཡང་། “གལ་ཏེ་ཏཱ་ལའི་བླ་མར་འདི་ལྟ་བུའི་དོན་དམ་པའི་རྣམ་འགྱུར་ཞིག་མེད་པར་སྐད་ཆ་སྙན་པོ་འགའ་བཤད་པ་ཙམ་གྱིས་ག་ལ་འགྲིག ཁ་བཤད་ལས་ལག་ལེན་མེད་པ་ལས་ཁོང་ལ་ལྷག་བསམ་མེད་པ་མཚོན་ཡོད་པས། འབྲེལ་འདྲིས་གླེང་མོལ་བྱ་རྒྱུར་གཞི་རྩའི་དགོས་ངེས་གྱི་ཁོར་ཡུག་ཙམ་ཡང་མ་གནས་པ་རེད།” ཅེས་བརྗོད་འདུག
དེ་མིན་ཡང་སྐབས་དེར་ ༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ཀྲུའུ་ཝེ་ཆོན་གྱིས། “དབུ་མའི་ལམ་ཟེར་བ་དང་བོད་རང་བཙན་གཉིས་ལ་གཞི་རྩའི་ཁྱད་པར་ཆེར་མེད། བཤད་སྟངས་མ་འདྲ་གཉིས་དང་ཡང་ན་བོད་རང་བཙན་ཐོབ་ཐབས་སུ་རིམ་པ་གཉིས་བཀར་བ་ལས་དོན་གྱིས་གཅིག་མཚུངས་ཡིན། བོད་ཆེས་མཐོའི་རང་སྐྱོང་ཟེར་བ་ནི་རིམ་པ་དང་པོ་དང་། དམིགས་ཡུལ་དེ་འགྲུབ་རྗེས་རིམ་པ་གཉིས་པ་ནི་བོད་རང་བཙན་བྱ་རྒྱུ་དེ་ཡིན” ཞེས་དང་།
དེ་མིན་ཡང་ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་གྱི་ཤུགས་རྐྱེན་ལ་ངོས་ལེན་བྱས་ཡོད་པ་དང་། དེ་ཡང་ཀྲུའུ་ཝེ་ཆོན་གྱིས། “ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞིང་ས་དང་ཤུགས་རྐྱེན་ཡོད་པ་བདེན་མོད། འོན་ཀྱང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ད་དུང་ཡང་སྟོབས་ཆེན་གྱི་རྒྱ་ནག་ཅིག་དང་གཅིག་གྱུར་གྱི་རྒྱ་ནག་ཅིག་ལ་མོས་པ་མེད་མཁན་སྐོར་ཞིག་ཡོད་པས་ཡིན་ལ། དེ་ཚོས་རྒྱ་ནག་ཁ་བྲལ་དུ་གཏོང་ཐབས་སུ། བོད་དང་ཞིན་ཅང་གཉིས་རྒྱ་ནག་ཁ་བྲལ་དུ་གཏོང་བྱེད་ཀྱི་ལག་ཆ་བྱས་ཡོད།” ཅེས་སོགས་བརྗོད་འདུག
ཀྲུའི་ཝེ་ཆོན་གྱིས་ཕྱི་ལོ ༡༩༩༨ ནས ༢༠༡༣ བར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་ཁུར་བ་དང་། ཕྱི་ལོ ༢༠༠༩ལོར་རྒྱ་ནག་དབུས་བོད་ཀྱི་ལས་དོན་མཐུན་འགྲིག་ཚོགས་ཆུང་གི་གཞུང་ལས་ཁང་གི་འགན་འཛིན་གྱི་གོ་གནས་ཀྱང་ཁུར་ཡོད། དེ་མིན་ཕྱི་ལོ ༢༠༠༢ ནས ༢༠༡༠ བར་ཐེངས་བཅུ་ལ་སྤེལ་བའི་བོད་རྒྱལ་འབྲེལ་མོལ་སྐབས་རྒྱ་ནག་གཞུང་འབྲེལ་གྱི་སྐུ་ཚབ་གཙོ་གྲོས་ཡིན་ཞིང་། རྒྱ་ནག་གཞུང་གི་བོད་དོན་ལ་རྒྱུས་མངའ་ཆེ་བའི་དཔོན་རིགས་ཤིག་དང་བཙན་བྱོལ་བོད་གཞུང་ལ་འབྲེལ་འདྲིས་མང་པོ་བྱས་མྱོང་བའི་རྒྱ་ནག་གི་དཔོན་རིགས་མཐོ་གྲོས་ཤིག་ལ་ངོས་འཛིན་བྱས་ཡོད།