
རྒྱ་གར་གྱི་སྲིད་བློན་ནཱ་རན་ཌ་རཱ མུ་དྷེ་ཡིས་གང་ཉིད་རྒྱ་གར་གྱི་སྲིད་བློན་ལ་བདམས་རྗེས་ཀྱི་རྒྱ་ནག་གི་འཚམས་གཟིགས་དང་པོ་དེ་རྒྱ་ནག་གི་ལོ་ཉིས་སྟོང་སྔོན་གྱི་གོང་མ་རྒྱལ་བོ་ཐོག་མ་སྒེར་གཅོད་པ་ཆིན་ཧྲི་ཧོང་གི་དུར་སའི་གྱད་རྟ་ཁྲོད་ནས་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཁོང་གི་ཕ་ཡུལ་ཧྲན་ཞི་ཞིང་ཆེན་ཞི་ཨང་གྲོང་ཁྱེར་དུ་འཚམས་གཟིགས་ཆེད་ཕེབས་པའི་རྒྱ་གར་གྱི་སྲིད་བློན་མུ་དྷེ་ལ་སྣེ་ལེན་དང་མཇལ་མོལ་གནང་འདུག པེ་ཅིང་མ་ཡིན་པའི་གྲོང་ཁྱེར་གཞན་ཞིག་ཏུ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་སྣེ་ལེན་བྱེད་སྲོལ་འདི་རྒྱ་གཞུང་གི་ནམ་རྒྱུན་གྱི་ལུགས་སྲོལ་དང་མི་མཐུན་པ་ཞིག་རེད། ཡིན་ན་ཡང་། དེ་ནི་ལོ་སྔོན་མའི་ཕྱི་ཟླ་དགུ་བའི་ནང་ཞི་ཅིན་ཕེང་རྒྱ་གར་ལ་འཚམས་གཟིགས་སྐབས་མུ་དྷེ་ཡིས་ཁོང་གི་ཕ་ཡུལ་གྷུ་ཇུ་རཱ་ཐི་རུ་སྣེ་ལེན་བྱས་པས་དེར་ལན་འཇལ་གྱི་ཚུལ་ཡིན་པར་ང་ཚོས་ངོས་འཛིན་བྱས་ཆོག
སྐུ་ཞབས་མུ་དྷེ་ཡིས་མཚོན་བྱེད་ཀྱི་རྣམ་པ་ཧ་ཅང་ཆེ་བའི་གྲོང་ཁྱེར་ཞི་ཨན་གྱི་འཚམས་གཟིསག་མཇུག་བསྒྲིལ་རྗེས། ཕྱི་ཚེས ༡༥འི་ཉིན། མགྲོན་བདག་ལའེ་ཁི་ཆིང་གིས་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་རེད། མུ་དྷེ་ཡིས་ཕེབས་རོགས་སྲིད་བློན་ལའེ་ཁི་ཆིང་དང་མཉམ་དུ་མི་དམངས་ཚོགས་ཁང་ཆེན་མོ་མདུན་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དམག་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། ས་གདན་དམར་པོའི་སྣེ་ལེན་དགའ་བསུ་མཇུག་བསྒྲིལ་རྗེས། ཡུལ་གྲུ་གཉིས་ཀྱི་སྲོད་བློན་གྱིས་གྲོས་མོལ་གནང་ཡོད་པ་དང་། གྲོས་མོལ་སྐབས་ཨ་སྒོར་ཐེར་འབུམ་བཅུ་གནས་པའི་རྣམ་གྲངས ༢༤ ཅན་གྱི་གྲོས་མཐུན་ཆིངས་ཡིག་བཞག་ཡོད་ཅིང་། གྲོས་མཐུན་ནང་དོན་གཅོད་གསར་འཛུགས་ཀྱི་ལས་དོན་ཡང་ཐེ་འདུག
གྲོས་མོལ་སྐབས་རྒྱ་གར་ནག་གི་དབུ་ཁྲིད་རྣམ་གཉིས་ཀྱིས་ཕན་ཚུན་བར་གྱི་མི་མཐུན་པའི་ཕྱོགས་ལ་སྦ་གསང་མེད་པར་དགོངས་ཚུལ་བཏོན་འདུག ལའེ་ཁི་ཆིང་གིས་རྒྱ་གར་དང་རྒྱ་ནག་བར་མི་མཐུན་པ་ཁ་ཤས་ཡོད་པར་ང་ཚོས་ངོས་ལེན་བྱེད་ཀྱིན་ཡོད། འོན་ཀྱང་། ང་ཚོའི་ཐུན་མོང་གི་ཁེ་ཕན་དེ་དངོས་ཡོད་མི་མཐུན་པ་ལས་ཆེ་བ་དང་། ཕྱོགས་གཉིས་ཀར་འདང་ངེས་གྱི་ཆབ་སྲིད་རྣམ་དཔྱོད་མཛོམས་པས་གནད་དོན་ལ་བདག་སྐྱོང་དང་ཐག་གཅོད་ཡག་པོ་བྱེད་ངེས་ཡིན། དེ་ཡིས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཐེབས་མི་འཇུག ཅེས་བརྗོད་འདུག
དེ་བཞིན་དུ་རྒྱ་གར་གྱི་སྲིད་བློན་མའོ་དྷེ་ཡིས། རྒྱ་ནག་གིས་གནད་དོན་རིགས་གདོང་ལེན་སྐབས་ཀྱི་བྱེད་ཐབས་ལ་བསམ་བློ་བསྐྱར་དུ་གཏོང་རྒྱུ་དང་། རྒྱ་ནག་གིས་ཕུག་རྒྱང་རིང་པོ་དང་འཐབ་ཇུས་ཀྱི་ཆ་ནས་ང་ཚོའི་འབྲེལ་བར་གཟིགས་དགོས། ཞེས་བརྗོད་འདུག
དེ་མིན་རྒྱ་གར་ནག་ས་མཚམས་ཀྱི་རྩོད་གཞིའི་ཐད་ནས་མུ་དྷེ་ཡིས། ཕྱོགས་གཉིས་ཀས་དྲང་བདེན་དང་། གནས་ལུགས་དང་མཐུན་པ། ཕྱོགས་གཉིས་ཀས་ངོས་ལེན་བྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་སྙེག་གིས་ཐག་གཅོད་བྱེད་རྒྱུར་མོས་མཐུན་ཡོད།ཅེས་བརྗོད་འདུག དེ་དང་ཆབས་ཅིག རྒྱ་གར་ནག་གཉིས་ཀས་ཆོད་སེམས་ཆེན་པོས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའང་གསལ་བསྒྲགས་བྱས་འདུག
ཀུན་པོས་ཤེས་པའི་རྒྱ་གར་ནག་གི་ས་མཚམས་རྩོད་གཞི་ལས་གཞན། རྒྱ་གར་ནག་བར་གྱི་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར ༤༨༠ ནི་རྒྱ་གར་གྱི་དོ་སྣང་ཆེན་པོ་བྱེད་ཡུལ་དཔལ་འབྱོར་གྱི་གནད་དོན་རེད།
གཟའ་སྤེན་པའི་ཉིན་མུ་དྷེ་ལགས་རྒྱ་ནག་གི་ཆབ་སྲིད་ལྟེ་གནས་པེ་ཅིང་ནས་དཔལ་འབྱོར་གྱི་ལྟེ་གནས་ཧྲང་ཧེ་ལ་ཕེབས་རྒྱུ་རེད།
དཔྱད་བརྗོད་པས། གནའ་མཁར་ཞི་ཨན་ནས་འགོ་བརྩམས་པ་དེས་ཐེངས་འདིའི་མུ་དྷེ་ཡིས་རྒྱ་ནག་དང་ཨེ་ཞི་ཡའི་གླང་འབྲུག་གི་ཞབས་བྲོ་མཉམ་འཁྲབ་ལ་མཚོན་ལ་རྟེན་འབྲེལ་ཡག་པོ་ཞིག་ལ་ངོས་འཛིན་བྱས་ཡོད་འདུག