
མདོ་སྨད་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་ལུང་དམར་ཞང་མངག་གཏོང་ཁང་དུ་རྒྱལ་ཁབ་ཀྱི་བསྲུང་བྱའི་རྩ་ཆེན་རི་དྭགས་དང་པོའི་རིགས་རྐྱང་དང་རྒོ་བ། བྱ་གླག་སོགས་ཀྱི་ཤ་དང་བམ་པོ་མང་པོ་ཡོད་པ་ཤེས་རྟོགས་བྱུང་ནས་ས་གནས་མི་མང་གིས་རྩ་ཆེན་རི་དྭགས་དེ་དག་གསོད་མཁན་མངག་གཏོང་ཁང་གི་ཉེན་རྟོག་པ་དང་འབྲེལ་བ་ཡོད་པར་དོགས་གཞི་བྱས་འདུག དེ་ཡང་གནས་ཚུལ་དང་འདྲ་པར་ལ་གཞིགས་ན། སྒོ་བྱང་ལ་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ལུང་དམར་ཞང་མངག་གཏོང་ཁང་ཟེར་བའི་ཐབ་ཆས་སྐོར་གསུམ་ཡོད་པའི་ཁང་པ་ཞིག་གི་ནང་དུ་པགས་པ་བཤུས་ནས་པགས་ཁུག་ན་ཡོད་པའི་རྐྱང་གཅིག་དང་། རྒོ་བོ་གཅིག དེ་མིན་རྒོ་བ་ཞིག་གི་མགོ བྱ་གླག་གཅིག་གི་བམ་པོ་བཅས་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་འཁྱག་སྒམ་ནང་དུ་ཤ་དམར་པོ་མང་པོ་བཞག་ཡོད་པའང་མཐོང་གི་འདུག ས་གནས་མང་ཚོགས་ཀྱིས་གོང་ཞུས་རྩ་ཆེན་རི་དྭགས་རྐྱང་དང་རྒོ་བ། བྱ་གླག་སོགས་གསོད་མཁན་ཐེམ་ཆེན་རྫོང་ལུང་དམར་ཞང་མངག་གཏོང་ཁང་གི་ཉེན་རྟོག་པ་དང་འབྲེལ་བ་ཡོད་པར་དོགས་གཞི་བྱས་ནས། ཕྱི་ལོ ༢༠༡༥ ལོའི་ཟླ ༥ ཚེས ༢༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད༤ ཡས་མས་སུ། ཐེམ་ཆེན་རྫོང་ལུང་དམར་ཞང་ས་གནས་མང་ཚོགས་ཀྱིས་སྲིད་གཞུང་གི་ཡར་ཞུ་སྐུད་ལམ་བརྒྱུད་གོང་རིམ་རྫོང་གི་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་རྗེས། རྫོང་སྤྱི་བདེ་ཅུའུ་དང་ནགས་སྲུང་སྤྱི་བདེའི་ཡན་ལག་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་དཔྱད་ཚོགས་ཆུང་ཞིག་རྩ་འཛུགས་ཀྱིས་ཐེན་ཆེན་རྫོང་ལུང་དམར་ཞང་དུ་སོང་ནས་ཞིབ་བཤེར་བྱེད་ཀྱིན་ཡོད་ལུགས་དྲྭ་རྒྱའི་སྟེང་གནས་ཚུལ་མཐོང་རྒྱུ་འདུག
མཚོ་སྔོན་ཞིང་ཆེན་ཐེན་ཆེན་རྫོང་ལུང་དམར་ཞང་མངག་གཏོང་ཁང་དུ་རྩ་ཆེན་རི་དྭགས་རྐྱང་དང་རྒོ་སོགས་ཀྱི་བམ་པོ་ཡོད་པའི་གནས་ཚུལ་དྲྭ་རྒྱའི་སྟེང་ཐོན་མ་ཐག གནས་ཚུལ་དེར་མི་སྒེར་དང་ཚོགས་ཁག་མང་པོ་ཞིག་གིས་དོ་སྣང་བྱས་ཡོད་པ་བཞིན། མཚོ་སྔོན་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་ཀྱི་དྲྭ་ཚུགས་སུ། གཞུང་གི་མངག་གཏོང་ཁང་ཞིག་དུ་རྒྱལ་ཁབ་ཀྱི་བསྲུང་བྱའི་རྩ་ཆེན་རི་དྭགས་རིགས་ཀྱི་བམ་པོ་ཡོད་པ་དེ་ཅི་ཞིག་ཡིན་ནམ། འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་གསལ་ཁ་བཏོན་རོགས། ངེད་མཐུན་ཚོགད་ཀྱིས་དེར་དོ་སྣང་ཆེན་པོ་བྱས་ཡོད་ཅེས་བཀོད་འདུག ཞིབ་འཇུག་སྙན་ཐོ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་སྡེ་ཚན་གྱིས་ཕྱི་ལོ ༡༩༥༥ ལོར་བླངས་པའི་བསྡོམས་གྲངས་ལྟར་ན། སྐབས་དེར་ཁུལ་དེ་ན་རི་སྐྱེས་སྲོག་ཆགས་ས་ཡ་བཞི་ལྷག་ཡོད་པ་དང་། ལོ་རབས ༨༠འི་
ནང་ཁུལ་དེ་ན་རི་སྐྱེས་སྲོག་ཆགས་འབུམ་གཉིས་ལྷག་ལས་ལྷག་མེད་པ་རེད། མཆན། གོང་གི་འདྲ་པར་དེ་ཚང་མ་ཐེན་ཆེན་རྫོང་ལུང་དམར་ཞང་མངག་གཏོང་ཁང་གི་ཐབ་ཚང་ནང་ནས་ཐོན་པ་རེད།