ཏེང་ཞོ་ཕེང་དང་རྒྱ་ནག་གི་རུལ་སུངས།

ཏེང་ཞོ་ཕེང་དང་རྒྱ་ནག་གི་རུལ་སུངས།
———དྲུག་བཞི་ལ་རྗེས་དྲན་ཞུ་བ།

རྩོམ་པ་པོ། པོའོ་ཐོང།
འགྱུར། འབྲོག་མྱི།

Screen Shot 2015-06-07 at 10.40.16
༡༩༨༩ ལོའི་ཟླ ༦ ཚེས ༤འི་ཉིན། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་དེང་གཞུང་གི་རྒྱལ་སྲུང་དམག་གིས་སློབ་མའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱེད་ཀྱིན་པའི་ཚུལ།

ཕྱི་ཟླ ༥ ཚེས ༦ ནས་ཕྱི་ཟླ ༦ ཚེས ༤འི་བར“བཅར་འདྲི་བླངས་མི་ཆོག”ཅེས་གཞུང་གི་བཀའ་ཡིག་འབྱོར་སོང་། དེ་བས། རྩོམ་ཡིག་འདི་སྤེལ་ནས“དྲུག་བཞི”ལོ ༢༦ འཁོར་བར་རྗེས་དྲན་མཚོན་པ་ཡིན།

         རྒྱ་ནག་དམར་ཚོགས་ཀྱི༼ཏང་གི་སྒྲིག་ཡིག༽ཟེར་བའི་ནང་དུ། དངོས་པོ་ཞིག་ལ  “ཏེང་ཞོ་ཕེང་གཞུང་ལུགས”ཟེར། ཆབ་སྲིད་ཀྱི་དགོས་དབང་གིས་ཏང་གི་འགོ་ཁྲིད“གཞུང་ལུགས་མཁན་པོ”རུ་བསྐོས་པ་ནི་རྒྱ་ནག་དམར་ཚོགས་ཀྱི་རྩེད་མོ་ཞིག་རེད། འོན་ཀྱང་། དོན་གྱིས“ཏེང་ཞོ་ཕེང་གཞུང་ལུགས”ཟེར་བ་ཞིག་མེད་ལ། འཇིན་རྟེན་མི་ཡུལ་ན“ཆིན་ཧྲི་ཧོང་རྒྱལ་པོའི་གཞུང་ལུགས”ཟེར་བ་ཞིག་མེད་པ་ནང་བཞིན་རེད།

     ཆིན་ཧྲི་ཧོང་རྒྱལ་པོས་བཙུགས་པའི་དབུས་དབང་ཆ་གཅིག་བསྡུས་སྲིད་དབང་དེ་གཞུང་ལུགས་ལ་བརྟེན་པ་མ་ཡིན་པ་ཇི་བཞིན་ཏེང་ཞོ་ཕེང་གིས་ཀྱང་གཞུང་ལུགས་ལ་བརྟེན་མི་དགོས། ཏེང་ཞོ་ཕེང་གིས་མའོ་ཙེ་ཏུང་གིས་དམར་ཤོག་ཚོགས་པར་རྩོད་བཟོ་བྱས་པའི་དབང་ཤེད་ལ་བརྟེན་ནས“ཏེ་ཞོ་ཕེང་ལམ་ལུགས” ཟེར་བ་ཞིག་གསར་གཏོད་བྱས་པ་ནས་བཟུང་། རྒྱ་ནག་དེ་རུལ་སུངས་ཀྱི་གཡང་རོང་ལ་ཟགས། མ་འདྲ་ས་ནི། གླེགས་བམ་མེར་བསྲེགས། དམ་པ་དུར་ལ་བཅུགས་པར་བསྟོད་བསྔགས་བྱེད་མཁན་མེད་མོད། “ཏེང་ཞོ་ཕེང་ལམ་ལུགས”ལ་སྤོས་དང་མཆོད་མེ་སྒྲོན་མཁན་མཚམས་ཆད་མྱོང་མེད་ལ། ཕྱག་འཚལ་མཁན་ཚོས་“བསྟོད་མོས[1]”སྤྲད་ནས་དེ་རིང་བར་བསྐྱལ།

    ཚེ་སྨད་ལ་བསླེབས་པའི་ཏེང་ཞོ་ཕེང་གིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་ཉམས་མྱོང་དེ“ལག་གཡས་གཡོན་གཉིས་ཀ་དམ་པོ”ཞེས་པར་བསྡུས། ལག་གཡས་གཡོན་གཉིས་ཟེར་བ་དེ། དམིགས་བསལ་ངང་ཕྱི་ལོ ༡༩༨༩ ལོའི“དྲུག་བཞི”དྲག་གནོན༼གཞུང་དང་ལྟ་བ་མི་མཐུན་པར་དྲག་གནོན་གྱི་ལས་ཡོད་ཚད་ལ་གོ ༽དང་། ཕྱི་ལོ ༡༩༩༢ལོའི“ལྷོ་ཕྱོགས་སྐོརགཟིགས་གཏམ་བཤད”གཉིས་ལ་གོ་དགོས། “ལྷོ་ཕྱོགས་སྐོར་གཟིགས་གཏམ་བཤད”ཀྱིས་སུས་ཁ་མི་ཉན་ན་སུ་ཕར་རྒྱུགས་ཞེས་གསལ་བསྒྲགས་བྱས་ཡོད་པས། དུས་དེ་ནས“ཏེང་ཞོ་ཕེང་གཞུང་ལུགས”ལ་ཐོགས་མེད་ཤར་སྐྱོད་ཀྱི་དབང་ཐོབ་རག

       “ལྷོ་ཕྱོགས་སྐོར་གཟིགས”ནས་དམར་ཤོག་གི་ཚོགས་ཆེན་བཅོ་བརྒྱད་པའི་བར་དུས་ཡུན་ལོ་ངོ་ཉི་ཤུ་ཡོད། ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་ལོ་གསུམ་གྱི་ནང་དུ་གསལ་ཞིང་མཐོང་སླ་བའི་འགྱུར་ལྡོག་བྱུང་ཡོད། ལོ་སྔོན་མ་ཉི་ཤུའི་ནང་རིམ་པ་སོ་སོའི་དམར་དཔོན་ཚོ་གྲགས་འགུལ་ཅི་ཡང་མེད་པར་རྒྱུ་ཆེན་ཕྱུག་ཆེན་དུ་གྱུར། ལོ་རྗེས་མ་གསུམ་གྱི་ནང་དུ་འབྲུག་གྲགས་གྲགས་དང་ཐོག་རྒྱག་རྒྱག་གིས“སྟག་གསོད། སྦྲང་མ་གཅིར”པའི་ལས་འགུལ་སྤེལ་ནས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བྱས།

         ལོ་སྔོན་མ་ཉི་ཤུའི་རིང་ལྐོག་ཟ་རུལ་སུངས་རིགས་ལ་ཕལ་ཆེར་རྡུང་རྡེག་ཅི་ཡང་བྱས་མེད་ན་ཡང་། ལྐོག་ཟ་རུལ་སུངས་རིགས་མེད་པ་དང་ཡང་ན་ཚབས་ཆེན་མིན་པའི་མི་ཁྱབ། གལ་ཏེ་ལོ་སྔོན་མ་ཉི་ཤུའི་ནང་ཚབས་ཆེན་མིན་ན། ལོ་རྗེས་མ་གསུམ་གྱི་ནང་དུ་རྡུང་རྡེག་བྱས་པའི་ལྐོག་ཟ་རུལ་སུངས་པ་རྣམས་ཚོགས་ཆེན་བཅོ་བརྒྱད་པས་སྐྱེད་སྲིང་བྱས་པ་ཡིན་ནམ། དེ་ལས་ཤེས་ཐུབ་པ་ནི། གཞི་རྩའི་རུལ་སུངས་ལ་རྡུང་རྡེག་མི་བྱེད་པ་དེ “ཏེང་ཞོ་ཕེང་གཞུང་ལུགས”ཀྱི་བརྗོད་བྱའི་ཁུངས་གཏོགས་ཡིན་དགོས། ————འགོ་ཁྲིད་ལྡན་པའི་ངང་ལྐོག་ཟ་རུལ་སུངས་ལ་སྦས་གསང་དང་འགེབས་སྲུང་བྱེད་པ།

       ལྐོག་ཟ་རུལ་སུངས་ལ་ཞིབ་འཇུག་བྱེད་དུས་སྟག་དང་སྦྲང་མ་ལས་ཏེང་ཞི་ཕེང་མ་གླེང་ཚེ། རིག་གསར་ལ་ཕྱིར་དྲན་སྐབས་མི་བཞི་ཤོག་ཁག་དམིགས་འབེན་དུ་བཟུང་བ་ལས་མའོ་ཙེ་ཏུང་བརྗེད་པ་ནང་བཞིན་རེད།

“མི་ཁག་ཅིག་སྔོན་དུ་ཕྱུག་པོར་གྱུར་འཇུག ”།

       ཏེང་ཞོ་ཕེང་གིས་དར་སྤེལ་བཏང་བའི་”མི་ཁག་ཅིག་སྔོན་དུ་ཕྱུག་པོར་གྱུར་འཇུག ”ཞེས་པ་དེ་ནི་ལོ་རྒྱུས་ཡོད་པའི་དམར་ཤོག་དབུ་ཁྲིད་ཁྲོད་ཧ་ཅང་གི་གསར་གཏོད་རང་བཞིན་དང་ལྡན་པ་ཞིག་རེད། རྒྱུ་མཚན་ནི། དམར་ཤོག་ཚོགས་པའི་ཚོགས་པ་འཛུགས་པའི་སྙིང་དོན་དང་རྦད་དེ་ལྡོག་ཟླ་ཡིན་པས་ཡིན།

        “མི་ཁག་ཅིག་སྔོན་དུ་ཕྱུག་པོར་གྱུར་འཇུག ”ཆེད་གློག་ལྗངས་ཁུ་སྦར་བ་རེད། དེས་སྟབས་ཀྱིས། ནང་དོན་མག་མོག་ཡིན་མིན་ལ་མ་བལྟས་པར། ལྷོ་ཕྱོགས་སྐོར་གཟིགས་དེ་ཏེང་ཞོ་ཕེང་གི“བཅོས་བསྒྱུར”རྩ་འཛིན་དུ་གྱུར་བ་རེད། སྐབས་དེར་ང་བཙོན་ཁང་ནང་ཡོད། བཙོན་ཁང་ལས་གློད་བགྲོལ་ཐོབ་རྗེས་ཡོངས་ཁྱབ་ངང་འགྲེམས་སྤེལ་བྱས་ཡོད་པའི་ཡིག་ཆའི་རིགས་ཀློག་རྒྱུའི་གོ་སྐབས་ལྡན་ཡང་། ད་དུང་ཡང་ཅི་ཡིན་འདི་ཡིན་མི་གསལ། ང་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་ནི་ཏེང་ཞོ་ཕེང་གི་བཤད་པའི་སྐད་ཆ་ཚིག་གསུམ་ཡོད་པ་དེ་ཡིན། དེ་དག་ནི། བཅོས་བསྒྱུར་མ་བྱས་ན་འཆི་རྒྱུ་ལས་མེད། སུས་བཅོས་བསྒྱུར་བྱེད་མི་འདོད་ན་ཕར་རྒྱུགས། མི་ཁག་ཅིག་སྔོན་དུ་ཕྱུག་པོར་གྱུར་འཇུག  བཅས་རེད།

         ཏིང་ཞོ་ཕེང་གི་སྐད་ཆེར་གཞིགས་ན། ནང་དོན་དང་སྒྲོམ་གཞི་གཉིས་ཀ་མག་མོག་མི་གསལ་ཞིང་། གནད་དོན་ནི་སྔོན་ན་ཕྱུག་པོར་གཏོང་རྒྱུའི་སྐོར་དེ་སུ་ཡིན་ནམ།

     སྔོན་ལ་ཕྱུག་པོར་གཏོང་རྒྱུའི་སྐོར་དེ་ནི་དམར་ཤོག་ཚོགས་པས་རང་གིས་རང་ལ་བཏགས་པའི“བཟོ་ཞིང་མཉམ་འབྲེལ་མཐུན་ཚོགས”ཡིན་ཆོག་ལ། ཉེ་དུས་དཀར་འདོན་བྱས་ཟིན་པའི“ས་བདག་དང་། ཕྱུག་བདག ངོ་ལོག་པ། ངན་པ། གཡས་ཐལ”ཡང་ཡིན་ཆོག དེ་བཞིན་ཤེས་ཡོན་དང་ལག་རྩལ་འཛོམས་པའི་ཤེས་ལྡན་མི་སྣ་ཡིན་ཆོག་ལ། ཏང་གི་དབང་ཆར་ཉེ་བོ་དང་བཟུང་བའི་ཏང་དང་རྒྱལ་ཁབ་ཀྱི་དཔོན་རིགས་དང་དེ་ཡི་ནང་མི་གཉེན་ཉེ་གྲོགས་པོ་ཁྱིམ་མཚེས་སོགས་ཀྱང་ཡིན་ཆོག

       འོན་ཀྱང་། སྔོན་ལ་ཕྱུག་པོར་གཏོང་བའི་སྐོར་དེ་སྤྱི་མཚན་གྱི་འོལ་ཚོད་ཅིག་ཡིན་མི་རུང་། འོ་ན་སུ་ལ་སྔོན་དུ་ཕྱུག་པོར་གཏོང་རྒྱུར་ཆ་རྐྱེན་འདང་ཡོད་ཅེ་ན། ཏེང་ཞོ་ཕེང་བྱིས་པ་ཀླད་མེད་ཅིག་མ་རེད། ཆུ་དང་ཉེ་བའི་བ་གམ་ལ་ཟླ་བའི་འོད་ཟེར་སྔོན་ལ་ཕོག་པ་ཤེས་དང་ཤེས། ཏང་གི་དབང་ཤེད་ཀུན་པོའི་དབུས་ནཡོད་པའི་སྤྱི་ཚོགས་ཤིག་ཏུ། ལྷག་པར་དུ་ཆབ་སྲིད་བཅོས་བསྒྱུར་ངན་གསོད་བྱས་ཟིན་པ་དང་། དམིགས་བསལ་དབང་ཤེད་ཀྱི་སྒྲིག་གཞི་ལ་ཐུག་རེག་མི་ཆོག་པའི་གནས་སྟངས་གསར་བའི་འོག མང་ཚོགས་དཀྱུས་མ་ཞིག་ཚོང་གི་རྒྱ་མཚོའི་ནང་མཆོང་ཡང་། ཧ་ཅང་ཉུང་བའི་ལས་ཆེན་བསོད་བདེ་ཅན་འགའ་མ་གཏོགས་རྒྱ་མཚོའི་ནང་ཆུ་སུབ་ཐེབས་ནས་མ་ཤི་ན་ད་དུང་ལས་ཆེན་རེད། དེ་ལས་ཤེས་ཐུབ་པ་ནི། སྔོན་ན་ཕྱུག་པོར་གཏོང་རྒྱུར་འོས་ཐོབ་ཡོད་མཁན་ཚོ་ནི་ཁ་ཆེན་དབང་ཆེན་གྱི་ཤེས་འཇོན་ཅན་ཏེ་དམར་ཤོག་ཚོགས་པའི་དབང་གྲགས་ཅན་ལས་གཞན་མིན།

         དེ་ནི་གཏན་ཚིགས་ཡིན་ལ། དངོས་ཡོད་དོན་དངོས་ཀྱང་ཡིན། “ཁྲིམས་ལུགས་ལྟར”གྲོང་ཁྱེར་ནང་ཡོང་རྒྱུར་བཀག་པའི་ཞིང་པ་དང་ལས་ཀ་ཤོར་བའི་བཟོ་བའི་ཚོགས་ལ་ལྟོས་དང་ཕལ་ཆེན་དེ་ན་ལན་གསལ་བོ་ཡོད།

       དཔལ་འབྱོར་བཅོས་བསྒྱུར་གྱིས་ཁེ་ཕན་གྱི་ལེགས་སྒྲིག་དང་རྒྱུ་ནོར་གྱི་བགོ་བཤའ་ཐད་ཀར་ཐག་གཅོད་བྱེད་ཀྱིན་ཡོད། དམར་ཤོག་ཚོགས་པའི་དབང་ཤེད་ཀྱིས་ཡོད་ཚད་དྲག་ཏུ་མནན་པའི་གནས་བབ་འོག་སྤེལ་བའི་ནང་དོན་མི་གསལ་བའི“བཅོས་བསྒྱུར”ཞིག་ལ། དངོས་ཡོད་དང་མཇུག་འབྲས་ནི་དབང་ཆ་ཆེ་ན་རྒྱུ་ནོར་ཆེ་ཆེ་ཐོབ། དབང་ཆ་ཆུང་ན་རྒྱུ་ནོར་ཆུང་ཆུང་ཐོབ། ཁ་ཆུང་དབང་ཆུང་ཚོས་མུ་མཐུད་ནས་འབྱོར་མེད་དབང་མེད་ཀྱི་ལས་དབང་ངོས་ལེན་བྱ་རྒྱུ་ལས་གཞན་ཅི་ཞིག་ཡོད་དམ།

བྱི་ལ་བཟང་པོ་འཚོལ་གཡར།

          ལྷོ་ཕྱོགས་སྐོར་གཟིགས་གཏམ་བཤད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རླབས་གཤག་ཕོ་རྒོད་ཚོར་སེམས་འགུལ་ཐེབས་ཡོད། རྒྱ་ནག་གི་ཚོང་ལས་དེ་གཞན་དང་མི་འདྲ་ལ། ཁྱད་ཆོས་གཙོ་བོ་དེ་དམར་ཤོག་ཚོགས་པས་ཡོད་ཚད་ལ་བཏང་འཛིན་བྱས་ཡོད་པ་དེ་ཡིན། བཏང་འཛིན་དེ་ཡང་ཞིབ་བཤེར་འགག་སྒོ་ཡིས་མཚོན་ཡོད་ལ། ག་ས་གང་དུ་ཞིབ་བཤེར་འགག་སྒོ་ཡིས་བཀང་ཡོད་པ་དང་། ག་ས་གང་ན་ཉེན་ཁ་ཆེ་བའི་གྲམ་པ་དང་མི་མངོན་ཆུ་འོག་བྲག་རྡོ་ཡིས་ཁེངས་ཡོད་པས། འཚོལ་གཡར་མི་བྱེད་མཁན་ཚོ་གསོན་ཐབས་མེད། རྒྱ་ནག་འབུར་ནས་ཐོན་པའི་སྐབས། ཡོངས་ཁྱབ་ངང་བསྟོད་བསྔགས་བྱེད་དཀའ་བའི་བྱས་རྗེས་ཅན་དེ“འཚོལ་གཡར”ཞེས་པའི་གསང་བ་དེ་ལྕགས་སྒམ་ནང་སྦས་སྐུང་བྱེད་མཁན་བྱི་ལ་བཟང་པོ་དེ་རྩི་དགོས།

         འཚོལ་གཡར་གྱི་སྔོན་དུ། དམར་ཤོག་དཔོན་རིགས་ཚོའི་འོས་འགན་ནི“བདག་སྐྱོང་། འགོག་རྒོལ། དྲག་གནོན”བཅས་ལས་མ་འདས། ཚོགས་པ་ནང་ཁུལ་གྱི་སྤུན་གྲོགས་དང་། སྤུན་ཟླ་ལས་ཁུངས། རྒྱལ་གཉེར་ཁེ་ལས་སོགས་ཡིན་ཡང་ལམ་རིང་ཐུང་ལ་གློག་དམར་པོ་ཡིན་ལ། ག་ས་གང་ནས་དཀའ་ཚེགས་སྐྲུན་གྱིན་ཡོད། དབང་ཆ་བཀོལ་སྤྱོད་མཁན་ཞིག་ལ་མཚོན་ན། ཁོང་ཚོའི་ཆེས་མཁས་སའི་ཆེས་བྱེད་འདོད་པ་དེ་ནི་ནུས་ཤུགས་འདོན་རྒྱུ་དེ་ཡིན། ལམ་སྲོལ་ལྟར་ན་ནུས་ཤུགས་ལྡོག་མ་ཡིན་དགོས།

        འཚོལ་གཡར་བྱ་ཡུལ་གང་ཡིན་ནམ་ཞེ་ན། སྤྱི་བཏང་གིས་བཤད་ན། དབང་ཆར་འཚོལ་གཡར་བྱེད་དགོས། བྱེ་བྲག་གིས་བཤད་ན། དམར་ཤོག་ཚོགས་པ་དང་། དཔོན་རིགས། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྲུག་ཡོན་ཁང་ནས་ས་གནས་གཞི་རིམ་སྡེ་དཔོན་བར་གྱི་མི་ཆེ་གེ་མོ་ཀ་དང་ཁ་སོགས་ལ་འཚོལ་གཡར་བྱེད་དགོས།

       “འཚོལ་གཡར”གྱི་སྐུལ་འདེད་ཡོད་དུས། ལོ་མང་རིང་ས་འོག་རིམ་པ་དགུར་སྦས་པའི་ཁྲོམ་ར་དཔལ་འབྱོར་གྱི་ཐབས་ལམ་དག་ས་གཤེགས་ནས་བསྟུད་མར་ས་སྟེང་དུ་ཐོན་ཞིང་། གཅིག་སྔན་གཅིག་གིས་བླངས་ནས་རེ་རེ་བཞིན“སྤྱི་ཚོགས་རིང་ལུགས”ཀྱིས་བཀོལ་སྤྱོད་འོག་བརྒྱུགས། ཁྲོམ་ར་དཔལ་འབྱོར་གྱི་རིགས་སྣ་ཚོགས་ཏང་རྒྱལ་གྱི་དར་ཆའི་འོག་ཚུད་དུས། རང་དབང་ངང་འདེམ་པ་དང་འགྲན་བསྡུར་གྱི་རང་བཞིན་རེ་རེ་བཞིན་ཡལ་ནས་ཞི་འཇམ་ངང་ཏང་དང་དབང་གྲགས་ལ་བདེ་སྐྱིད་ཐོབ་ཐབས་སུ་འབད་བརྩོན་བྱེད་ཀྱིན་ཡོད། མ་རྩ་བསྡུས་ནས་ཁྲོམ་རར་འཇུག་པ་ནས། ཆིངས་ཡིག་བཞག་ནས་ཚོང་ཟོག་གི་སྤོས་ཀ་ཚད་གཞི་ལ་བརྟག་པའི་བར། ཚང་མ་དེ་བཞིན་ཡིན་ལ། གཅིག་ཀྱང་ཐར་ས་མེད།

          འོས་འགུགས(招标)་དེ་ག་འདྲ་རེད་དམ། དེ་དངོས་གནས་“དྲང་བདེན”ཡིན་རྒྱུ་རེད་པཱ་ཟེར་ན། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཁྲིན་ཁི་ཇེ་ཡིས་སེམས་གཡེང་ཐེངས་གཅིག་གིས་དེ་ཡིས་རྒྱ་ནག་གི་ཁྱད་ཆོས་ཅན་ཕྱིར་ཐོན་པ་རེད། སུ་ཡིས་དེ་ཡི་གྲོགས་མོ་འཚོལ་གཡར་བྱས་ཚེ། དེ་ལ“ཡོངས་གྲགས་ངང་འོས་ཐོབ(中标)”ཀྱི་རྒྱལ་ཁ་ཐོབ་ངེས་ཡིན།

         དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་ནི་ཏང་གི་ཤ་ཡི་ལུས་པོ་རེད། འཚོལ་གཡར་ཞེས་པ་དེ་དོན་གྱིས་ཏང་གི་དཔོན་པོ་ཚོ་དང་མཉམ་ལས་བྱས་ཏེ། བློ་སེམས་གཅིག་ཏུ་སྒྲིལ་ནས GDP མཐོ་རུ་འདེགས་རྒྱུ་དེ་རེད། ལས་དེ་འཚོལ་གཡར་བར་སྟབས་བདེའི་བསྐྲུན་པ་ཙམ་གྱིས་ག་ལ་ཚད། དེ་དང་ཆབས་ཅིག་ཏང་གི་དཔོན་པོ་ཚོར་སྲིད་སྐྱོང་བྱས་རྗེས་འཇོག་རོགས་ཀྱང་བྱས་ཡོད་ལ། ཆེ་བཤད་བྱས་ན། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་འབད་བརྩོན་གནང་པ་རེད། 
    མི་དམངས་ཀྱི་འཚོ་བ་ཉམས་ཉེས་སུ་བཏང་བ་དང་། ཐོན་ཁུངས་ལ་གཏོར་བརླག་བྱས་པ། ཕྱི་རབས་པ་རྣམ་ལ་ཆག་སྒོ་བཟོས་པ་སོགས་ནི་གནས་ལུགས་བཙན་པོའི་འོག་སྣང་མེད་དུ་བཞག་ནས་གང་གི་གྲས་ལའང་མ་བརྩིས་པ་ཡིན་རྒྱུ་རེད།
    དེ་ལ་ཆེ་ས་རྟོགས་པ། ཆེ་ས་བསམ་པ། གནས་ལུགས་ཆུང་ངུ་གནས་ལུགས་ཆེ་བའི་རྗེས་འབྲང་པ། “གནས་ལུགས་བཙན་པོ” ཡིས་གནས་ལུགས་སྙི་མོ་མནན་པ། མདོར་བསྡུས་ན། དེ་ལ་མི་ལ་ལས་ཏང་གི་དཔོན་རིགས་སར་འཚོལ་གཡར་བྱས་པ་ཟེར་བ་ལས་ཏང་གི་དཔོན་རིགས་ཚོས་ཏང་གི་ལམ་ལུགས་དང་། འཛིན་སྐྱོང་ལག་བསྟར་ཁྲོད“དོན་དག་ཆེ་རིགས་གཙོར་འཛིན”བྱས་པའི་བླ་མེད་འོས་འགན་རེད་ཟེར་ན་འོས་འཚམ་རེད། 
    “དོན་དག་ཆེ་རིགས་གཙོ་བོར་འཛིན”དགོས་ཚེ་སྒྲིག་གཞི་ཆེན་པོ་བཀོལ་སྤྱོད་བྱེད་དགོས་པས། སྡེ་ཡོངས་དང་། ཞང་ཡོངས། རྫོང་ཡོངས། ཞིང་ཆེན་ཡོངས། རྒྱལ་ཁབ་ཡོངས་ཀྱི་སྒྲིག་གཞི———དེ་ཡང་ཉིད་ཀྱིས་དཔོན་པོ་དབང་ཚད་ག་འདྲ་ཅན་ཞིག་འཚོལ་གྱིན་པར་རག་ལས་ཡོད། ཞང་དཔོན་རྫོང་དཔོན་ཞིག་ཡིན་ཡང་། ཏང་གི་དབང་ཤེད་ཀྱི་ཁེབས་པའི་མངའ་ཁོངས་སུ་འགན་ཐག་མཁན་ཞིག་ཡིན་མིན་ལ་དོགས་པ་ཟ་མི་དགོས།

          དེའི་རྒྱུ་མཚན་ནི། འཚོལ་གཡར་རག་རྗེས། ཏང་གི་དཔོན་པོ་རང་ཉིད་མ་རྩའི་བདག་པོར་གྱུར་པས་རེད། ལམ་རིང་ཚད་ལ་རང་འགུལ་ངང་གློག་ལྗངས་ཁུ་སྤར་རྒྱུ་ནི་ཡིན་དང་ཡིན།  དམངས་ལ་ཕན་པ་དང་ཡང་ན་དམངས་ལ་གནོད་པ་གང་ཡིན་ཡང་། ཁྲིམས་མཐུན་དང་ཁྲིམས་འགལ་གང་ཡིན་ཡང་། ངེད་གཉིས་ལ་ཐུན་མོང་གི་ཁེ་བཟང་ཟ་རྒྱུ་ཡོད་ན། ཡོད་དོ་ཅོག་ལ་སེར་སྣ་སྤུ་ཙམ་ཡང་མེད་པར“ནུས་ཤུགས་དངོས་མ” དེ་བརྒྱུད་སྤྲོད་བྱེད་ངེས་ཡིན་ལ། ལམ་བར་ན་དཀའ་ཚེགས་རྙོག་གྲ་ཅི་ཡང་མི་བྱུང་རྒྱུ་ཁག་ཐེག་བྱས་ནས་ཐོགས་མེད་ཤར་སྐྱོད་ཡིན། འཚོལ་གཡར་གྱིས་ཁོར་ཡུག་སྲུང་སྐྱོང་དང་། ནང་གི་མཁོ་ཆས། སྤྱོད་གཙང་ཁྲེལ་ཡོད་སོགས་ལ་སྐུལ་འདེད་བྱེད་མི་ནུས་ཀྱང་། དེ་ལ་བརྟེན་ནས GDP  ལ་སྐུལ་འདེད་བྱེད་རྒྱུ་དེ་ཅི་བསམ་དེ་འགྲུབ་དང་། ཡ་ཡུག་ཡིན།

           ལོ་ངོ་དྲུག་ཅུ་ལྷག་ཕྱིན་ཡང་རྒྱ་ནག་ལ་ད་དུང་ཡང་མི་དམངས་འོས་འདེམས་ལས་བྱུང་བའི་གཞུང་མེད། ཁ་སང་དེ་རིང་ཏང་གི་རྨང་གཞི་དེ་བསྡོམས་རྩིས་སྙན་ཐོའི GDP ལ་སྐྱབས་བཅོལ་ཡོད། དེ་བས་ན། དཔོན་རིགས་ཚོར་མཚོན་ན། GDPལས་ལྷག་པའི་སྲིད་སྐྱོང་བྱས་རྗེས་ཤིག་གང་ན་ཡོད་དམ། དེ་རིང་འཚོལ་གཡར་བའི་ཚབ་ཏུ་ཡར་འགུལ་མར་རྒྱུགས་ཡག་པོ་བྱེད་ཐུབ་པའི་དཔོན་རིགས་ཚོ། སང་ཉིན་བདེན་བདེན་དྲང་དྲང་གིས་ཆབ་སྲིད་སྐར་ཆེན་དུ་གྱུར་ངེས་ཡིན། རུལ་སུངས་དང་འཕེལ་རྒྱས་མཉམ་འཕེལ་མཉམ་རྒྱས་རེད། རྒྱུ་ནོར་གྱི་རླུང་རྟ་དང་དཔོན་པོའི་ལས་དབང་མཉམ་འགྲོ་མཉམ་ཐོབ་རེད། ཏང་གི་དཔོན་རིགས་ཀྱི་ནུས་ཤུགས་དངོས་མ་སྐུལ་འདེད་ལ་མཚོན་ལ། དེ་ལས་ལྷག་པའི་སྐུལ་འདེད་གཞན་ཞིག་གང་ན་ཡོད་དམ།

          མའོ་ཙེ་ཏུང་གིས་མང་ཚོགས་ཀྱི་སྒེར་གྱི་རྒྱུ་དངོས་ཐུན་མོང་གི་རྒྱུ་དངོས་སུ་བསྒྱུར་ནས་ཏང་གི་བཏང་འཛིན་བྱས་པའི་རྒྱལ་ཁབ་གྱི་རྒྱུ་རུ་གྱུར། ཏེང་ཞོ་ཕེང་གིས་རྒྱལ་ཁབ་ཀྱི་རྒྱུ་དངོས་ལ་སེར་སྣ་མེད་པར་མཚོན་བྱེད་ཙམ་གྱི་ངོ་བོས“རིན་གུང་བཅད་ནས”དཔོན་ངན་གྱི་ཁུག་མའི་ནང་བཅུགས། གཞལ་བའི་མཐའ་མེད་པའི་རྒྱལ་ཁབ་ཀྱི་མ་རྩ་དེ་སྒེར་བདག་ཅན་དུ“བསྒྱུར”། གླེང་ཕྱོགས་ཁྲོད་འུར་ལངས། ཏང་དང་རྒྱལ་ཁབ་ཀྱིས་ཁ་མི་གྲགས་དགུན་པའི་ཁུ་བྱུག་གི་རྟུལ་ཞུགས་བཟུང་། ཁྱེད་ཀྱིས་མཁྱེན་གསལ་རེད། ཁ་མི་གྲགས་པ་དེ་གྲགས་མ་ཤེས་པ་རེད། འོན་ཀྱང་དེ་ལྟར་དུ་རྒྱུན་འཁྱོངས་བྱེད་རྒྱུའི་བརྡ་ཞིག་ངེས་པར་དུ་སྟོན་དགོས།   དེ་ནི་ལྷོ་ཕྱོགས་སྐོར་གཟིགས་རེད། “བཅོས་བསྒྱུར་གྱི་དགོངས་དོན”རེད། ཏང་ཡོངས་ཀྱི་གོང་འོག་ཕྱི་ནང་ཚང་མར་ངེས་པར་དུ་གོམས་གཤིས་རྒྱུན་སྤྱོད་དུ་གྱུར་དགོས་ལ། དེ་ལ་ཧ་ལས་ཡ་མཚན་སྐྱེ་མི་ཆོག

“དྲུག་བཞི”ཡིས་བཅོས་བསྒྱུར་གྱི་ངོ་བོ་བསྒྱུར།

ཏེང་ཞོ་ཕེང་གི“ལག་པ་དམ་པོ་ཡ་གཅིག”ནི། ཕྱི་ལོ ༡༩༨༩ ལོར“དྲུག་བཞི”ལ་དྲག་གནོན་བྱས་པ་དེ་ཡིན ། སྐབས་དེར་ཏེང་ཞོ་ཕེང་གི་གྲངས་གནས་དྲུག་ཅན་གྱི་རྒྱལ་སྲུང་དམག་བསྡུས་ནས་ལྕགས་འཁྲབ་འཁོར་ལོས་ཕྲེང་བསྒྲིགས་ནས། མེ་མདའ་ལག་པར་བཟུང་ཞིང་མདེལ་ར་སྐེད་པར་དཀྲིས་པའི་དམག་མིས་དཔུང་བསྒྲིགས་ནས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་བཅོས་བསྒྱུར་གྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་འདུན་འདོན་མཁན་ཞི་བའི་རེ་ཞུ་བ་ཁྲི་ཕྲག་མང་པོར་དྲག་པོས་གནོན་པ་རེད།

          དྲུག་བཞིའི་དོན་རྐྱེན་བྱུང་ཚར་དུས། བཅོས་བསྒྱུར་མི་འགྱུར་རང་འགྱུར་རེད། རྟ་ཁྲིའི་འཚེར་སྐད་ཅིག་ཅར་དུ་ཆད་པའི་གནས་སྟངས་འོག སུ་ཡི་སྨྲ་བརྗོད་ཀྱི་དབང་ཆ་ཤོར་ཚེ། དེ་ཡི་བཅོས་བསྒྱུར་སྣེ་ཁྲིད་ཀྱི་དབང་ཆའང་ཤོར་ཡོད་པས། ཕ་རོལ་པས་གང་འདོད་ཁ་ལོ་བྱ་ཡུལ་དུ་གྱུར་སྲིད། ལོ་རབས་བརྒྱད་ཅུ་བར་དཔལ་འབྱོར་བཅོས་བསྒྱུར་གྱི་སྙིང་བོའི་དམིགས་ཡུལ་དེ་དེའི་རྐྱེན་གྱིས་རྩ་བ་ནས་ཐ་དད་པར་གྱུར་ཡོད། གཞི་རྩའི་ཆ་ནས་ཏང་གི་དཔོན་རིགས་ཚོས་ངལ་རྩོལ་བ་དང་གཉེར་སྐྱོང་བར་ལྷོད་ཡངས་དང་། དབང་ཆ་མར་སྤྲོད།  ཁེ་བཟང་མཉམ་རོལ་བྱེད་རན་ཡིན་མོད། འགྱུར་ལྡོག་གཅིག་གིས་ཐ་དད་དུ་གྱུར་ནས་དབང་ཆ་ལྟར་བགོ་བཤའ་བརྒྱབས་ཡོད། ཏེང་ཞོ་ཕེང་གི“ཚོགས་ཆེན་བཅུ་གསུམ་པའི་ནང་དོན་ཡིག་འབྲུ་གཅིག་ཀྱང་བསྒྱུར་མི་ཆོག”ཟེར་བར་ཡིད་ཆེས་མ་བྱེད། དྲུག་བཞི་དྲག་གནོན་གྱིས་བཅོས་བསྒྱུར་གྱི་སྒྲོམ་གཞི་དང་སྙིང་དོན་བསྒྱུར་ནས་བཅོས་བསྒྱུར་ལམ་ལོག་ཏུ་བསྐྱལ་ཟིན་པ་རེད།

         ལོ་རྒྱུས་ལ་གདེང་འཇོག་བྱེད་དུས་ངེས་པར་དུ་དངོས་ཡོད་བདེན་དོན་གཞི་རུ་འཛིན་དགོས། དངོས་ཡོད་བདེན་དོན་ནི། ཏེང་ཞོ་ཕེང་གིས་དྲུག་བཞི་བརྒྱུད་དགྲ་དང་གྲོགས་ཀྱི་རྟགས་མཚམས་གསར་བ་ཞིག་བཅད་པ་རེད། རང་རེ་ཏང་གིས་རུལ་སུངས་ལ་སྲུང་སྐྱོབ་བྱས་ཆོག་ཅིང་། སུ་ཡིས་རང་རེ་ཏང་གི་རུལ་སུངས་ལ་སྲུང་སྐྱོང་གི་ལས་དོན་དེར་ངོ་རྒོལ་བྱས་ན་དེ་ནི་རང་རེ་ཏང་དང་དམག་གི་དགྲ་བོ་ཡིན། ཞེས་པ་དེ་རེད།

        རྒྱལ་ཁབ་ལ་མངའ་བ་ཐམས་ཅད་དཔོན་རིགས་ལ་མངའ་བར་བསྒྱུར་བ་ནི། ལྷོ་ཕྱོགས་སྐོར་གཟིགས་ཀྱི་རྗེས་སུ་བྱུང་བའི་རྟགས་མཚན་རང་བཞིན་ཅན་གྱི་བཅོས་བསྒྱུར་གྱི་རྣམ་པ་གསལ་ཤོས་དེ་ཡིན། དྲུག་བཞིའི་ལྕགས་འཁྲབ་འཁོར་ལོས་ལམ་ཁ་ཕྱེས་པ་མེད་ན། དེ་ནི་བློ་ཡུལ་ལ་ཤར་དཀའ་བའི་གནས་ཡིན།

         ཏེང་ཞོ་ཕེང་གི “ལག་པ་གཡས་གཡོན་གཉིས་ཀ་དམ་པོ”ཡི་ཟིལ་ཤུགས་དེ་གཅིག་ཤེས་ཀུན་རྟོགས་མ་རེད་དམ།

ཏང་རྒྱལ་ཁབ་ཀྱི་རུལ་སུངས་ལ་རྒོལ་རྡུང་བྱས་པ་བྱས་རྗེས་དང་། དམངས་ཁྲོད་དུ་རུལ་སུངས་ལ་རྒོལ་རྡུང་བྱས་པ་ཉེས་པ་ཡིན།

         ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཐོག་ལྟར་དྲག་ཅིང་རླུང་ལྟར་མྱུར་བའི་ཆོད་སེམས་ཀྱིས་སྟག་བསད་སྦྲང་མ་གཅིར། ལྟོས་ཚོད་ཀྱིས་ལོ་རྒྱུས་རང་བཞིན་ཅན་གྱི་ཡར་རྒྱས་ཤིག་ཡིན་པ་འདྲ་ཞིང་། འཛམ་གླིང་མི་དམངས་ཀྱི་མིག་འབྱེད་པའི་རླབས་ཆེའི་མུན་སེལ་གྱི་ནུས་པ་ཐོན་ཡོད་པ་གདོན་མི་ཟ། གསར་བརྗེ་བའི་སུངས་ཁྲག་གིས་བྱུགས་པའི་དར་དམར་དེ་བཙོག་སྙིགས་དྲི་ངན་གྱིས་སྦགས་པའི་འབག་བསླད་ཀྱི་གཏིང་དུ་ཟགས་ཡོད། ད་བར་དུ་ཕྱིར་བཏོན་པའི་རུལ་སུངས་བའི་ཁྲོད། པུའུ་དང་ཞིང་ཆེན་རིམ་པའི་དཔོན་རིགས་མཐོ་གྲས་བརྒྱ་དང་རྫོང་རིམ་པའི་དཔོན་རིགས་སྟོང་ཕྲག་འགའ་རེད། དེ་ནི་གླང་ཆེན་གྱི་རྔ་མ་དང་གངས་རིའི་གྲུ་སྣེ་ཙམ་ལས་མིན་ཡང་། དེ་ལ་སྔར་མ་གྲགས་ཤིང་དེང་གི་གཟི་བརྗིད་ཞིག་ལ་ངོས་འཛིན་བྱས་ན་མ་ཆོག་པ་མི་མཐོང་ཞིང་། གྲུ་སྣེ་དེས་རྒྱལ་ཁབ་ཕྱི་ནང་ཀུན་པོའི་རུལ་སུངས་གྱི་ཟིན་ཐོ་མདོག་མེད་སྐྱ་ཐལ་ལེར་བཏང་ཡོད། རྒྱ་ནག་གི་མགོ་ནས་མཇུག་བར་དུ་ཁེབས་པའི་རུལ་སུངས་ཀྱི་གནས་སྟངས་དེ། ད་ནས་བཟུང་ཤོག་བུས་མི་ཐུམ་པའི་མེ་ཇི་བཞིན་འཛམ་གླིང་མི་དམངས་ཀྱི་སེམས་ཁུངས་ནས་གསོད་ཐབས་མེད།

         འོན་ཀྱང་། རྒྱ་ནག་ནང་གཡོ་སྒྱུ་གཡོ་ཁྲམ་གྱི་དོན་རྐྱེན་བསྟུད་མར་བྱུང་དང་འབྱུང་གིན་པས། ཏང་རྒྱལ་ཁབ་ཀྱི་རུལ་སུངས་ལ་རྒོལ་རྡུང་བྱས་པ་བྱས་རྗེས་དང་། དམངས་ཁྲོད་དུ་རུལ་སུངས་ལ་རྒོལ་རྡུང་བྱས་པ་ཉེས་པ་ཡིན་པར་མ་ལྟོས་པར། སྐོར་ཚོགས་རང་བཞིན་གྱི་རུལ་སུངས་ལ་རྒོལ་རྡུང་གི་རིགས་ལ་སྔོན་ཆད་བཞིན་ད་དུང་ཡང་དྲག་གནོན་བྱ་ཡུལ་རང་ཡིན། བཙན་གནོན་བརྙས་བཅོས་འོག་གི་མི་སེར་ཚོའི་ཞུ་གཏུག་གི་ཐོབ་ཐང་དུས་དེ་རིང་ད་དུང་བཙན་འཕྲོག་བྱས་ཡོད། ཉི་འོད་ཁྲིམས་སྲོལ་འཛུགས་རྒྱུའི་བསམ་འཆར་འདོན་མཁན་དག་འཛིན་བཟུང་དང་བཙོན་འཇུག་བྱས། ཏང་གི་དཔོན་རིགས་ཚོའི་རུལ་སུངས་བྱས་ཉེས་ཕྱིར་འདོན་མཁན་ཚོ་འདྲི་གཅོད་བྱས། རུལ་སུངས་ཀྱི་གཉན་སྟེ་ཡོངས་ཁྱབ་རིན་ཐང་ལ་ཕྱི་ཕྱོགས་དགྲ་འཛིན་སྟོབས་ཤུགས་ཀྱི་མིང་བཏགས་ནས་དཔུང་འཇུག་དང་འཐབ་རྩོད་བྱ་ཡུལ་དུ་བཏང། ཏང་གི་ཡོད་དོ་ཅོག་ཐམས་ཅད་ལ་དོ་དམ་བདག་སྐྱོང་བྱེད་པའི་དབང་ཆ་དེ་ད་ལྟ་ཁྲིམས་ལུགས་ཅན་དང་། ལག་རྩལ་ཅན། ཕྱི་ཕྱོགས་ཅན་དུ་རྒྱ་སྐྱེད་ཀྱིན་ཡོད།

            ཏང་རྒྱལ་ཁབ་ཀྱིས་ད་ལྟ་རུལ་སུངས་ལ་རྡུང་རྡེག་བྱེད་རྒྱུ་ཡིན་ནམ། ཡང་ན་རུལ་སུངས་ལ་ངོ་རྒོལ་ལ་རྡུང་རྡེག་བྱེད་རྒྱུ་ཡིན། ག་གེ་མོས། སྟེང་གི་རིམ་པས་ཤེས་རྒྱུ་རེད་ཟེར།

         རྩོམ་ཡིག་འདིས་དོན་དག་གཉིས་བཤད་འདོད་བྱུང་། གཅིག་ནི། ཏེང་ཞོ་ཕེང་གི་ལམ་ལུགས་ལ་རྒྱུན་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་དུམ་མཚམས་སུ། རྒྱ་ནག་གིས་རུལ་སུངས་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་མི་ཐུབ། སྟག་བསད། སྦྲང་མ་གཅིར། དེ་ནི“གཞི་ནས་བཅོས་པ་མིན”ལ། “སྟེང་ལྤགས་ཙམ་བཅོས”ཐུབ་མིན་ཡང་ད་དུང་དོགས་པའི་གཞི་ཡིན། སྟག་གིས་ས་གཞི་གང་། སྦྲང་མས་ཉི་འོད་འགོག་པའི་དེ་རིང་། བརྒྱ་མང་གསོད་དང་། སྟོང་ཉུང་གསོད་ཀྱིས་ཕྱོགས་ཡོངས་སུ་རུལ་སུངས་ཀྱིས་གང་བའི་གནས་སྟངས་ལ་འགྱུར་བ་གཏོང་ག་ལ་ནུས། ཡིན་ན་ཡང་། ང་ད་དུང་ཡང་སྤྲོ་སྣང་གིས་ཁེངས་ནས་བསྡད་ཡོད། ངའི་གཞི་འཛིན་ས་ནི་དེའི་ལྡོག་ཕྱོགས་ཀྱང་དྲང་ཕྱོགས་ཡིན་ཞེས་པ་དེ་ཡིན། རུལ་སུངས་ཀྱི་ལམ་ཁ་དེ་དང་བྲལ་ཚེ། རྒྱ་ནག་ལ་ད་གཟོད་སྐྱོབ་རྒྱུ་ཞིག་ཡོད་རྒྱུ་རེད།

         གཉིས་པ། “དྲུག་བཞི” ཡི་དུས་དྲན་ཡང་སླེབས་བྱུང་། མི་མང་པོ་ཞིག་གི་ད་དུང་ཡང་རྒྱ་ནག་དེང་གཞུང་གིས་རང་འགུལ་ངང་ཡུལ་མི་དམར་གསོད་ཀྱི་དྲང་བདེན་མ་ཡིན་པ་དང་ཁྲིམས་འགལ་རང་བཞིན་ངོས་ལེན་བྱེད་རྒྱུར་རེ་སྒུག་བྱས་ཡོད། ངས་དེ་ལྟར་ཡོང་བའི་སྨོན་ལམ་འདེབས། ང་ལ་སྤྲོ་སྣང་མེད་པའི་གཞི་རྩ་ནི། ད་ལྟ་ད་དུང་རྒྱབ་སྐྱོར་བྱེད་སྲིད་པའི་རྟགས་མཚན་ཞིག་མི་མཐོང་གི མ་འོངས་པར་བྱུང་སྲིད་མིན། ངས་མི་ཤེས།

མཆན། སྐུ་ཞབས་པོའོ་ཐོང་ལགས་ཀྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཧྲུའུ་ཅུ་ཀྲོ་ཙི་ཡང་གི་དྲུང་ཡིག་དང་། ཆབ་སྲིད་སྒྲིག་གཞི་བཅོས་བསྒྱུར་ཞིབ་འཇུག་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགན་འཛིན། རྒྱ་ནག་དམར་ཚོགས་ཚོགས་ཆེན་བཅུ་གསུམ་པའི་གཞུང་ཡིག་ཟིན་བྲིས་ཚོགས་ཆུང་གི་འགན་འཛིན་སོགས་ཀྱི་གོ་གནས་བཞེས་མྱོང་ཡོད། ཕྱི་ལོ ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་ཁྲོད་དེང་གཞུང་གིས་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱེད་རྒྱུར་ངོ་རྒོལ་གནང་སྟབས། སྐབས་དེར་འཛིན་བཟུང་བྱས་པའི་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་དེ་ཡིན།  

[1] བསྟོད་མོས། དབྱིན་སྐད་དུLike  དང། རྒྱ་སྐད་དུ 点赞ཟེར། ང་ལ་འགྱུར་ཡག་པོ་ཞིག་རག་མ་སོང་། རང་ཉིད་ཀྱི་གོ་བ་ལེན་སྲོལ་ལྟར་བསྟོད་མོས་ཞེས་བསྒྱུར་ཡོད།
༢༽འཚོལ་གཡར། དབྱིན་སྐད་དུ Rent-seeking ཟེར།  རྒྱ་སྐད་དུ 寻租 ཟེར། ཐོན་སྐྱེད་ཀྱི་ལས་ལ་མ་ཞུགས་པའི་གནས་སྟངས་འོག སྤྱི་ཚོགས་ཀྱི་ཐོན་ཁུངས་སྒེར་སྡེམ་དང་། ཡང་ན་སྒེར་སྡེམ་གྱི་གོ་ས་སྲུང་སྐྱོབ།  དེ་བཞིན་སྒེར་སྡེམ་ཁེ་བཟང་རག་རྒྱུའི་ཆེད་ཐོན་སྐྱེད་མ་ཡིན་པའི་ཁེ་བཟང་འཚོལ་གྲུབ་ཀྱི་བྱ་འགུལ།

“”