ཆུ་རྩོད་འཐབ་འཁྲུག་གི་དུང་བརྡ་དང་པོ ___རྫམ་ཆུ་རགས་ཆེན་མོ།

Zangmu dam terrain
པར་འདི་ནི་རྒྱུ་སྐར་སྟེང་བླངས་པའི་རྫམ་ཆུ་རགས་གློག་ཁང་གི་པར་རིས་རེད།

རྩོམ་པ་པོ། ཝང་ཝི་ལུའོ། བོད་འགྱུར། འབྲོག་མྱི།

༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་གིས་བོད་ལྗོངས་ས་ཁུལ་དུ་ཆུ་ཤུགས་གློག་ཁང་དང་ཆུ་མཛོད་ཆུ་རགས་སོགས་བསྐྲུན་རྒྱུར་ངོ་རྒོལ་ཤུགས་དྲག་གནང་ཡོད་པ་དང་། གལ་ཏེ་ཆུ་རགས་བརྩིག ཆུ་མཛོད་བསྐྲུན་ཚེ། བོད་མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་ལ་ཟློག་ཐབས་བྲལ་བའི་ཕུགས་སྐྱོན་དང་གནོན་འཚེ་ཐེབས་རྒྱུར་ཐུགས་འཁྲལ་གནང་ཡོད།

ད་ལྟ། རྫམ་ཆུ་ཤུགས་གློག་ཁང་གིས་གློག་ཐོན་སྐྱེད་བྱེད་འགོ་དངོས་སུ་ཚུགས་ཡོད་པས། བོད་ལྗོངས་སུ་ཆུ་ཤུགས་གློག་ཁང་གཞི་རྒྱ་ཆེན་པོས་བསྐྲུན་རྒྱུའི་དུང་བརྡ་བརྒྱབས་པ་རེད། དེ་དང་ཆབས་ཅིག་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་ཆུ་རྩོད་འཐབ་འཁྲུག་གི་གཡུལ་འགོ་ཡང་བསླངས་པ་རེད།

བོད་ལ་མཚོན་ན་དེ་ནི་འགྱེལ་ཐོག་རྡོག་བརྫིས་ཀྱི་འཕྲོག་བཅོམ་ལས་མ་འདས།

རྒྱ་ནག་གཞུང་གཉེར་ཧྭ་ནེང་ཀུང་སིས་མ་རྩ་བཙུགས་ནས་བཟོ་བསྐྲུན་བྱས་པའི་རྫམ་ཆུ་རགས་ཆེན་མོ་ནི་ཡར་ཀླུང་གཙང་པོའི་སྟེང་འཆར་བཀོད་ལྟར་འཛུགས་སྐྲུན་བྱས་པའི་ཆུ་ཤུགས་གློག་ཁང་ཆེད་བསྐྲུན་པའི་ཆུ་རགས་བཟོ་བཀོད་དང་པོ་དེ་ཡིན། ཕྱི་ལོ ༢༠༡༤ ཟླ ༡༡ ཚེས ༢༣ ཉིན། རྫམ་ཆུ་ཤུགས་གློག་ཁང་གིས་གློག་ཐོན་སྐྱེད་ཀྱི་མགོ་བརྩམས་ཡོད་པས། དུས་དེ་ནས་བཟུང་རྒྱ་ནག་དམར་གཞུང་གིས་དབང་བསྒྱུར་འོག་གི་ཀྲུང་གོ་ཞེས་པའི་ས་ཆེན་དེའི་སྟེང་ན་ཆུ་རགས་བསྐྲུན་མེད་པའི་རང་བྱུང་གི་ཆུ་བོ་གཅིག་ཀྱང་ལྷག་མེད། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཟངས་རི་རྫོང་དང་རྒྱ་ཚ་རྫོང་གི་བར་གྱི་གྲོག་རོང་འགག་རྒྱུད་དུ་ཚད་རིམ་ལྔ་ཅན་གྱི་ཆུ་མཛོད་ཆུ་རགས་བཟོ་བསྐྲུན་བྱ་རྒྱའི་འཆར་གཞི་བཀོད་ཡོད་པ་དང་། རྫམ་ཆུ་ཤུགས་གློག་ཁང་གི་ཆུ་རགས་དེ་ཚད་རིམ་བཞི་བ་ཡིན་ཞིང་། རྫམ་ཆུ་རགས་བསྐྲུན་པའི་དམིགས་ཡུལ་ནི་གློག་ཐོན་སྐྱེད་དང་། ཆུ་ལོག་སྔོན་འགོག ཞིང་ཆུ་འདྲེན་པ་བཅས་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་རྒྱལ་ཁབ་གློག་དྲྭ་བོད་ལྗོངས་གློག་ཤུགས་ཀུང་སིའི་འགན་འཛིན་ལིའུ་ཞོ་མེང་གི་བརྗོད་པར་གཞིགས་ན། རྫམ་ཆུ་ཤུགས་གློག་ཁང་གི་གློག་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་བོད་རྒྱའི་གློག་དྲྭའི་གློག་མཁོ་འདོན་གྱི་དཀའ་ཁག་རྩ་བ་ནས་སེལ་ཡོད་ལུགས་རེད། འོན་ཀྱང་། དོ་དམ་པའི་རྫམ་ཆུ་ཤུགས་གློག་ཁང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཁམས་མཐོ་སྒང་གི་གཏེར་ཁ་སྔོག་འདོན་ལས་གཞི་ལ་མཐུན་རྐྱེན་རོགས་འདེགས་ཀྱི་སླད་དུ་རེད། དཔེར་ན། གསེར་དང་། ཟངས་ཀྱི་གཏེར་ཁ་སོགས། དེ་དང་མཉམ་དུ་བོད་ཀྱི་གློག་ཤུགས་ཕྱི་ཕྱོགས་སུ་ཚོང་བསྒྱུར་ཆེད་ལག་རྩལ་གྱི་ཐད་ནས་གྲ་སྒྲིག་བྱེད་ཀྱིན་པ་རེད།

རྫམ་ཆུ་རགས་ཀྱི་རགས་ཆེ་ཤོས་ཀྱི་མཐོ་ཚད་ལ་གོམ་པའམ་སྨི ༡༡༦ ཡོད་ཅིང་། ཆུ་རགས་ཀྱི་ཤོང་ཚད་ལ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༠.༨༦༦ ཡོད་པ་དང་། བཟོ་བཀོད་ཀྱི་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཐད་ནས་དཔྱད་ཞིབ་བྱས་ཀྱང་། འཕྲུལ་འཁོར་གྱི་བོངས་ཚད་ནི་སྟོང་ཝྭ་ཁྲི ༥༡ ཡིན་ལ། མ་རྩར་རྒྱ་ནག་གི་སྒོར་མོ་དུང་ཕྱུར ༩༦ གནས་ཡོད༼མ་རྩའི་མང་ཤོས་རྒྱ་ནག་དབུས་གཞུང་གིས་བཏོན་འདུག༽།

སྟོང་ཝྭ་རེ་རེའི་གློག་འདོན་འཕྲུལ་འཁོར་གྱི་བོངས་ཚད་ཀྱི་མ་རྩ་ནི ༡༩༢༠༠ ཡིན་ཞིང་། རྫམ་ཆུ་ཤུགས་གློག་ཁང་གི་སྤྱིའི་འགྲོ་གྲོན་ལ་འགྲོ་སོང་ཆེན་པོ་ཤོར་བའི་འབྲི་ཆུ་འགག་གསུམ་གྱི་ཆུ་རགས་ཆེན་མོའི་མ་རྩའི་ལྡབ་གཉིས་གནས་ཡོད། བཟོ་སྐྲུན་མ་རྩར་འགྲོ་སོང་ཆེན་པོ་བཏང་བའི་དབང་གིས་གློག་རིན་ཡང་དེ་བཞིན་དུ་མཐོན་པོ་གནས་ངེས་ཡིན། ནང་ཁུལ་གྱི་བརྒྱ་ཆའི་བཅུ་ཡི་མ་རྩའི་ཁེ་སྤོགས་ལྟར་རྩིས་བརྒྱབས་ན། རྫམ་ཆུ་ཤུགས་གློག་ཁང་བཟོ་བཀོད་ཀྱི་གློག་རིན་གྱི་མ་གནས་ནི་སྟོང་ཝྭ་དུས་ཚོད་རེ་རེར་སྒོར ༠.༣༨༤ གནས་ཀྱིན་ཡོད་པས། རྒྱ་ནག་ནང་ལོགས་ས་ཁུལ་གྱི་གློག་རིན་གྱི་མ་གནས་སྟོང་ཝྭ་དུས་ཚོད་རེ་རེར ༠.༢༥འི་ཚད་གཞི་ལས་མཐོ་ཞིང་། དེ་བོད་ལ་མཚོན་ན་འགྱེལ་པའི་ཐོག་རྡོག་བརྫིས་བྱས་པའི་དཔེ་བཞིན་འཕྲོག་བཅོམ་ལས་གཞན་ཅི་ཞིག་ཡིན་ནམ། དེ་བཞིན་དཔྱ་ཁྲལ་འཇལ་མཁན་རྒྱ་རིགས་མི་དམངས་ལ་མཚོན་ན་ཡང་དྲང་བདེན་ཞིག་ཡེ་ནས་མིན། དོན་དངོས་སུ་བོད་ཁུལ་དུ་ཉི་མའི་འོད་ཀྱི་ནུས་ཤུགས་དང་། རླུང་ཤུགས། ས་དྲོད་ནུས་ཤུགས་སོགས་ཕུན་སུམ་ཚོགས་པ་ཡོད། གལ་སྲིད་སྒོར་མོ་དུང་ཕྱུར ༩༦ བཀོལ་ནས་ཉི་མའི་ནུས་ཤུགས་སྤྱད་ནས་གློག་བཏོན་པ་ཡིན་ན། ལོ་རེ་རེའི་གློག་འདོན་བོངས་ཚད་དེ་རྫམ་ཆུ་ཤུགས་གློག་ཁང་ལས་སྟོང་ཝྭ་དུས་ཚོད་དུང་ཕྱུར ༢༥ ལས་མང་པོ་འདོན་ཐུབ། གལ་ཏེ་སྒོར་མོ་དུང་ཕྱུར ༩༦ གིས་བོད་མི་ཚོར་ཁང་པ་ལྗང་ཁུ་ཞེས་པའི་གནོད་འཚེ་མེད་པའི་སྡོད་ཁང་དང་། ཉི་མའི་ནུས་ཤུགས་དང་རླུང་ཤུགས་ཀྱི་གློག་ཐོན་སྐྱེད་བྱེད་པ། ས་དྲོད་ལས་ཚ་དྲོད་བླངས་ཚེ།  ཁྱིམ་ཚང་གིས་ནུས་ཤུགས་དག་གཙང་རྐྱང་བེད་སྤྱོད་བྱས་ཡོད་པ་མ་ཟད། ད་དུང་གློག་དྲྭར་མཁོ་འདོན་བྱེད་རྒྱུའི་གློག་ལྷག་མའང་ཡོད།

ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་སུ་རྒྱ་ནག་གི་རྒྱལ་དམངས་ཐོན་སྐྱེད་བསྡོམས་ཐང(GDP)མགྱོགས་མྱུར་ངང་འཕར་ཡོད་ལ། གཞི་རྒྱ་ཆེན་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟེན་ས་གཙོ་དེ་ཡིན་ལ། འཕེལ་རྒྱས་དེའི་ནང་ཆུ་མཛོད་ཆུ་རགས་སོགས་འཛུགས་སྐྲུན་ལ་མ་རྩ་འབོར་ཆེན་བཙུགས་པའང་ཐེ་ཡོད། རྒྱ་ནག་དབུས་གཞུང་ལ“ནུབ་རྒྱུད་དར་སྤེལ་ཆེན་མོ ”ཞེས་པའི་འཆར་གཞི་ཞིག་ཡོད་པ་དང་། འཆར་གཞི་དེའི་ནང་གི་གཙོ་ཆེ་ཤོས་དེ་ཆུ་ཤུགས་གློག་འདོན་དར་སྤེལ་རེད། ཐོག་མའི་དུས་སྐབས་སུ་དར་སྤེལ་བྱེད་ཡུལ་གཙོ་བོ་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་སྤེལ་འདུག དཔེར་ན། སི་ཁྲོན་དང་ཡོན་ནན་སོགས། སྐབས་དེར་བོད་རང་སྐྱོང་ལྗོངས་དུ་ཆུ་མཛོད་ཆུ་གློག་རིགས་དར་སྤེལ་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ས་གནས་བོད་མིའི་ངོ་རྒོལ་བྱས་པ་དང་། ནང་སྒོས་སུ ༧ ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་བོད་ཁུལ་དུ་ཆུ་རགས་གློག་འདོན་གྱི་བཟོ་སྐྲུན་ལ་ངོ་རྒོལ་དང་བཀག་འགོག་བྱས་པས་རེད། པན་ཆེན་རིན་པོ་ཆེ་མཆོག་གིས་བོད་ཁུལ་དུ་ཆུ་རགས་གློག་འདོན་ལས་རིགས་སྤེལ་ཚེ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་དང་གནམ་གཤིས་ལ་གནོན་འཚེ་ཐེབས་རྒྱུར་ཐུགས་འཁྲལ་གནང་བ་ཤར་སྟག་རེད། དེ་འདྲའི་དབང་གིས་བར་སྐབས་ཤིག་ཏུ་བོད་ལྗོངས་སུ་ཆུ་རགས་ཆུ་གློག་རིགས་འཛུགས་སྐྲུན་བྱེད་མ་ནུས་པར་ལྷག་འདུག ཡིན་ན་ཡང་། པན་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་རྗེས། སྐབས་དེའི་རྒྱ་ནག་གི་སྲིད་བློན་ལའེ་ཕིང་གིས་ཡར་འབྲོག་གཡུ་མཚོའི་ཆུ་ཤུགས་གློག་འདོན་གྱི་བཟོ་སྐྲུན་ལས་དོན་དེ་བོད་རང་སྐྱོང་ལྗོངས་ས་གནས་གཞུང་ལ་འཚམས་རྟགས་ཀྱི་ཚུལ་དུ་ཕུལ་ཞིང་། དེ་དང་བསྟུན་ནས་དྲག་ཆས་ཉེན་རྟོག་དམག་ཆུ་གློག་རུ་ཁག་དེ་བཟོ་སྐྲུན་རུ་ཁག་གི་ངོ་བོས་བོད་ལྗོངས་སུ་བསླེབས།

བོད་ཆུ་ཕྱི་འདྲེན་བྱེད་རྒྱུར་འཐུས་གུ་ཚང་པའི་ལག་རྩལ་གྲ་སྒྲིག་བྱེད་པ།

ནུབ་རྒྱུད་ཆུ་གློག་དར་སྤེལ་ཆེན་མོ་གཞི་རྒྱ་ཆེ་ཞིང་གོམ་འགྲོས་མྱུར། ལོ་འགའི་རྗེས་སུ་བོད་ལྗོངས་གཅིག་པུ་ཕུད་པའི་ས་ཁུལ་གཞན་དག་གི་ཆུ་གློག་གི་ཐོན་ཁུངས་ཡོད་ཚད་འཆར་གཞི་ལྟར་དར་སྤེལ་བྱས་ནས་རྫོགས་འགྲོ། སྐབས་དེ་དུས་གང་མགྱོགས་ཀྱིས་ཧམ་པའི་མིག་ཟུང་བོད་ལྗོངས་མཐོ་སྒང་གི་དབུས་ཁུལ་གྱི་ཆུ་གློག་དར་སྤེལ་བྱ་རྒྱུར་ཅེར་ངེས་ཡིན། དེའི་དམིགས་ཡུལ་ནི་བོད་ཀྱི་གློག་ཕྱིའི་རྒྱལ་ཁབ་དང་ཡུལ་གྲུ་ཁག་ལ་འདྲེན་རྒྱུ་དེ་ཡིན། ཆུ་རགས་དང་ཆུ་མཛོད་ཆེན་པོ་འཛུགས་སྐྲུན་བརྒྱུད་ནས་བོད་ཀྱི་ཆུའི་ཐོན་ཁུངས་ལ་བཏང་འཛིན་བྱས་ཏེ་བོད་ཆུ་ཕྱིའི་རྒྱལ་ཁབ་དང་ཡུལ་གྲུར་འདྲེན་རྒྱུར་ལག་རྩལ་ཐད་ནས་གྲ་སྒྲུག་ཨང་གསར་བྱེད་པ། བོད་ཆུ་ཕྱི་འདྲེན་བྱ་རྒྱུར་ལག་རྩལ་ཐད་ནས་གྲ་སྒྲིག་ཨང་གསར་བྱེད་ཕྱོགས་ཐད་ཡོངས་བསྒྲགས་བྱས་པའི་གཞུང་འབྲེལ་ཡིག་ཆ་ལྟར་ན། བོད་རང་སྐྱོང་ལྗོངས་སུ་ཆུ་ནུས་ཐོན་ཁུངས་གཞུང་ལུགས་ཀྱི་ཆགས་ཚད་ནི་སྟོང་ཝྭ་དུང་ཕྱུར ༢ ཡིན་ཞིང་། ཆུ་ནུས་བོངས་ཚད་དེས་རྒྱ་ནག་རྒྱལ་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི ༢༩ % ཟིན་ཡོད་པས། རྒྱ་ནག་རྒྱལ་ཡོངས་སུ་ཨང་དང་པོ་རེད། ཡར་ཀླུང་གཙང་པོ་གཅིག་པུའི་ཆུ་ནུས་ཐོན་ཁུངས་གཞུང་ལུགས་ཀྱི་ཆགས་ཚད་ནི་སྟོང་ཝྭ་དུང་ཕྱུར ༡.༡ ཡིན་པས། དེས་རྒྱ་ནག་རྒྱལ་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི ༦ ཆའི ༡ ཟིན་ཡོད། དེའི་ནང་གཞུང་ཆུའི་ཆུ་ནུས་ཐོན་ཁུངས་ཆགས་ཚད་ནི་སྟོང་ཝྭ་དུང་ཕྱུར ༠.༨ ཡིན་ཞིང་། འབྲི་ཆུའི་རྗེས་སུ་ཨང་གཉིས་པར་གྱུར་ཡོད། གྲངས་ཀ་འདི་དག་གིས་རྒྱ་ནག་པའི་ཧམ་པའི་སྙིང་རླུང་སྟོད་ལ་འཚངས་ཤིང་ཁྲག་དྲོན་རྦ་རླབས་བཞིན་འཕྱུར་དུ་བཅུག་ཡོད། དེ་འདྲའི་གནས་སྟངས་ཀྱི་མདུན་དུ། རྒྱ་ནག་གི་གཞུང་གཉེར་ཀུང་སི་ཆེ་གྲས་འགས་བོད་ལྗོངས་ཀྱི་ཆུ་ནུས་ཐོན་ཁུངས་དུམ་བུར་བགོ་འགོ་བཙུགས་ནས་སོ་སོའི་ནུས་ཤུགས་ལྟར་ཧམ་འཛིན་བྱས་དང་བྱེད་མུས་སུ་ཡོད།

བོད་མིའི་མིག་ལམ་དུ། བོད་ཀྱི་རི་རབ་ལྷུན་པོ་དག་ནི་ལྷ་རི་དང་། གཙང་ཆུ་སྔོན་མོ་རྣམས་ནི་ཀླུ་ཆུ། གཡུ་ཡི་ཕྲ་ལྟར་བརྒྱན་པའི་མཚོ་དང་མཚེའུ་དག་ནི་བླ་མཚོ་ཡིན། དེ་དག་ནི་བོད་མི་འཚོ་གནས་དང་རྒྱུད་འཛིན་གྱི་རྨང་གཞི་ཡང་ཡིན། ཡིན་ན་ཡང་། རྒྱ་ནག་པའི་མིག་ལམ་དུ། བོད་ལྗོངས་ཀྱི་རི་ཆུ་ནགས་གསུམ་ནི་སྒོར་མོ་ཡིན། རྩོམ་ཡིག་ཅིག་ཏུ་འདི་ལྟར་བྲིས་འདུག “བོད་ཀྱི་ཆུ་རྒྱ་ནག་རྒྱལ་ཡོངས་ཀྱིས་ལོ་ཆིག་སྟོང་ལ་བཀོལ་ཡང་མི་རྫོགས། ”(བོད་ཆུ་ཕྱི་འདྲེན་གྱི་ལག་རྩལ་གྲ་སྒྲིག་ལ་ཆུ་ལ་འབགས་བསླད་མེད་པ། ཆུ་སྤུས་བཟང་ཞིང་། སྐྱེ་འགྲོའི་བདེ་ཐང་དང་སྐྱེས་ཁམས་ལ་མི་གནོད་པ། ) ཡང་རྩོམ་ཡིག་ནང་། “ལོ་རེ་རེར་བོད་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༦༠༠༠ ཕྱི་རུ་བཞུར་གྱིན་ཡོད། དེང་གི་དུས་འདིར་ཚྭ་མེད་ཆུ་ཡི་རིན་ཐང་རིན་ཆེན་གསེར་ལས་ལྷག་པས། ཚྭ་མེད་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༦༠༠༠ དོན་མེད་དུ་བརླག་གིན་ཡོད། དེ་ནི་ཧ་ཅང་ཧ་ཅང་གི་འཕྲོ་བརླག་ཆེན་པོ་ཆུད་ཟོས་ཆེན་པོ་རེད། རྒྱལ་སྤྱིའི་ཆུ་རིན་ནི་ཆུ་སྨི་གྲུ་བཞི་ལྷམ་པ་གཅིག་ལ་ཨ་སྒོར་གཅིག་རེད། ང་ཚོས་ལོ་རེར་ཨ་སྒོར་དུང་ཕྱུར ༦༠༠༠ དོན་མེད་དུ་ཆུད་ཟོས་སུ་བཏང་དང་གཏོང་གིན་ཡོད། ཅེས་དང་། ཡང་། རྒྱ་ནག་པ་ཚོ་གླེན་པ་མགོ་སྐྲངས་རེད། རང་ཉིད་ཁ་སྐོམ་གཙང་ཆུ་ཕྱི་རུ་བཞུར། ནམ་ཞིག་རྟོགས་སད་ཆུ་ནུས་དར་སྤེལ་ཚེ། ཀྲུང་ཧྭ་ཨ་རི་ལས་ཀྱང་རྒྱལ་ངེས་ཡིན། ” ཟེར། བསམ་བློའི་འདུ་ཤེས་འདི་ལ་སོམས་དང་། སུ་ཞིག་གིས་བོད་ལྗོངས་ཆུ་གློག་དར་སྤེལ་ཆེན་མོ་དང་བོད་ཆུ་ཕྱི་འདྲེན་གྱི་ཧམ་པའི་གོམ་ཁ་བསྒྱུར་ནུས་སམ།

དོན་ངོ་མ་བཤད་ན། བོད་རང་སྐྱོང་ལྗོངས་ན་ཆུ་ནུས་ཐོན་ཁུངས་སྟོང་ཝྭ་དུང་ཕྱུར ༢ ཡོད་ལུགས་དང་ལོ་རེར་ཚྭ་མེད་གཙང་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༦༠༠༠ ཕྱི་རུ་བཞུར་གྱིན་པའི་ཤོད་སྲོལ་དེ་ཕྱིན་ཅི་ལོག་པའི་བརྡ་འཕྲིན་དག་ལས་བྱུང་བ་ཤར་སྟག་རེད། ཕྱིན་ཅི་ལོག་པའི་བརྡ་འཕྲིན་གྱི་སྐུལ་སློང་འོག་ནོར་འཁྲུལ་ཅན་གྱི་སྲིད་ཇུས་བྱུང་སྲིད་ལ། ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་ཆུ་ནུས་འཕྲོག་རྩོད་ཀྱི་འཐབ་འཁྲུག་བསླང་ངེས་ཡིན།

བོད་ལྗོངས་ཆུ་གློག་དར་སྤེལ་དང་ཁྱིམ་མཚེས་རྒྱལ་ཁབ་བར་ཆུ་རྩོད་འཐབ་འཁྲུག

འདི་འདྲའི་གལ་གནད་ཆེ་བའི་དོན་དག་ཐད་ད་དུང་ཡང་འཛོལ་བའི་བརྡ་འཕྲིན་ལ་ཡིད་ཆེས་བྱེད་སྲིད་དམ་ཞེ་ན། གལ་ཏེ་དྲན་པ་མ་ཉམས་པར་ཡོད་ན། འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་ཆེན་མོའི་འཛུགས་སྐྲུན་འགོ་ཚུགས་པའི་རྗེས་སུ། ཀྲང་ཀོང་ཏིག་གིས་གཞི་ནས་རྒྱ་ནག་དབུས་མགོ་ཁྲིད་ཁག་ཅིག་ལ་འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་ཆེན་མོའི་གཞི་རྩའི་གྲངས་ཀ་ལབ་ཡོད———འགག་གསུམ་ཆུ་རགས་ཆེན་མོའི་ཆུ་ལོག་སྔོན་འགོག་གི་ནུས་པའི་བོངས་ཚད་ཐད་རྩིས་ནོར་ཐེབས་ཡོད་པས། དྲིལ་བསྒྲགས་བྱས་པ་ནང་བཞིན་ཆེན་པོ་མེད་མོད། འོན་ཀྱང་དེ་མི་དམངས་ལ་བཤད་མི་རུང་། ཞེས་པ་ལྟ་བུ་རེད། དེ་མིན་དེ་དང་གཅིག་མཚུངས་ཀྱིས། ལྷོ་ཆུ་བྱང་འདྲེན་བཟོ་བཀོད་ཀྱི་དཀྱིལ་ཐིག་བཟོ་བཀོད་རྫོགས་ལ་ཉེ་དུས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ལྷོ་ཆུ་བྱང་འདྲེན་བཟོ་བཀོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འགན་འཛིན་ཨིག་ཅིང་ཕེང་གིས༼རྒྱ་ནག་དཔལ་འབྱོར་གཟའ་དེབ༽ཀྱི་བཅར་འདྲི་སྐབས། ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ལས་དོན་གྱི་རྨང་གཞིའི་ལས་དོན་ཡག་པོ་ཞིག་འགྲུབ་མེད་ཚུལ་ཁས་ལེན་བྱས་པ་རེད།

བོད་ལྗོངས་ཆུ་གློག་དར་སྤེལ་ཆེན་མོའི་ལས་གཞི་འགོ་ཚུགས་པའི་དུང་སྒྲ་གྲགས་དུས། རྒྱ་ནག་གཞུང་ཤིན་ཏུ་ནས་གལ་འགངས་ཆེ་བའི་གནད་དོན་ཞིག་ལ་གདོང་ཐུག་ཡོད། དེ་ནི་རྨང་གཞིའི་གྲངས་ཀར་ནོར་འཛོལ་ཐེབས་ཡོད་པ་དང་།  དོན་དངོས་སུ་བོད་ལྗོངས་སུ་དྲིལ་བསྒྲགས་བྱས་པ་ནང་བཞིན་གྱི་དེ་འདྲའི་ཆུ་ནུས་ཐོན་ཁུངས་རྫོགས་མཐའ་མེད་པ་ཞིག་མེད་པ་དང་། བོད་ལ་ཆུའི་ཐོན་ཁུངས་དེ་འདྲའི་མང་པོ་ཞིག་ཀྱང་མེད་པའི་དངོས་ཡོད་གནས་ཚུལ་དེ་རེད། དཔྱད་གཞིའི་ཡིག་ཆར་གཞིགས་ན། རྫམ་ཆུ་གློག་རགས་ཆེན་བསྐྲུན་སའི་ཡར་ཀླུང་གཙང་པོ་ནི་བོད་ལྗོངས་ཀྱི་གཙང་པོ་ཆེ་ཤོས་དེ་ཡིན་ཞིང་། གཙང་པོའི་བཞུར་རྒྱུན་རིང་ཚད་ལ་སྤྱི་ལེ ༢༠༧༠ ཡོད་པ་དང་། བཞུར་རྒྱུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༢༤ ཡོད། ལོ་མང་རིང་ཆ་སྙོམས་བཞུར་ཚད་ནི་སྨི་གྲུ་བཞི་ལྷམ་པ ༡༦༥༤ (ཕྱི་རུ་བཞུར་བ) ཡིན་ཞིང་། རྒྱ་ནག་རྒྱལ་ཡོངས་སུ་ཨང་བཞི་བ་རེད། ཆུ་གཞུང་གི་ཆུ་ནུས་ཆགས་ཚད་སྟོང་ཝྭ་དུང་ཕྱུར ༠.༨ རེད། རྒྱ་ནག་རྒྱལ་ཡོངས་སུ་ཨང་གཉིས་པ་རེད། ཡར་ཀླུང་གཙང་པོའི་ལོ་མང་རིང་གི་ཆ་སྙོམས་བཞུར་ཚད་དང་གཞུང་ཆུའི་ཆུ་ནུས་ཆགས་ཚད་ནི་རྒྱ་ནག་གི་ས་ཁྲ་ནང་བཀོད་པའི་རྒྱ་གར་ནག་གི་ས་མཚམས་སུ་ཡོད་པའི་ཕཱ་སི་གྷ་ཊི (Pasighat) ལྟར་རྩིས་བརྒྱབས་པ་རེད། གྷུ་གྷོལ(Google)ས་ཁྲ་ལས་གསལ་བ་ལྟར་ན།  ཕཱ་སི་གྷ་ཊི་ཞེས་པ་བོད་ལྗོངས་ལྷོ་ཕྱོགས་སུ་ཡོད་ཅིང་། ད་ལྟ་རྒྱ་གར་གྱིས་བཏང་འཛིན་འོག་ཡོད་པའི་ཨ་རུ་ནཱ་ཅལ་མངའ་སྡེ་ཟེར་བའི་ཁོངས་སུ་གཏོགས། དོན་དངོས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་སྤྱི་ལེ ༥༠༠ མ་ཟིན་ཙམ་ཞིག་རྒྱ་གར་གྱིས་བཏང་འཛིན་འོག་ཡོད་པའི་བོད་ཀྱི་ལྷོ་ཁ་ས་ཁུལ་ཁོངས་སུ་ཡོད། རྒྱ་ནག་གི་དོན་དངོས་སུ་བཏང་འཛིན་བྱས་ཡོད་པའི་མཐའ་མའི་ཆུའི་ཐོན་ཁུངས་དེ་རྒྱ་གར་གྱིས་དོན་དངོས་བཏང་འཛིན་བྱས་པའི་ས་ཁུལ་ཁོངས་སུ་གཏོགས་པ་དང་། དེ་ནང་བཞིན། ཆུ་ནུས་ཐོན་ཁོངས་ཀྱི་དུམ་བུ་ཞིག་ཀྱང་རྒྱ་གར་གྱིས་དོན་དངོས་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཁོངས་སུ་ཡོད།

སྟོང་ཝྭ་དུང་ཕྱུར ༢ ཀྱི་ཆུ་ནུས་ཐོན་ཁུངས་དང་སྨི་གྲུ་བཞི་ལྷམ་པ ༦༠༠༠ ཕྱི་རུ་བཞུར་བའི་ཆུ་ཡི་མང་ཆེ་བ་ད་ལྟ་རྒྱ་གར་གྱིས་དོན་དངོས་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཁག་ཏུ་ཡོད། དེར་བརྟེན། གླེན་པ་མགོ་སྐྲངས་བྱེད་མི་འདོད་ན། ཀྲུང་ཧྭ་ཨ་རི་ལས་ཀྱང་རྒྱལ་བསམ་ན། བོད་ལྗོངས་ཆུ་གློག་དར་སྤེལ་ཆེན་མོའི་ལས་དོན་དེ་ངེས་པར་དུ་ད་ལྟ་རྒྱ་གར་གྱི་དོན་དངོས་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཁག་ཏུ་སྤེལ་དགོས། དེ་བཞིན་དུ་བོད་ཆུ་ཕྱོགས་འདྲེན་ཆེན་མོ་ཡང་ད་ལྟ་རྒྱ་གར་གྱི་དོན་དངོས་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཁག་ཏུ་སྤེལ་དགོས། དེ་ལྟར་བསམ་བློ་བཏང་ན། བོད་ལྗོངས་ཆུ་གློག་དར་སྤེལ་ཆེན་མོ་ཞེས་པ་དོན་གྱིས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་ཆུ་རྩོད་འཐབ་འཁྲུག་མགོ་བརྩམས་ཟིན་པ་མ་རེད་དམ།

ཚོད་དཔག་དམའ་དྲགས་པས་བོད་ལྗོངས་གྱི་སྐྱེས་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་ཕོག་པའི་གནོད་འཚེ།

མདོ་དབུས་མཐོ་སྒང་ཆགས་ནས་དུས་ཡུན་རིང་པོ་ཕྱིན་མེད་པས། མདོ་དབུས་མཐོ་སྒང་དེ་ས་འགུལ་དང་ས་རྡོ་ཆུ་རུད་སོགས་ས་གཤིས་གནོད་འཚེ་སྣ་ཚོགས་ནམ་རྒྱུན་བྱུང་བའི་ས་ཁུལ་དུ་གཏོགས་ཤིང་། ཆུ་མཛོད་རགས་ཆེན་དང་གཏེར་ཁ་སྔོག་འདོན་བྱེད་ཡུལ་མང་པོ་ཞིག་གས་སྲུབས་ས་རྒྱུད་སྟེང་དང་ཡང་ན་ཉེ་སར་ཁེལ་ཡོད་པས། བྲག་རྒྱུད་ལ་གཏོར་བརླག་དང་ཡང་ན་ས་ཡོམ་བསླང་རྒྱུའི་ཉེན་ཁ་ཡོད།

ཕྱི་ལོ ༢༠༡༣ ལོའི་ཟླ ༣ ཚེས ༢༩ ཉིན། བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་དུ་གཞི་རྒྱ་ཆེན་པོའི་ས་རྡོ་རུད་པའི་རང་བྱུང་གནོད་འཚེ་བྱུང་ནས་ལས་བཟོ་བ ༨༣ ས་རྡོའི་འོག་བཀླུབས་པ་རེད། འདི་ནི་དཔེར་མཚོན་གཅིག་ཁོ་ན་ཡིན། རྫམ་ཆུ་གློག་རགས་ཆེན་གྱི་ཉེ་འཁྲིས་ན་ཡོད་པའི་ཞོང་མ་གྲོག་རོང་གི་ས་རྡོ་ཆུ་རུད་ཀྱིས་རྫམ་ཆུ་གློག་རགས་ཆེན་ལ་ཐད་ཀར་འཇིགས་སྐྱེད་ཀྱིན་ཡོད། ཆུ་མཛོད་རགས་ཆེན་བསྐྲུན་ནས་ཆུའི་ཚད་ཇེ་མཐོར་བཏགས་པས་ཆུའི་གནོན་ཤུགས་ཀྱང་ཇེ་ཆེར་སོང་པ་དང་། དེ་དང་མཉམ་དུ་གྲོག་རོང་བྲག་འགག་གི་གཙང་པོའི་གཡས་གཡོན་གྱི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད། དེ་ལ་རྐྱེན་བྱས་ཏེ་ས་གཤིས་གནོད་འཚེའི་རིགས་གཞི་རྒྱ་ཆེན་པོས་བྱུང་མི་སྲིད་པ་མིན། ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་ཆར་ཆུའི་ཡོང་ཁུངས་གཙོ་བོ་ཞིག་ནི་རྒྱ་གར་གྱི་བྷང་ག་ལ་མཚོ་ཁུག་གི་དྲོ་གཤེར་རླངས་རྒྱུ་ཡིན། ལྷོ་ཕྱོགས་ཀྱི་ཧི་མ་ལ་ཡ་རི་རྒྱུད་ཀྱིས་དྲོ་གཤེར་རླངས་རྒྱུའི་བརྒྱུད་ལམ་བཀག་ཡོད་པས། ཧི་མ་ལ་ཡ་ལྷོ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ནི་འཛམ་གླིང་སྟེང་ཆར་ཆུ་ཧ་ཅང་འཛོམས་པའི་ས་ཁུལ་དེ་ཡིན། བོད་ལྗོངས་ལྷོ་ཁའི་ཕཱ་སི་གྷ་ཊིར་ལོ་མང་རིང་ལོ་རེར་ཆ་སྙོམས་ཆར་ཆུ་ཧའོ་སྨི(Millimeter) ༦༠༠༠ ལྷག་འབབ་ཀྱིན་ཡོད་།

དོན་དངོས་རྒྱ་ནག་གི་བཏང་འཛིན་འོག་ཡོད་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དེ་ཧི་མ་ལ་ཡའི་བྱང་རྒྱུད་ན་ཡོད་ཅིང་། ས་ཁུལ་དེ་གའི་ཆར་ཆུའི་འབབ་ཞོད་གཙོ་བོ་ཡར་ཀླུང་གཙང་པོ་འགག་བརྒྱུད་ནས་ཡར་ཡོང་བའི་དྲོ་གཤེར་རླངས་རྒྱུ་ལས་གྲུབ་ཡོད་ལ། གཙང་བོའི་འགག་རོང་ཤར་ནས་ནུབ་ཀྱི་ས་དབྱིབས་ཇེ་མཐོ་ནས་ཇེ་མཐོར་སོང་བ་དང་བསྟུན་ནས་དྲོ་གཤེར་རླངས་རྒྱུ་རིམ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། སྟོད་རྒྱུད་འབྲོང་པ་རྫོང་དུ་བསླེབས་དུས་ལོ་རེའི་ཆར་ཆུའི་འབབ་ཚད་ཧའོ་སྨི ༢༢༠ ལས་མེད་པས་སྐམ་སའི་ཁོངས་སུ་གཏོགས། རྫམ་ཆུ་གློག་གི་ཆུ་རགས་ཀྱི་མཐོ་ཚད་ལ་སྨི ༡༡༦ ཡོད་ཅིང་། གཅིག་བགྱིས་ན་དྲོ་གཤེར་རླངས་རྒྱུ་དུམ་བུ་ཞིག་ཆུ་རགས་ཀྱིས་བཀག་ཡོད་ཀྱང་སྲིད། དེའི་རྐྱེན་གྱིས་རགས་ཆེན་ནུབ་རྒྱུད་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི ༡༥.༨ ཡོད་པའི་ས་ཁུལ་གྱི་ཆར་ཆུའི་འབབ་ཞོད་ལ་གནོད་སྐྱོན་ཐེབས་ནས་ས་ཁུལ་དེ་དག་ལྷག་པར་དུ་སྐམ་སར་གྱུར་འགྲོ། གལ་སྲིད་རྫམ་ཆུ་གློག་གིས་མཚོན་པའི་ཚད་རིམ་ལྔ་བའི་སྐས་རིམ་དར་སྤེལ་གྱི་འཆར་བཀོད་ལྟར་ན། ཚད་རིམ་ལྔ་བའི་རགས་ཆེན་དག་གིས་རིམ་པ་བཞིན་དྲོ་གཤེར་རླངས་རྒྱུ་བཀག་ཚེ། རགས་ཆེན་ནུབ་རྒྱུད་ཀྱི་དཀྱིལ་དང་སྟོད་ས་ཁུལ་གྱི་ཆར་ཆུའི་འབབ་ཞོད་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་ངེས་ཡིན། དེ་དང་འགྲོས་མཉམ་གྱིས་དཀྱིལ་དང་སྟོད་ཁུལ་བྱེ་ཐང་ཅན་དུ་གྱུར་རྒྱུར་ཡང་ཇེ་མགྱོགས་སུ་འགྲོ་རྒྱུ་གདོན་མི་ཟ། ཆུ་མཛོད་རགས་ཆེན་བསྐྲུན་པས་ཆུ་མཛོད་དང་ཆུ་མཛོད་ཉེ་འགྲམ་ཁུལ་དུ་ཆར་ཆུའི་འབབ་ཞོད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་ཐོག་མར་ཧྲན་ཞི་ཞིང་ཆེན་གྱི་ཏན་ཅང་གཙང་བོའི་ཆུ་མཛོད་ལས་ཤེས་ཡོད། དེའི་རྗེས་སུ་འབྲི་ཆུ་འགག་གསུམ་གྱི་ཆུ་རགས་ཆེན་མོས་ཡང་བསྐྱར་བདེན་དཔང་བྱས་འདུག

རྒྱ་ནག་གི་ཆེད་མཁས་པ་ཁག་ཅིག་གི་བསམ་ཚུལ་ལྟར་ན། ཆུ་རགས་བསྐྲུན་པས་ཉེ་འཁྲིས་ས་ཁུལ་གྱི་དགུན་ཁའི་དྲོ་ཚད་ཇེ་མཐོ་དང་དབྱར་ཀའི་གྲང་ཚད་ཇེ་མཐོ་རུ་འགྲོ་ལུགས་བཤད་ཀྱིན་ཡོད། ཁོང་ཚོས་འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་ཆེན་པོ་ནི་དགུན་ཁ་དྲོ་ཞིང་དབྱར་ཀ་བསིལ་བའི་དྲོ་གྲང་སྙོམས་སྒྲིག་བྱེད་ནུས་པའི་རང་བྱུང་གི་འཕྲུལ་ཆས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ན་ཡང་། དངོས་ཡོད་བདེན་པས་བདེན་དཔང་བྱས་པ་ཞིག་ནི། འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་རགས་ཆེན་དེ་བསྐྲུན་རྗེས། རྒྱ་ནག་ཁྲོན་ཆིང་གྲོང་ཁྱེར་གྱི་དབྱར་ཁའི་ཚ་དྲོད་ཇེ་དམའ་རུ་འགྲོ་རྒྱུ་ཕར་ཤོག དེ་ལས་ལྡོག་དེ་ལོ་ནས་ལོ་རུ་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཚ་བ་བྱུང་ཡོད། དེ་ནི་རགས་ཆེན་ནང་ཆུ་གསོག་རྗེས། གློག་འདོན་འཕྲུལ་འཁོར་གྱིས་གཏིང་གི་ཆུ་གྲང་མོ་བླངས་པ་ལས་སྟེང་གི་དྲོ་ཚད་མཐོ་བའི་ཆུ་བསྒུལ་མེད། དེའི་རྐྱེན་གྱིས་དྲོ་ཚད་འབོར་ཆེན་གསོག་ནས་ཆུ་མཛོད་སྟེང་གི་མཁའ་དབུགས་ཀྱི་ཚ་དྲོད་རྒྱས་པས་རེད།

༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་གནང་བ་ཇི་བཞིན། ཆུ་གློག་དར་སྤེལ་བྱས་པས་བོད་ལྗོངས་ཀྱི་གནམ་གཤིས་དང་སྒོས་སུ་མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན། བོད་ལྗོངས་དང་མདོ་དབུས་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་དེ་ཀྲུང་ཧྭ་ས་ཆེན་ལ་མཚོན་ན་གསབ་ཐབས་བྲལ་བའི་བྱུར་ཆགས་ལས་མ་འདས། དེ་ཡིས་བོད་མིའི་འཚོ་གནས་དང་བོད་ཀྱི་རིག་གཞུང་རྒྱུད་འཛིན་དར་སྤེལ་ལ་གཏོར་བརླག་ཐེབས་རྒྱུ་མ་ཟད། རྒྱ་ནག་གི་མི་རབས་རྗེས་མའི་འཚོ་གནས་རྨང་གཞིར་གཏོར་བརླག་ཆེན་པོ་ཐེབས་ངེས་ཡིན།

མཆན། ཝང་ཝི་ལུའོ (王维洛) ཆུ་བེད་བཟོ་སྐྲུན་ཆེད་མཁས་པ་དང་། བཟོ་བཀོད་རིག་པའི་ལྷ་རམས་པ། རྒྱ་ནག་དང་བོད་ཀྱི་ཆུ་བེད་དང་ཁོར་ཡུག་སྐོར་ལ་དཔྱད་གཏམ་མོད་པ་བྲིས་ཡོད། དེང་གི་རྒྱ་ནག་གི་ཆུ་བེད་དང་ཁོར་ཡུག་ཐད་ཚད་འཛིན་སའི་ཆེད་མཁས་པ་ཞིག་རེད། རྒྱུན་སྡོད་ཀྱི་གནས་འཇར་མིན་རེད།