དུས་རབས་ཤིག་གི་གསང་བའི་ཁྲིམས་གཅོད།

Screen Shot 2015-06-12 at 08.01.34
ཐེན་ཅིང་ཁྲིམས་ཁང་དུ་ཁྲིམས་གཅོད་བྱེད་ཀྱིན་པའི་ཀྲུག་ཡོང་ཁང་།

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་པ་ཀྲུག་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་གློ་བུར་དུ་ཕྱིར་བསྒྲགས་ནས་ཉིན་གཅིག་གི་རྗེས་སུ། མི་རྣམ་པས་དོ་སྣང་བྱེད་ཀྱིན་པའི་གནད་དོན་ཞིག་ནི། དང་ཐོག་ཁྲིམས་ལུགས་ལྟར་ཡོངས་ཁྱབ་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་བསྒྲགས་པའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་གྱོད་དོན་ཆེ་ཤོས་དེ་གསང་པའི་ཁྲིམས་གཅོད་དུ་གྱུར་དོན་ཅི་ཞིག་ཡིན་ནམ་ཞེས་པ་དེ་རེད།

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་། མི་མང་གིས་ཤེས་པ་ནི་སྔོན་ཆད་རྒྱ་ནག་གི་རྡོ་སྣུམ་དང་རང་བྱུང་རླངས་རྫས་ལས་ཁང་ལ་གཉེར་སྐྱོང་དང་། རྒྱལ་ཁབ་གྱི་བདེ་འཇགས་ལས་དོན་དང་སྲིད་ཁྲིམས་ལས་དོན་གྱི་དབང་ཆ་འཛིན་མྱོང་བའི་ཀྲུག་ཡོང་ཁང་གིས་རྒྱ་ནག་གི་སྒོར་མོ ༧༣༡༡༠༠ ཡི་ལྐོག་རྔན་བླངས་པ་དང་། ཁོང་ནི་བུ་ཀྲུག་པེན་ཐེ་བའི་ནང་མིས་རྒྱ་ནག་གི་སྒོར་མོ ༡༣༠༠༠༠༠༠༠ གྱི་ལྐོག་རྔན་བླངས་པ་། དེ་མིན་ཀྲུག་ཡོང་ཁང་གིས་དབང་ཆ་ལོག་པར་བསྐྱད་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བཏོན་པ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་ཚེ་གང་པོར་འཕྲོག་པ། དེ་བཞིན་ཀྲུག་ཡོང་ཁང་གིས་ཉེས་པ་ཡོངས་རྫོགས་ལས་ལེན་བྱས་པ་མ་ཟད། ཐེན་ཅིང་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཐང་དུ་ཁྲིམས་གཅོད་སྐབས་མགོ་དཀར་དཀར་ལུ་གུའི་ཚ་རི་ཡིན་པའི་ཀྲུག་ཡོང་ཁང་གིས་ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་ཡོད། ངས་གོང་གཏུག་མི་བྱེད་ཅེས་བཤད་པ་སོགས་རེད།

གོང་ཞུས་དེ་དག་ལས་ཕྱི་རུ་བསྒྲགས་པའི་གནས་ཚུལ་གཞན་མེད། ཀྲུག་ཡོང་ཁང་གིས་དོན་གྱིས་རྒྱལ་ཁབ་ཀྱི་གསང་བ་ཅི་ཞིག་ཕྱིར་སྤྲད་པ་རེད་དམ། ཁྲིམས་གཅོད་ཀྱི་རྒྱུད་རིམ་ག་འདྲ་ཞིག་ཡིན་པ་སོགས་མི་རྣམས་ཀྱིས་རྒྱུས་ལོན་བྱེད་ཐབས་བྲལ།

དེ་སྔོན་རོའུ་ཊིར་གྱི་གནས་ཚུལ་བཏོན་པར་གཞིགས་ན། ཀྲུག་ཡོང་ཁང་ལ་ཕྱི་ལོ ༢༠༡༣ ལོར། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་བརྟག་དཔྱད་བྱས་པ་ནས་བཟུང་། རྒྱ་ནག་གི་སྒོར་མོ་དུང་ཕྱུར ༩༠༠འི་མ་རྩའི་རྒྱུ་ནོར་གཞུང་བཞེས་བཏང་ཡོད་པ་དང་། དེ་བཞིན་ནིའུ་ཡོག་དུས་བབ་ཀྱི་བརྟག་དཔྱད་སྙན་ཐོའི་ནང་། ཀྲུག་ཡོང་ཁང་ལ་རྒྱུ་ནོར་རྒྱ་ནག་གི་སྒོར་མོ་དུང་ཕྱུར ༡༠ལྷག་ཡོད་པ་བཀོད་འདུག

ཡིན་ན་ཡང་། བྷེ་བྷེ་སེའི་རྒྱ་ནག་ལས་དོན་སྤྱི་ཁྱབ་རྩོམ་སྒྲིག་པ Carrie Gracie ལགས་ཀྱིས། ཀྲུག་ཡོང་ཁང་གི་ཉེས་མིང་མང་ཆེ་བ་ལྐོག་ཟ་ལྐོག་རྔན་དང་འབྲེལ་བ་ཡོད་ཀྱང་། ཀྲུག་ཡོང་ཁང་ཁྲིམས་གཅོད་བྱས་པའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་རྒྱུ་ནོར་ལས་རྦད་དེ་མང་ཞིང་། ཁོང་གིས་བསགས་པའི་ཉེས་པ་ཆེ་ཤོས་ནི་ཆབ་སྲིད་ཀྱི་སྐྱོན་ཆ་ཡིན། ཞེས་དང་།
ཡང་ཁའེ་རེ་ཡིས། དབང་ཆའི་འཐབ་རྩོད་ཁྲོད་ནོར་འཛོལ་ཤོར་ནས་ཀྲུག་ཡོང་ཁང་ཁྲིམས་ཁང་དུ་བསྐྱལ་བ་རེད། སྟབས་མ་ལེགས་པར་པོའོ་ཞི་ལའེ་ཁོང་གི་ཆབ་སྲིད་མཐུན་གྲོགས་སུ་བདམས་པ་རེད། ཟེར།

ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་ད་ལྟ་བཙོན་འོག་ན་ཡོད་པའི་པོའོ་ཞི་ལའེ། ཁོང་གི་གཟའ་ཟླ་ཀོའུ་ཁེ་ལའེ་ཡིས་དབྱིན་ཇིའི་ཚོང་པ་ནེལ ཧེ་བོའོ་ཌིར་དུག་དྲངས་ནས་བསད་པའི་དོན་རྐྱེན་གྱི་སྔོན་དུ་རྒྱ་ནག་ཁྲོན་ཆིང་གྲོང་ཁྱེར་གྱི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་གོ་ས་ཐོན་ཐབས་སུ་འབད་ཀྱིན་ཡོད། སྐབས་དེར་ལས་ཁྱུར་ངལ་གསོ་བྱེད་རན་ལ་ཐུག་པའི་ཀྲུག་ཡོང་ཁང་གིས་ཞི་ཅིན་ཕེང་རྒྱ་ནག་གི་དབུ་ཁྲིད་གྱུར་རྗེས་པོའོ་ཞི་ལའེ་རང་གི་ཚབ་ཏུ་བཞག་ནས། ཁོང་དང་ཁོང་གི་ནང་མིའི་དཔལ་འབྱོར་ཁེ་ཕན་ལ་སྲུང་སྐྱོབ་ཐུབ་རྒྱུའི་རེ་བ་བཅངས་ཡོད།

དབྱིན་ཇིའི་ཚོང་པ་ལྐོག་གསོད་ཀྱི་དོན་རྐྱེན་དེ་སྐབས་དེའི་ཁྲོན་ཆེང་གྲོང་ཁྱེར་ཉེན་རྟོག་ལས་ཁང་གི་འགན་འཛིན་ཝང་ལེ་ཇོན་ཨ་རིའི་གཞུང་ཚབ་ཏུ་ཆབ་སྲིད་སྐྱབས་བཅོལ་ཆེད་སོང་བའི་དོན་རྐྱེན་ལ་རྐྱེན་བྱས་ཏེ་རྒྱལ་སྤྱིའི་དོན་རྐྱེན་དུ་གྱུར། དེ་ནས་དམར་ཤོག་ཚོགས་པ་ནང་ཁུལ་དུ་སྟོབས་ཤུགས་མཉམ་འབྲེལ་གྱིས་པོའོ་ཞི་ལའེ་ཡི་ཁ་གཏད་འཇལ། ཀྲུག་ཡོང་ཁང་གིས་ཕྱི་ལོ ༢༠༡༢ ལོའི་ཟླ ༣པར་ད་དུང་ཡང་པོའོ་ཞི་ལའེ་ལ་དག་འབུད་རྒྱབ་སྐྱོར་བྱས་འདུག

འོན་ཀྱང་། ཀྲུག་ཡོང་ཁང་གིས་དེ་སྔོན་པོའོ་ཞི་ལའེ་དང་ལག་འབྲེལ་གྱིས་སྲིད་དབང་མགོ་རྟིང་སློག་ཐབས་བྱས་ཡོད་མེད་ད་ལྟ་ཤེས་ཐབས་མེར་པར་གྱུར་ཡོད།
ད་ལོའི་ཕྱི་ཟླ་གསུམ་པར། རྒྱ་ནག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དེ་ཡི་ལས་དོན་སྙན་ཐོའི་ནང་། ཀྲུག་ཡོང་ཁང་དང་པོའོ་ཞི་ལའེ་ཉེས་མིང་ཁྲོད། གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ལས་འགུལ་སྤེལ་ལུགས་བཀོད་ཡོད་པས། ཕྱི་ཕྱོགས་སུ་དེ་ནི་ཆབ་སྲིད་ལྐོག་ཇུས་ལས་འགུལ་ཞིག་ལ་ངོས་འཛིན་བྱས་ཡོད།

སྐབས་དེར། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཆེས་མཐོའི་ཁྲིམས་ཁང་གི་འགན་འཛིན་ཀྲུག་ཆིང་གི་སྐད་ཆ་ལུང་དྲངས་པའི་ནང་། ཀྲུག་ཡོང་ཁང་ཐེ་བའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད ༢༠ ལྷག་གི་ཁྲིམས་གཅོད་དེ་ཁྲིམས་ལུགས་ལྟར་ཡོངས་ཁྱབ་ཁྲིམས་གཅོད་བྱ་རྒྱུ་ཡིན་ཚུལ་བཀོད་འདུག

ཕྱི་ཟླ ༦ ཚེས ༡༡ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་ཀྲུག་ཡོང་ཁང་གི་བཅད་ཁྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། མི་རྣམས་པས་ད་གཟོད་ཁྲིམས་གཅོད་རྫོགས་ཟིན་པ་གཞི་ནས་ཤེས། དེ་ཙ་ན། ཕྱི་རོལ་སྤྱི་ཚོགས་ཀྱིས་ཕྱི་ལོ  ༢༠༡༢ ལོར་བྱུང་ཡོད་སྲིད་པའི་དབང་ཆའི་འཐབ་རྩོད་དེའི་ནང་དོན་ཤེས་རྟོགས་དཀའ་བའི་གནས་སྟངས་ཤར་ཡོད།
ད་ལྟ་གསལ་བོར་ཤེས་པ་ཞིག་ནི། ཀྲུག་ཡོང་ཁང་གི་ཚེ་མཇུག་བཙོན་ཁང་དུ་སྐྱེལ་དགོས་པ་དང་། ཞི་ཅན་ཕེང་རྒྱ་ནག་གི་ཆེས་ཁ་ཆེན་དབང་ཆེན་གྱི་དབུ་ཁྲིད་དུ་གྱུར་བ་དེ་རེད།

Advertisements