“ རྒྱལ་ཡོངས ” ནས “དབུས” ལ་སྤར་བའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས།

Screen Shot 2015-05-31 at 09.49.08
དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་ཆེན་ཚོགས་ཀྱིན་པ།

         ཉེ་སྔོན། རྒྱ་ནག་དབུས་གཞུང་གིས་ལྷན་ཚོགས་གལ་ཆེན་ཞིག་བསྐོངས་ཡོད་ལ། དེ་ནི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཟེར་བ་དེ་རེད།

         ལོ་ངོ་དགུ་ཡི་རྗེས་ཏེ། ཕྱི་ལོ ༢༠༡༥ ལོའི་ཟླ ༥ ཚེས ༡༨ ནས ༢༠འི་བར། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཟེར་བ་དེ་རྒྱ་ནག་པེ་ཅིང་དུ་འཚོགས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་། དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་སྲིད་གྲོས་ཀྱི་ཚོགས་གཙོ་ཡུས་ཀྲིན་ཧྲིན་ཚོགས་ཞུགས་གནང་བ་མ་ཟད། གཏམ་བཤད་ཀྱང་གནང་འདུག

         ཕྱི་ལོ ༡༩༥༠ ལོའི་ཟླ ༣ པ་ནས་ད་བར་དུ་རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་ཐེངས ༢༠ ལ་འཚོགས་ཡོད།
རྒྱ་ནག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྐབས ༢༠ པ་དེ་ཕྱི་ལོ ༢༠༠༦ ལོར་བསྐོངས་ཡོད་པ་དང་། སྐབས་དེའི་སྲིད་འཛིན་ཧོའོ་ཅིན་ཐའོ་དང་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་དང་སྲིད་གྲོས་ཚོགས་གཙོ་ཇཱ་ཆིང་ལིང་སོགས་ཚོགས་ཞུགས་གནང་འདུག

རྒྱ་གཞུང་གི་སྔོན་བསྐོས་དཔོན་རབས་ཚོའི་ཅིག་ལྔ་ཅིག་གསུམ་ཞེས་གྲངས་ཀ་བགྲང་རྒྱུར་དགའ་བའི་ལམ་སྲོལ་ལྟར་ཞི་ཅིན་ཕེང་གིས་བཏོན་པའི་“ཕྱོགས་ཡོངས་པ་བཞི”ཟེར་བའི་འཐབ་ཇུས་བཀོད་སྒྲིག་དང་། ལྐོག་ཟ་རུལ་སུངས་མཁན་ཚོར་རྒོལ་རྡུང་ལ་ཁ་གཡར་བའི་དབང་ཆའི་འཐབ་རྩོད། ནུབ་ཕྱོགས་རིག་གཞུང་ལ་རྒོལ་འགོག་གི་ལས་འགུལ། དེ་བཞིན་བཙན་དབང་རིང་ལུགས་ཀྱི་བསམ་བློ་སོགས་རྒྱལ་ཁབ་ཕྱི་ནང་གི་གནད་དོན་རིགས་རྒྱབ་ལྗོངས་བྱས་པ་དང་།  སྔོན་འགྲོའི་ཚུལ་དུ༼བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ཀ༽ཞེས་པའི་བོད་ལྗོངས་རྒྱབ་ཤོག་དཀར་པོའི་ཡིག་ཆ་ཟེར་བས་གཙོས་པས་གདེང་འཇོག་དང་། བགྲོ་གླེང། ཕྱིར་དྲན་རྩོམ་ཡིག་སོགས་རྩོམ་ཡིག་དང་གཞུང་ཡིག་འབོར་ཆེན་ཞིག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་དྲྭ་ཚུགས་དང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་སོགས་སུ་བསྟུད་མར་བཏོན་ནས་ལྷན་ཚོགས་འདི་ལ་སྔ་ས་ནས་གྲ་སྒྲིག་བྱས་ཤིང་། སྔོན་འགྲོ་དང་མ་འདྲ་ས་ནི། ཐེངས་འདིའི་དབུས་རིམ་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་དེའི་གཞུང་ཕྱོགས་ཀྱི་འབོད་སྟངས་ནི“རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྐབས ༢༡ ”ཞེས་པ་མིན་པར། “དབུས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས”ཞེས་བཏགས་ཡོད་པས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གོ་ས་དེ“རྒྱལ་ཡོངས”ནས“དབུས”ལ་སྤར་འདུག
ལོ ༦༥འི་རྗེས་སུ། མིང་བརྡ་དེ “ རྒྱལ་ཡོངས” ནས “དབུས” ལ་བསྒྱུར་བའི་ཡིག་ཐོག་གི་སྤར་ཆ་ཆུང་ཆུང་དེ་ལ་སྣང་ཆུང་མ་བྱེད། “དབུས”ཞེས་པའི་ཁྱད་ཆོས་སྟོན་པའི་མིང་བརྡ་དེས་སྣེ་ཁྲིད་ཚེ་ཕྱི་ཚུལ་ཙམ་ལས་ནང་དོན་ལའང་འགྱུར་བ་གང་འཚམས་ཤིག་ཐེབས་སྲིད་པ་རེད།

“རྒྱལ་ཡོངས”ཞེས་དུས་སུ། གཙོ་བོ་ས་ཁོངས་ཐད་ཀྱི་མཚན་ཉིད་ནན་བརྗོད་བྱས་པ་དང་།  ལྟོས་ས་ལྟོག་འཇོག་གིས་ས་གནས་དང་ཁྱད་པར་དབྱེ་ཡོད། “དབུས”ཞེས་དུས་སུ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཏང་ལ་གལ་ཆེན་ཡིན་པའི་རང་བཞིན་ནན་གྱིས་བསྟན་ཡོད།

“དབུས”ཅན་དུ་བསྒྱུར་བ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་དེ་དང་པོ་མིན། ཕྱི་ལོ ༢༠༡༤ལོར་རྒྱ་ནག་གི“རྒྱལ་ཡོངས་སྲིད་ཁྲིམས་ལས་དོན་ལྷན་ཚོགས”དེ“དབུས་སྲིད་ཁྲིམས་ལས་དོན་ལྷན་ཚོགས”སུ་བསྒྱུར་བ་རེད། དེ་དང་མཚུངས་པ་ཞིག་ལ། ཞི་ཅིན་ཕེང་གིས་དབུས“ཚོགས་ཆུང”མང་པོ་ཞིག་གསར་དུ་བཙུགས་ཡོད་པ་དང་། དེས་མའོ་ཙེ་ཏུང་གི“དབུས་རིག་གནས་གསར་བརྗེ་འགོ་ཁྲིད་ཚོགས་ཆུང”ཟེར་བ་ཡང་བསྐྱར་མི་རྣམས་ཀྱི་ཡིད་ལ་འཁོར་དུ་འཇུག་ཅིང་། “ཚོགས་ཆུང”མང་པོ་འཛུགས་སྲོལ་དེ་མའོ་ཙེ་ཏུང་གི་སྲིད་ལམ་སྐྱོང་སྲོལ་ལ་ལད་མོ་བྱས་ཚུལ་དབྱེ་ཞིབ་པས་ཚོད་དཔག་བྱེད་ཀྱིན་ཡོད་པ་བཞིན། དེ་ནི་དབང་ཆ་གཅིག་བསྡུ་བྱེད་སྟངས་ཤིག་ལའང་ངོས་འཛིན་བྱས་ན་མ་འགྲིག་པ་མེད་དོ།
འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སོགས་པ་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་མི་མང་ལ་མཚོན་ན་མིག་ལ་གོམས་ཤིང་རྣ་བར་འཇགས་པའི་ཧ་ཅང་རྒྱུས་ཡོད་ཅིག་ཡིན་ཡང་། རྒྱ་ནག་ནང་ལོགས་ཀྱི་རྒྱ་མི་རིགས་ལ་མཚོན་ན་འབྲེལ་བ་ཆེར་མེད་སྟབས་ལྷན་ཁང་གཞན་དག་དང་བསྡུར་ན་འཐབ་ཕྱོགས་གཅིག་གྱུར་ལྷང་ཁང་ཟེར་བ་དེ་མི་ཤེས་མཁན་མང་པོ་ཡོད་རྒྱུ་རེད།

གནས་བབ་དེ་ལོ་སྔོན་མ་ནས་འགྱུར་བ་ཐེབས་ཡོད། ཞི་ཅིན་ཕེང་གི་སྣེ་ཁྲིད་པའི་དབུས་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་ཡོང་དུས། ཕོ་རོག་གི་ཕྲུ་གུ་སྨུག་ལུང་ནང་མགོ་འཁོར་བ་ནང་བཞིན་བསྟེན་ས་ཁེན་ས་མེད་པར་བདག་མེད་ཁེར་རྐྱང་དུ་ལུས་པའི་སྲིད་འཛིན་ཟུར་བ་ཧིའོ་ཅིན་ཐའོ་ཡི་གཉེར་བ་ཆེན་མོ་ལེང་ཇས་ཧྭ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གྱི་གོ་ས་ནས་གནས་དབྱུང་བཏང་རྗེས། རྒྱ་ནག་གཞུང་གིས་ལམ་སང་རྒྱ་ནག་དབུས་ཆབ་སྲིད་འཐུས་མི་སུན་ཁྲོན་ལན་ཟེར་བའི་བུད་མེད་ཅིག་ཚབ་ཏུ་བསྐོས། གོ་སྐབས་དེ་བཟུང་ནས་ཞི་ཅིན་ཕེང་གིས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་གནས་རིམ་སྤར་བ་རེད། དེའི་མ་ཚད་ད་ལོའི་ཕྱི་ཟླ ༤འི་ནང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཞོན་ཝང་ཀྲིན་ཝེ་ཟེར་བ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གཞོན་པར་བསྐོས་ཡོད། མགྱོགས་མྱུར་གྱི་འགྱོར་ལྡོག་དེ་གཉིས་ལས། ཞི་ཅིན་ཕེང་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ཀྱི་དོ་སྣང་མཚོན་ཡོད་ལ། སྒོས་སུ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཙིགས་འཛིན་དང་ཤེད་སྣོན་རྒྱུ་ཡིན་པའི་བརྡ་བསྟན་ཡོད།

ཕྱི་ལོ ༡༩༨༢ལོར། སྐབས་དེའི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་བའོ་ལན་ཧྥུ་ཡི་རྗེས་སུ། ཕལ་ཆེར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་གཞོན་ཞིག་གིས་གཅིག་ལྕོགས་བྱས་ཡོད་ལ། མཚམས་ལ་ལར་དབུས་ཆབ་སྲིད་རྗེས་སྣོན་འཐུས་མི་དང་ཡང་ན་དབུས་ཧྲུའུ་ཅུ་ཁྲུའུ་ཡི་ཧྲུའུ་ཅུ་ཡིས་གཅིག་ལྕོགས་བྱེད་པའི་སྲོལ་ཆགས་ཡོད།

གོང་ཞུས་མི་དོན་བརྗེ་སྤོའི་འགྱུར་ལྡོག་ལས་གཞན། གལ་འགངས་ཆེ་ཤོས་དེ་ད་ལོའི་ཕྱི་ཟླ ༤ ཚེས ༣༠འི་ཉིན། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་ཚོགས་འདུ་བསྐོངས་ནས༼རྒྱ་ནག་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲིམས་སྲོལ༽ཟེར་བར་དཔྱད་ཞིབ་དང་གཏམ་འབེབས་བྱས་ཡོད་པས། གནས་ཚུལ་དེ་ཤིན་ཏུ་གལ་ཆེན་པོ་ཡིན། ཁྲིམས་སྲོལ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ཀྱི་ཏང་ནང་ཁུལ་གྱི་སྲོལ་ཡིག་དང་པོ་དེ་ཡིན།

དོན་ངོ་མར་བཤད་ན། “འཐབ་ཕྱོགས་གཅིག་གྱུར”ཟེར་བ་དེས་རྒྱ་དམར་གྱི་སྲོལ་རྒྱུན་ལོ་རྒྱུས་སུ་གོ་ས་ངེས་ཅན་ཞིག་བཟུང་ཡོད། ཕྱི་ལོ ༡༩༣༩ ལོར། མའོ་ཙེ་ཏུང་གིས“འཐབ་ཕྱོགས་གཅིག་གྱུར་དང་། དྲག་པོའི་འཐབ་རྩོད། ཏང་གི་རྩ་འཛུགས། བཅས་ནི་རྒྱ་ནག་གསར་བརྗེའི་འཐབ་རྩོད་ཁྲོད་རྒྱ་ནག་གུང་ཁྲན་ཏང་དགྲ་བོ་ལས་རྣམ་པར་རྒྱལ་རྒྱུའི་ནོར་བུ་མཐུ་ལྡན་ཆེན་པོ་གསུམ་ཡིན།”ཞེས་ངོས་འཛིན་དང་གདེང་འཇོག་བྱས་ཡོད།

དེ་བཞིན་ཕྱི་ལོ ༡༩༥༠ ལོའི་ཟླ ༣ ཚེས ༡༦ ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྐབས་དང་པོ་དེ་འཚོགས་ཡོད་པ་དང་། ཚོགས་འདུ་དེ་ཟླ་གཅིག་དང་ཕྱེད་ཀའི་རིང་འཚོགས་པ་རེད། མའོ་ཙེ་ཏུང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་དེ་རང་གཞན་གཉིས་ཀའི་ཕྱོགས་ཀྱི་ཐུབ་ཐུབ་ཚང་མ་དང་མང་ཆེ་བར་ཕྱོགས་ཡོད་པ་དང་། བྱེད་སྟངས་ཀྱང“ལག་པའི་ཕྱི་ནང་ཤ་རེད། སྲབ་མཐུག་ཡོད་མི་རུང་། ཚང་མ་འདྲ་མཉམ་ཡིན་དགོས། ཆུ་སྐྱེས་པདྨ་ཆུའི་ཁར་བུད་དུས། མཐོ་དམའ་ཡོད་མི་རུང་། ང་ཚོ་ཅང་ཇེ་ཧྲི་ལའང་མི་སྐྲག་པས། དམངས་གཙོ་བའི་སྐྱོན་བརྗོད་ལ་ག་ལ་འཇིགས། ”ཞེས་གུ་ཡངས་པའི་ལངས་ཕྱོགས་ཤིག་བསྟན་ཡོད།

དེ་མཚུངས། ཕྱི་ལོ ༡༩༧༩ ལོར་བསྐོངས་པའི་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྐབས ༡༤འི་སྟེང་། ཏེང་ཞོ་ཕེང་གིས“དེང་གི་འཐབ་ཕྱོགས་གཅིག་གྱུར་ནི་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཡིན། འཐབ་ཕྱོགས་གཅིག་གྱུར་ཆེ་ཤོས་ནི་ཐེ་ཝན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་མེས་རྒྱལ་གཅིག་གྱུར་བྱ་རྒྱུ་དེ་ཡིན”། ཞེས་འཐབ་ཕྱོགས་གཅིག་གྱུར་གྱི་མ་འོངས་ལས་དོན་དང་འཆར་གཞི་ཇུས་འགོད་བྱས་ཡོད།

དེ་ལས་ཤེས་ཐུབ་པ་ཞིག་ནི། མའོ་ཏེང་ཅང་ཧོའོ་ཞི་སུ་ཡིན་ཡང་རུང་། གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད། གཏིང་ཟབ་ཅན་གྱི་བཅོས་བསྒྱུར་སྒོ་འབྱེད་ལ་སོགས་དུས་རབས་གང་ཡིན་ཡང་། རྒྱ་ནག་དམར་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་ཞེས་པའི“ནོར་བུ་མཐུ་ལྡན”དེར་གཙིགས་འཛིན་ཆེན་པོ་བྱས་ཡོད་པ་མངོན་གསལ་དོད་པོ་རེད།
གོང་ཞུས་རྒྱུ་མཚན་དེ་ལ་བརྟེན་ནས། ཞི་ཅིན་ཕེང་གིས་ཐེངས་འདིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལྷན་ཚོགས་སྟེང“འཐབ་ཕྱོགས་གཅིག་གྱུར་ནི་མིའི་ལས་དོན་རེད། འཐབ་ཕྱོགས་གཅིག་གྱུར་སྤེལ་དོན་ནི་ཐུན་མོང་འབད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་ཡིན།”ཞེས་པའི་གཏམ་བཤད་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གཙིགས་ཆེན་གྱི་སྲོལ་རྒྱུན་རྒྱུན་འཁྱོངས་ཙམ་ལས་རྦད་དེ་འགྱུར་འགྲོ་ས་ཞིག་མེད་པས་དེ་ལ་ཧ་མི་གོ་རྒྱུ་མེད་པར་སྙམ།

ཡིན་ན་ཡང་། དོ་སྣང་བྱེད་རིན་ཅན་ཞིག་ནི། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཅིའི་ཕྱིར་གལ་ཆེན་དུ་གྱུར་བ་རེད་ཅེས་པའི་དྲི་བ་དེ་རེད།  གཙོ་བོ་ཞིག་ནི་ཞི་ཅིན་ཕེང་གི་སྐད་ཆ་ཞིག་ལུང་དྲངས་ན། “ཕྱི་ནང་གི་གནས་སྟངས”ལ་ཐུག་པ་ཟེར་བ་དེ་རེད།

ནང་གི་ཆ་ནས་བཤད་ན། ས་འབག་བསླད། ཆུ་འབག་བསླད། མཁའ་དབུགས་འབག་བསླད། ཟ་མ་དུག་ཅན་གྱི་མཚོན་པའི་ཁོར་ཡུག་གི་གནད་དོན་དེ་རིམ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གནད་དོན་ཞིག་ཏུ་གྱུར་བཞིན་པ་དང་། དེ་བཞིན་དུ་ལོ་ངོ་བརྒྱ་ཡི་ཡར་སྔོན་ནས་ནུབ་ཕྱོགས་མཱ་ཁི་སིའི་དམར་པོའི་ལྟ་བ་རྒྱ་ནག་ནང་དྲངས་བ་དང་ཆབས་ཅིག་རྒྱ་ནག་རང་གི་སྲོལ་རྒྱུན་རིག་གནས་ཀྱི་སྒྲོམ་གཞི་ལ་ཕོག་ཐུག་ཆེན་པོ་བྱུང་ཞིང་། དམར་པོའི་ལྟ་བ་དེ་ཀྲུང་ཡོན་ས་ཆེན་སྟེང་རིམ་གྱིས་འཕེལ་ཞིང་རྒྱས་ནས། དུས་དེ་རིང་གི་རྒྱ་ནག་པ་མང་ཆེ་བ་ཆོས་དད་མེད་པ། རྒྱུ་འབྲས་མི་རྩི་བ། འོ་མ་ཅན་ལ་ཨ་མ་འབོད་པའི་ཁེ་བཟང་ཁོ་ནའི་རྗེས་སུ་འབྲང་བའི་འཇིགས་སུ་རུང་བའི་སྲོག་ཆགས་ཞིག་ཏུ་གྱུར་ནས་། མི་དང་མིའི་བར་གྱི་ཡིད་ཆེས་དང་། བརྩེ་བ། བྱམས་དང་སྙིང་རྗེ་སོགས་འགྲོ་བ་མིའི་ཀུན་སྤྱོད་བརླག་ནས་སྤྱི་ཚོགས་ཀྱི་རྨང་གཞི་འཐོར་ལ་ཉེ་ཞིང་། ཏེང་ཞོ་ཕེང་གིས་བྲིས་པའི་གོར་ཐིག་ནང་གི“ཐོག་མར་ཕྱུག་པོར་གྱུར་བའི་མི་སྐོར་ཞིག”སྟེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁེ་བཟང་ཤོག་ཁག་ཚོ་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་ཁྲོད་རང་མགོ་རང་གིས་མི་ཁེབས་པའི་གནད་དོན་ལ་ཐུག་ནས་འགྲོ་སའི་འདུག་ཁོངས་མི་རེག་པའི་ཚད་དང་། མི་མངོན་སྒྲ་མེད་ཀྱི་ལམ་ནས་ངོ་རྒོལ་མཚོན་ཆེད་རྒྱ་ནག་གི་དཔོན་རིགས་ཚོས་ཏང་ལ་ཞབས་ཞུ་ལས་དོན་མི་སྒྲུབ་པའི་གནས་སྟངས་ཤར་ཡོད་པ་དང་། དེ་དང་མཉམ་དུ་དེ་རིང་གི་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་དེ་འདས་པའི་ལོ་ཉི་ཤིའི་ནང་འཕར་ཚད་དམའ་ཤོས་སུ་ཆགས་ཡོད། དེ་དག་ལས་གཞན། ད་དུང་བོད་དང་ཡུ་གུར་གྱིས་མཚོན་པའི་མི་རིགས་ཀྱི་གནད་དོན། དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཆེ་བ་ལ་སོགས་པའི་མཚོན་པའི་ཧི་མ་ལ་ཡའི་གཏོས་དང་མཉམ་པའི་ནང་གི་གནད་དོན་བྱང་མེད་ཅིག་ལ་འཕྲད་ཡོད།

ཕྱིའི་ཆ་ནས་བཤད་ན། ཞི་ཅིན་ཕེང་གིས་ཏེང་ཞོ་ཕིང་གི་ཤེས་སྐུང་ངར་སྐུམ་གྱི་ཕྱི་སྲིད་ལམ་ལུགས་དེ་དོར་ནས། རྫིག་ཉམས་ཆེ་མདོག་གིས་སྤྱིར་ན་འཛམ་གླིང་ཡོངས་དང་། སྒོས་སུ་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་འགའི་བདག་དབང་ཐད་དྲག་དྲག་རྫིག་རྫིག་བྱས་རྐྱེན། རྒྱ་ནག་གི་མཐའ་འཁོར་རྒྱལ་ཁབ་ཉི་ཧོང་དང་། ཧྥེ་ལེ་པེན། ཝི་ཐུ་ནམ་སོགས་བར་འགལ་ཟླ་ཆེན་པོ་བསླངས་པ་དང་། དེ་མིན་ཡོ་རོབ་ཡུག་ཁི་རེན་དོན་རྐྱེན་དང་ཨ་དཀྱིལ་ཤར་རྒྱལ་ཁབ་སེ་རི་ཡའི་གནད་དོན་ཐད་ནས་ནུབ་ཕྱོགས་ཨ་རིས་གཙོས་རྒྱལ་ཁབ་བར་འགལ་ཟླ་ཇེ་ཆེར་སོང་ཡོད་། དེ་བཞིན་རྒྱ་གར་ནག་བར་ས་མཚམས་ཀྱི་གནད་དོན། ལྷག་དོན་རྒྱ་ནག་གིས་རྒྱལ་སྤྱི་ཁྲིམས་དང་འགལ་ནས་བདག་དབང་ལ་རྩོད་གཞི་ཅན་གྱི་གླིང་ཕྲན་འགར་ས་རྡོ་བྱེ་མ་སྤུངས་ནས་དམག་གི་ལྟེ་གནས་སྐྲུན་གྱིན་པར་ཨ་རིས“འཛམ་བུ་གླིང་གི་བྱེ་མ་ཡོད་ཚད་སྤུངས་ཀྱང་བདག་དབང་སྐྲུན་མི་ཐུབ་”ཅེས་སུན་འབྱིན་དྲག་པོ་བྱས་ཡོད་པས། མི་རྣམས་ལ་ཨ་རི་དང་རྒྱ་ནག་བར་འཐབ་འཁྲུག་ལངས་མི་ཡོང་ངམ་བསམ་པའི་སེམས་ཁྲལ་བསླངས་ཡོད། དེ་འདྲ་སོང་ཙང།  དེ་རིང་འཛམ་གླིང་འདིའི་སྟེང་རྒྱལ་ནག་ལ་མཐུན་གྲོགས་རྒྱལ་ཁབ་གཅིག་ཀྱང་མེད་ལ། ཐ་ན་བྱང་ཀོ་རེ་ཡས་ཀྱང་རྒྱ་ནག་ལ་ཁ་ཡ་བྱེད་ཀྱིན་མེད། རཱ་ཞི་ཡ་དང་རྒྱ་ནག་གཉིས་དུས་ནམ་ཡིན་ཡང་ཁ་མཐུན་ཞེ་མི་མཐུན་པས། ཁྱི་རྐུན་འོ་ཟངས་ཁ་ནས་མཐུན་པའི་དཔེ་ལྟར། ཁེ་བཟང་གིས་གཅིག་ལ་ཕྱོགས་པ་ལས་དོན་གྱིས་ཕན་ཚུན་པར་འགལ་བ་དང་དོགས་ཟོན་ཆེན་པོ་ཡོད་པ་དེ་དག་གིས་མཚོན་པའི་གནད་དོན་རིགས་ནི་ཕྱིའི་གནད་དོན་ཡིན།

གོང་ཞུས་རྒྱ་ནག་གི་གནད་དོན་དེ་ནི་གླང་ཆེན་གྱི་རྔ་མ་ཙམ་ཞིག་རེད། གང་ལྟར་གནད་དོན་དེ་འདྲའི་མང་པོར་ཐུག་ཚེ། གུང་ཁྲན་ཏང་གི་འགོ་ཁྲིད་གྱི་གོ་ས་བརྟན་པོ་ཡོང་རྒྱུ་དང་། རྒྱ་ནག་དུམ་བུར་མི་འཐོར་རྒྱུ་ནི་མ་མཐའ་ཡང་ཞི་ཅིན་ཕེང་རྒྱ་ནག་གི་སྲིད་འཛིན་ཡིན་པའི་དུས་སྐབས་ཀྱི་འགན་ཁུར་ཡིན་པས། རྒྱལ་ཁབ་བདག་སྐྱོང་གི“ནོར་བུ་མཐུ་ལྡན”དུ་འབོད་པའི་འཐབ་ཕྱོགས་གཅིག་གྱུར་ཟེར་བར་ཡང་བསྐྱར་སྐྱབས་བཅོལ་དགོས་པར་ཐུག་པ་རེད་སྙམ།

ཞི་ཅིན་ཕེང་གི་ཡང་བསྐྱར་འཐབ་ཕྱོགས་གཅིག་གྱུར་གླེང་བར། རྒྱབ་ལྗོངས་ཐད་མ་འདྲ་ས་འགའ་ཡོད། ཕྱོགས་གཅིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལམ་ལུགས་རྒྱུན་མཐུད་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནི་སྲིད་དབང་སྲུང་སྐྱོབ་ཆེད་འཐབ་ཕྱོགས་གཅིག་གྱུར་གླེང་ཡོད། དེའི་མཚོན་རྟགས་གསལ་བོ་ཞིག་ནི“མི་ཚོགས་རིགས་གསུམ”རྒྱ་ནག་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་གཙོ་བོ་རུ་གྱུར་ཡོད་པ་དེ་རེད།

མི་ཚོགས་རིགས་དང་པོ་ནི་ཕྱི་སྦྱོང་སློབ་མའི་ཚོགས་རེད། སྤྱིར་ན་ཕྱི་ལོ ༢༠༠༠ ལོ་ནས་བཟུང་ཕྱི་སྦྱོང་སློབ་མའི་ཚོགས་དེ་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་གཙོ་བོའི་གྲས་སུ་བཅུགས་ཡོད་པ་དང་། ད་ཐེངས་ཞི་ཅིན་ཕེང་གི་ཡང་བསྐྱར་གླེང་བ་དེས་ཕྱི་སྦྱོང་སློབ་མའི་ཚོགས་དེ་རྒྱ་ནག་དེང་གཞུང་གི་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་གསར་བའི་ཁོངས་སུའང་ཡོད་པ་མཚོན་ཡོད།

མི་ཚོགས་རིགས་གཉིས་པ་ནི་སྨྱན་བྱད་གསར་བའི་ཁྲོད་ཀྱི་འཐུས་ཚབ་མི་སྣའི་ཚོགས་རེད།   སྨྱན་བྱད་གསར་བའི་ཁྲོད་ཀྱི་འཐུས་ཚབ་མི་སྣའི་ཚོགས་རྒྱ་ནག་དེང་གཞུང་གི་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་དུ་བཞག་པ་དེ་ད་ཐེངས་ཐོག་མ་རེད། དེ་ཡིས་རྒྱ་ནག་གི་སྨྱན་བྱད་ཀྱི་གླེང་ཕྱོགས་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་གནས་སྟངས་འོག སྨྱན་བྱད་གསར་བའི་ཁྲོད་ཀྱི་འཐུས་ཚབ་མི་སྣའི་ཚོགས་དེ་རྒྱ་ནག་དེང་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོད་གལ་འགངས་ཆེན་པོ་ཡིན་པ་མཚོན་ཡོད། ཉེ་བའི་ལོ་ཤས་སུ། སྨྱན་བྱད་གསར་བའི་རིགས་ཆར་ཤུལ་གྱི་ཤ་མོ་ཇི་བཞིན་ཤིན་ཏུ་མགྱོགས་པའི་གོམ་སྟབས་ཀྱིས་འཕེལ་རྒྱས་བྱུང་སླད་རྒྱ་ནག་དེང་གཞུང་གིས་བཏང་འཛིན་བྱེད་དཀའ་བའི་རྣམ་པ་ཤར་ཡོད། དེའི་སྟབས་ཀྱིས། སྨྱན་བྱད་གསར་བའི་ཁྲོད་ཀྱི་འཐུས་ཚབ་ཆེན་པོ་ཚོ་འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་དུ་བཞག་པར་ཡིད་ཆེས་བྱས་ཆོག

མི་ཚོགས་རིགས་གསུམ་པ་ནི་ཐུན་མོང་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་དང་ལྷག་པར་དུ་གཞོན་སྐྱེས་ཀྱི་ཚོགས་རེད། ཞི་ཅིན་ཕེང་གིས་གཞོན་སྐྱེས་ཀྱི་ཚོགས་དེས“ཕྱུག་པོར་གྱུར་ཡང་རྩ་བ་མི་བརྗེད་པར། ཕྱི་དངོས་པོས་ཕྱུག་པ་དང་མཉམ་དུ་བསམ་བློ་ཡང་ཡར་རྒྱས་སུ་གཏོང་དགོས་པ་མ་ཟད། འགྲིག་རང་འཁུར། ལྷག་བསམ་ཟོལ་མེད། རྒྱལ་གཅེས་གཞུང་དྲང་བྱེད་དགོས་པའི་”སྐུལ་མ་གནང་ཡོད་པ་དང་། མདོར་ན། ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་ཚོང་ལས་ལ་ཞུགས་པའི་ཁེ་བཟང་ཤོག་ཁག་ཏུ་གྱུར་བའི་མི་རབས་དེ་ད་ལྟ་རྒས་འགྲོ་བཞིན་ཡོད་ཚེ། གཞོན་སྐྱེས་ཀྱི་ཚོགས་ཀྱིས་ཕ་ཤུལ་བུས་ཡག་པོ་འཛིན་ཐུབ་རྒྱུར་སྐུལ་འདེད་བྱས་པ་རེད།

ཞི་ཅིན་ཕེང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་དགོངས་འཆར་གསར་བ་བཏོན་ཡོད་ཀྱང་། གཞི་རྩའི་ཆ་ནས་འགྱུར་བ་མེད། རྒྱ་ནག་གི་གཞི་རྩའི་ལམ་ལུགས་དང་སྲིད་ཇུས་སྔོན་ཆད་ནང་བཞིན་འགྱུར་མེད། གཅིག་བགྱིས་ན་དཔལ་འབྱོར་སྲིད་ཇུས་ཐད་དགོས་དབང་གི་འགྱུར་ལྡོག་ཕྲན་བུ་རེད་ཡོང་སྲིད་མོད། སྤྱི་ཚོགས་ལམ་ལུགས་དང་ཡུལ་མིའི་ཆ་ནས་འགྱུར་ལྡོག་ཅི་ཡང་ཡོང་མི་སྲིད།

ཞིན་ཅིན་ཕེང་གིས“འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་མིའི་ལས་དོན་ཡིན། ཐག་གིས་གཅོད་དགོས་པ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན”ཞེས་བརྗོད་ཡོད། མི་ཡི་ལས་དོན་དང་མི་སེམས་ཀྱི་གནད་དོན་ཡིན་ན། དོན་མེད་གཉོམ་ཆུང་བོད་མི་འབོར་ཆེན་བཙོན་ལ་བཅུག་ཡོད་པ་དག་གློད་དང་། དེ་ལྟར་བྱས་ན་ད་གཟོད་མི་རྣམས་ཀྱི་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལྷག་བསམ་ལ་གཅིག་བགྱིས་ན་ཡིད་ཆེས་ཏོག་ཙམ་བྱེད་སྲིད།

ཐེངས་འདིའི་གོ་གནས་སྤར་བའི་འཐབ་ཕྱོགས་གཅིག་གྱུར་ཚོགས་ཆེན་སྟེང་ཞི་ཅིན་ཕེང་གིས་གྲངས་ཉུང་མི་རིགས་ལས་དོན་ཐད་དམིགས་བསལ་ཁ་གསལ་ནས་གང་ཡང་བརྗོད་མེད་ཀྱང་། “ངེས་པར་དུ”བརྒྱད་བཏོན་པའི་ནང་གསེས་སུ“ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་ཐབས་སུ་ཧུར་ཐག་བྱེད་དགོས། ངེས་པར་དུ་རྒྱ་ནག་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།”ཞེས་བརྗོད་པར་གཞིགས་ན། ཆོས་ལུགས་རིགས་ངེས་པར་དུ་ཕྱི་རྒྱལ་གྱི་ཤུགས་རྐྱེན་ལས་ཐར་དགོས་པའི་དགོས་འདུན་རེད་བསམ་བྱུང་།
“ཆོས་ལུགས་རྒྱ་ནག་ཅན”ཟེར་བ་དེ་གོ་བདེ་བོར་བཤད་ན། ཆོས་ལུགས་དང་འབྲེལ་ཡོད་ལས་དོན་ཡོད་དོ་ཅོག་ལ་རྒྱ་ནག་གཞུང་གིས་བཏང་འཛིན་བྱེད་དགོས་པ་དེ་རེད། ད་ལྟ་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་དང་། གྲྭ་བཙུན་གྱི་གྲངས་འབོར་ཚོད་འཛིན། དགོན་པའི་ནང་བཙུགས་པའི་དོ་དམ་ཁང་ཟེར་བ་དང་མངག་གཏོང་ཁང་སོགས་མུ་མཐུད་ནས་གནས་རྒྱུ་མ་ཟད། དགོན་པའི་བསླབ་གཞི་དང་འདོན་པ་ལའང་གཏན་ཁེལ་བཏང་བཛིན་བྱེད་མི་སྲིད་པ་མིན་ལ། ཏང་གི་ལམ་ཕྱོགས་དང་དབུ་ཁྲིད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས་པའི་དུས་ཚོད་གཏན་ཁེལ་བྱེད་མི་སྲིད་པའང་རྩ་བ་ནས་མིན། གཅིག་བགྱིས་ན་དགོན་པའི་ནང་ཏང་གི་རྩ་འཛུགས་བཙུགས་ནས་གྲྭ་བཙུན་ཚོ་དམར་ཤོག་ཚོགས་པའི་ནང་ཞུགས་རྒྱུར་སྐུལ་འདེད་བྱེད་མི་སྲིད་པ་མིན། བཤད་སྟངས་འདི་ལ་འཕྱ་དགོད་མ་བྱེད། ཅང་ཙེ་མེན་གྱིས་མ་རྩ་རིང་ལུགས་པ་ཚོ་དམར་ཚོགས་ནང་ཞུགས་ཆོག་པ་བཟོས་པ་མ་ཡིན་ནམ། གཞི་རྩའི་ཆ་ནས། བཟོ་ཞིང་དམག་གསུམ་ནི་གུང་ཁྲན་ཚོགས་པའི་གྲོགས་པོ་ཡིན་ལ། མ་རྩ་རིང་ལུགས་ནི་གུང་ཁྲན་ཚང་གི་དགྲ་བོ་ཡིན།

མཐའ་དོན། བོད་དང་ཡུ་གུར་བས་གཙོས་མི་རིགས་ཀྱི་གནད་དོན་དང་། མི་ཐོབ་ཀྱི་གནད་དོན། སྨྲ་བརྗོད་དང་ཆོས་ལུགས་དད་མོའི་གནད་དོན་སོགས་ལ་མཚོན་ན། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གོ་ས་དེ “ རྒྱལ་ཡོངས” ནས “དབུས” ལ་སྤར་ཡང་དེ་ནི་ཕྱི་ཚུལ་གྱི་སྒྲོམ་གཞི་ཙམ་ལས་ནང་དོན་ལ་འགྱུར་བ་ཆེར་མེད།

རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་བྱའི་འགྱུར་ལྡོག་ནི་དེ་ཡི་ཆབ་སྲིད་ཀྱི་དགོས་དབང་གི་འགྱུར་ལྡོག་ལ་བསྟེན་ནས་འགྱུར་ལྡོག་གཏོང་གིན་ཡོད་པས། ཕྱོགས་གང་ནས་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་དང་དབང་བསྒྱུར་ལ་ཉེན་ཁར་ཐུག་ཚེ། ཡང་ན་རྒྱ་ནག་དམར་གཞུང་གིས་གང་ཞིག་བེད་སྤྱོད་གཏོང་དགོས་ཚེ། ད་གཟོད་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་ཡུལ་དུ་གྱུར་སྲིད་པ་རེད། འོན་ཀྱང་། འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་ཡུལ་དུ་གྱུར་བ་ཐམས་ཅད། རྒྱ་ནག་དམག་གཞུང་གིས་སེམས་གཏིང་ནས་ཡིད་ཆེས་བྱས་པའི་མི་སྣ་དེ་མིན། ཁོང་ཚོའི་དམིགས་ཡུལ་དེ་འགྲུབ་རྗེས། བེད་སྤྱད་བཏང་བའི་མི་སྣ་དེ་དག་གི་རིན་ཐང་རྫོགས་དུས། ལྷམ་ཆད་བཞིན་དོར་ངེས་ཡིན།

མཆན། མི་ཐོབ་ནི་འགྲོ་བ་མིའི་ཐོབ་ཐང་གི་མིང་བསྡུས་པའོ།

Advertisements