ཀྲུག་ཡོང་ཁང་དྲིན་ཅན་པོས་ལྐོག་ཟ་མཁན་ཀུན་པོ་བསྐྱབས།

dc86a363726ff8b19c3be1bf7851deed
ངར་ཐོག་གི་ཀྲུག་ཡོང་ཁང་།

ཕྱི་ཟླ ༦ ཚེས ༡༡ ཉིན། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་བ་དང་། སྲིད་ཁྲིམས་ལྷན་ཁང་གི་དམར་ཤོག་དྲུང་ཆེ་ཟུར་བ་ཀྲུག་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཚུལ་གསལ་བསྒྲགས་བྱས་པ་རེད། ཉེས་མིང་ཁྲོད་གནད་འགག་ཆེ་ཤོས་དེ་ལྐོག་རྔན་བླངས་པ་དེ་ཡིན་ཞིང་། ལྐོག་རྔན་ལེན་མཁན་ཡང་ཀྲུག་ཡོང་ཁང་གི་ནང་མི་ཡིན་པ་ལས་ཁོང་རང་ཉིད་མིན་མདོག་རེད།

         ངས་གནས་ཚུལ་དེ་དྲྭ་ཚུགས་སུ་མཐོང་དུས་དེ་དེ་བཞིན་ནོ་འདྲ་བའི་ཚོར་བ་ཞིག་ལས་ཧང་སང་མེད། དེ་ནི་གཏོས་ཆེ་བའི་ཤོག་ཁག་ཅིག་གི་ཉེས་པ་སྒེར་པར་བསྒྱུར་བ་མ་ཟད། ཐུན་མོང་དང་སྐྱ་བཀར་ནས་སྒེར་གྱོད་ཞིག་དང་ནང་མིའི་ལྐོག་རྔན་བླངས་པའི་གནད་དོན་གྱི་ངོ་བོར་བསྡུས་ཡོད།   ཁྲིམས་གཅོད་དེས་དོན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད་ལ། དེ་ཡིས་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེའི་སྣ་བྲག་ལ་ཐུག་པ་དང་། དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་མངའ་བའི་ཚད་བཀག་མེད་པའི་དབང་ཆ་ལ་རེག་འགུལ་མི་ནུས་པའང་མཚོན་ཡོད། དེའི་མ་ཚད་དམར་ཚོགས་མཐོ་རིམ་དཔོན་རིགས་གཞན་དག་དང་ཐག་ཞོར་འབྲེང་དྲུད་མི་ཡོང་རྒྱུའི་དམིགས་ཡུལ་ཡང་འགྲུབ་ཡོད།

རྩ་བའི་ཆ་ནས་ཀྲུག་ཡོང་ཁང་གི་ཁྲིམས་གཅོད་དེ་ནི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་རེད། དེ་ནི་ཤོག་ཁག་ཅིག་གིས་རང་ཉིད་ལ་སྲུང་སྐྱོབ་ཀྱི་བྱ་སྤྱོད་ཅིག་རེད། ཁྲིམས་གཅོད་དེས་མི་མངོན་པའི་ཤུགས་རྐྱེན་ཇེ་ཆེར་མི་འགྲོ་རྒྱུ་དང་། དབང་བསྒྱུར་ཤོག་ཁག་ནང་ཁུལ་དུ་བློ་མི་བདེ་བའི་ཚོར་བ་བྱུང་རྒྱུར་གཡོལ་ཐབས་ཤིག་ཀྱང་རེད། འདི་ལྟ་བུའི་སྒེར་གྱོད་ཀྱི་ངོ་བོར་བསྒྱུར་ནས་ཐག་གཅོད་བྱེད་སྟངས་དང་། ནང་མིའི་ལྐོག་རྔན་བླངས་བ་འབུར་འདོན་གྱིས་ཉེས་ཅན་གཏེ་བོ་གུ་ཡངས་གཏོང་སྲོལ་གྱི་གྱོད་དོན་ཁྲིམས་གཅོད་བྱེད་སྟངས་ནི་དེང་གི་དབང་བསྒྱུར་ཤོག་ཁག་ཧྲིལ་བོ་ཉེས་པ་ལས་གཡོལ་རྒྱུར་དམིགས་པ་འབའ་ཞིག་ཡིན་པས། དེ་ལྟར་རིགས་འདེད་བྱས་པ་ལས་གསལ་བོར་མངོན་པ་ཞིག་ནི། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་མཚམས་དེ་རུ་འཇོག་སྲིད་པ་དང་། མུ་མཐུད་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་སྤེལ་མི་ནུས་པ་དེ་རེད།

ཀྲུག་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་ལས་གཅོད་མི་ནུས་པ་དེས་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་དེ་མུ་མཐུད་ནས་མདུན་དུ་སྐྱོད་དཀའ་བ་དང་། ཀྲུག་ཡོང་ཁང་རིམ་པའི་གྱོད་དོན་ཡང་སྒེར་གྱོད་ཀྱི་ངོ་བོར་བསྒྱུར་ནས་ཐག་གིས་བཅད་ཡོད་པ་ལས་ཆབ་སྲིད་རང་བཞིན་ཅན་དང་། ལམ་ལུགས་རང་བཞིན་གྱི་གཞི་རྩ་ལ་ཐུག་ཐུབ་མེད་པ་ཚོན་ཡོད་ལ། དེ་ལྟ་ན། རྒྱ་ནག་དེང་གཞུང་གིས་འདི་ལྟ་བུའི་ལས་འགུལ་ལ་བརྟེན་ནས་ཆབ་སྲིད་རང་བཞིན་ཅན་གྱི་ཐག་གཅོད་བྱེད་ཐབས་ཤིག་འདོན་མི་ནུས་པ་གསལ་བོ་རེད། དེའི་སྟབས་ཀྱིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་ད་མཚམས་འདི་རུ་མི་འཇོག་རང་འཇོག་དང་། ལས་འགུལ་དེ་ཆབ་སྲིད་འཐབ་རྩོད་ལ་མགོ་མི་སྒུར་རང་སྒུར་ལ་ཐུག་ཡོད། དེ་ལས་ལྷག་ན། ཀྲུག་ཡོང་ཁང་གིས་ལོ་མང་རིང་གཉེར་བའི་བརྟན་བརླིང་མ་ལག་དེ་གཏོར་ཟིན་པ་དང་། ཤོག་ཁག་དེ་རྩ་རྫོགས་བྱས་པ་ཡིན་ཞེས་པའི་བརྡ་ཞིག་གཅིག་བགྱིས་ན་མི་དམངས་ལ་འཕྲོད་ཡོད་རྒྱུ་རེད།

དབྱེ་ཞིབ་པས་དེ་ནི་ཆབ་སྲིད་འཐབ་རྩོད་ཅིག་ལས་དོན་ངོ་མའི་ཁྲིམས་ལུགས་འཛུགས་སྐྲུན་ཞིག་མ་རེད་ཟེར་དོན་ཡང་དེར་ཐུག་ཡོད་ལ། ཆབ་སྲིད་ཀྱི་བརྡ་ཙམ་བསྟན་པ་ལས་དེང་གི་དབང་བསྒྱུར་ལམ་ལུགས་ལ་འགྱུར་བ་གཏོང་འདོད་མེད།

ད་ལོའི་ཕྱི་ཟླ་བཞི་བར་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་མོ་ཀྲུག་ཆིང་གིས་ཀྲུག་ཡོང་ཁང་གི་གྱོད་དོན་དེ་ཡོངས་ཁྱབ་ཁྲིམས་གཅོད་བྱེད་རྒྱུ་ཡིན་ཞེས་པའི་འུད་ཀྱིས་བསྒྲགས་པ་ལས་རྦད་དེ་ལྡོག་ཏེ་གསང་བའི་ཁྲིམས་གཅོད་བྱས་ཏེ། ཞི་ཅིན་ཕེང་གིས་ཀྲུག་ཡོང་ཁང་ཚེ་ཐར་ལ་བཏང་བ་མ་ཟད།  ཆབ་སྲིད་ཀྱི་ཉེས་པ་ལས་གཡོལ་ནས་སྒེར་གྱོད་ཅིག་གི་ངོ་བོས་ཐག་གཅོད་བྱས། ཀྲུག་ཡོང་ཁང་གིས་ཁྲིམས་ཁང་ནང་ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་ཡོད། གོང་གཏུག་མི་བྱེད། ཅེས་ཁས་ལེན་བྱས་ཡོད། འཁྲབ་སྲོལ་དེ་དག་ལས་ཤེས་ཐུབ་པ་ཞིག་ནི། ཀྲུག་ཡོང་ཁང་གི་གྱོད་དོན་གྱི་བརྒྱབ་ན་རྒྱ་ནག་དམར་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་འགལ་ཟླ་དང་རྩོད་པ་ཡོད་པ་དང་། ཞི་ཅིན་ཕེང་དང་ཆབ་སྲིད་རྒད་པོ་ཚོརའི་བར་ལྐོག་ཏུ་གྲོས་མཐུན་བཞག་པ་མཚོན་ཡོད། དངོས་གནས་ལྟར་ན་ཞི་ཅིན་ཕེང་གིས་ཀྲུག་ཡོང་ཁང་ལ་ཁྲིམས་ཐག་ལྕི་མོ་བཅད་པ་བརྒྱུད་དམར་ཚོགས་ནང་ཁུལ་ལ་འཇིགས་སྣང་སྐྱེད་འདོད་དང་། ཀྲུག་ཡོང་ཁག་ལ་སྲོག་ཁྲིམས་བཅད་ནས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ཆོད་སེམས་མཚོན་འདོད་ཡོད་མོད། འོན་ཀྱང་། དབང་ཆའི་འཐབ་རྩོད་ཁྲོད་བཀག་འགོག་ཆེད་པོར་ཐུག་ནས། མ་མཐའི་དུས་འགྱངས་སྲོག་ཁྲིམས་ཤིག་ཀྱང་གཅོད་མ་ནུས་པ་རེད། ལྟོས་ས་ལྟོས་འཇོག་གིས་བཤད་ན། རིག་གནས་གསར་བརྗེ་ཆེན་མོ་རྗེས་སུ་སྤེལ་བའི་མའོ་ཙེ་ཏུང་གི་གཟའ་ཟླ་ཅང་ཆིང་ལ་ཡོངས་ཁྱབ་ཁྲིམས་གཅོད་བྱས་ཡོད་པས། དེ་ལས་ཀྱང་ཇེ་སྡུག་ཏུ་སོང་ཡོད། ཀྲུག་ཡོང་ཁང་གསང་བའི་ཁྲིམས་གཅོད་བྱས་པ་དང་། ལྐོག་རྔན་འབུམ་བདུན་བླངས་པའི་ཉེན་མིང་ཞིག་ལས་མ་བཏགས་པ་དེས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མི་རྣམས་ཀྱི་རེ་འདུན་ལྟར་དམངས་གཙོ་དང་བཅོས་བསྒྱུར་གྱི་ཕྱོགས་སུ་འགྲོ་བཞིན་མེད་པ་མ་ཟད། ཁྲིམས་འཛིན་ལམ་ལུགས་མདུན་དུ་སྐྱོད་རྒྱུ་ལས་ལྡོག་སྟེ་ཕྱི་ནུར་བྱས་ཡོད་པ་གསལ་བོ་རེད།

དེ་མིན་དེང་ཐོག་ཀྲུག་ཡོང་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ཤིན་ཏུ་གསང་བའི་ཡིག་ཆ་ཕྱི་ཕྱོགས་སུ་སྤྲད་པ་རེད་ཅེས་པའི་ཉེས་མིང་དེའང་ཏང་བླངས་ནས་རྒྱལ་ཁབ་གཅིག་པུར་གྱུར་བ་དང་། ཤིན་ཏུ་གསང་བ་ནས་གསང་བ་ཙམ་དུ་གྱུར་ཡོད་པ་དང་། སྤྲད་ས་དེའང་ཕྱི་ཕྱོགས་ནས་ཀྲུག་ཡོང་ཁང་གི་ཉེ་འཁོར་གྱི་མི་སྣ་རུས་མིང་ཚའོ་ཅན་གྱི་མོ་བ་ཞིག་ལ་གསང་བའི་ཡིག་ཆ་བསྟན་ལུགས་དང་། དེ་བཞིན་ད་ལྟ་བཙོན་འོག་ན་ཡོད་པའི་ཁྲོན་ཆིང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་པོའོ་ཞི་ལའེ་དང་ལག་འབྲེལ་གྱིས་སྲིད་དབང་མགོ་རྟིང་སློག་བྱས་ལུགས་ཕྱི་རོལ་དུ་ཁྱབ་པའི་གནད་དོན་རིགས་གཅིག་ཀྱང་གླེང་མེད་པ་མ་ཟད། ད་དུང་བཅད་ཁྲ་ལྟར་ན། ཀྲུག་ཡོང་ཁང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་རུ་བསྒྲགས་རྐྱེན་ལོ་བཞིའི་ཁྲིམས་ཐག་མ་གཏོགས་བཅད་མེད། དེའི་སྔན་ཏག་ཏག་དེར་མི་སེར་གསར་འགོད་པ་ལྕམ་ཀོའོ་ཡུས་ཡིས་ཡོངས་ཁྱབ་ཏུ་བསྒྲགས་པའི་ཡིག་ཆ་ཨང་དགུ་བ་ཟེར་བ་ཕྱི་ཕྱོགས་སུ་སྤྲད་པའི་ཉེས་མིང་བཙུགས་ནས་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། དེ་ཙམ་ལས་ཀྱང་འདྲ་མཉམ་མིན་པ་གསལ་བོ་རེད། དེ་ཚང་གཞི་གཅིག་གི་སྟེང་དུ་བཞག་ནས་བཤད་ཐབས་མེད། དེར་བརྟེན། ཀྲུག་ཡོང་ཁང་གི་ཁྲིམས་གཅོད་ལས་རྒྱ་ནག་དམར་ཤོག་ཚོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་འབུར་དུ་ཐོན་ཡོད།

སྤྱིར་ན་ཀྲུག་ཡོང་ཁང་གི་ཁྲིམས་གཅོད་དེ་ནི་ཆབ་སྲིད་ཀྱི་ཁྲིམས་གཅོད་ཅིག་ལས་ཁྲིམས་འཛིན་གྱི་ཁྲིམས་གཅོད་ཅིག་མིན་པས། ཁྲིམས་ཐག་ཅི་ཞིག་བཅད་པར་ལྟ་ས་ཆེར་མེད། ཡིན་ན་ཡང་། དེང་ཐོག་འབྲུག་འདྲ་ཞིག་གྲགས་ནས་མཐའ་མར་སྦྲུལ་འདྲ་བོར་ཞི་བ་དང་། མཐོན་པོར་བཀྱགས་ནས་དལ་མོས་བཞག་པ་དེས་ཞི་ཅིན་ཕེང་ད་དུང་ཡང་ཅང་ཙེ་མེན་དང་ཙིན་ཆིང་ཧོང་སོགས་ཆབ་སྲིད་རྒན་པོ་ཚོའི་དབང་ཤུགས་ཀྱི་དཀྱིལ་འཁོར་ལས་ཐར་མེད་པ་དང་། རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེའང་མདུན་སྐྱོད་དཀའ་བས། མཚམས་འཇོག་རྒྱུའི་དུས་ལ་བསླེབས་ཡོད་པ་མཚོན་ཡོད།

ཀྲུག་ཡོང་ཁང་ནི་ཞི་ཅིན་ཕེང་གི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཁྲོད་ཀྱི་སྟག་རྒན་དང་པོ་དེ་ཡིན་ལ་མཐའ་མ་དེའང་ཡིན། རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ་ནམ་ཡིན་ཡང་ལམ་ན་ཡོད་ཅེས་པའི་ཞི་ཅིན་ཕེང་གི་དམ་བཅའ་དེ་མཇུག་སྐྱོང་སླད། གཅིག་བགྱིས་ན་སྦྲང་མ་ཁ་ཤས་ལ་ད་དུང་ཡང་ཁྲིམས་ཐག་གཅོད་སྲིད་ཀྱང་། མཐོ་རིམ་དབུ་ཁྲིད་ཚོ་བློ་བདེ་བོར་བཞུགས་ཆོག

གང་ལྟར། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སེལ་བསམ་ན། ཀྲུག་ཡོང་ཁང་འདྲ་བོ་བརྒྱ་ལ་ཁྲིམས་ཐག་བཅད་ཀྱང་གསར་འགྱུར་གྱི་རིན་ཐང་ཙམ་ལས་གནད་དོན་ཐག་གིས་ཆད་མེད། དེ་བས། ལྐོག་ཟ་རུལ་སུངས་བྱུང་རྐྱེན་གཙོ་བོ་ལམ་ལུགས་ལ་འགྱུར་བ་བཏང་ཚེ། ད་གཟོད་ཟ་འདོད་ཀྱང་ཟ་མི་ཕོད་པ། ཟ་འདོད་ཀྱང་ཟ་མི་ཐུབ་པ། ཟ་འདོད་ཀྱང་ཟ་ཐབས་མེད་པར་གྱུར་ངེས་ཡིན།

དེ་བཞིན་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་གཉིས་སོ་སོར་དབྱེ་ནས། རྒྱལ་ཁབ་གཙོ་བོར་འཛིན་པར་ཕྱོགས་ནས་རིམ་གྱིས་སྐྱོད་ནས། རྒྱལ་ཁབ་ཆེན་པོ་དང་ཚོགས་པ་ཆུང་ཆུང་ཅན་དུ་བསྒྱུར་ནུས་ན། གཅིག་བགྱིས་ན་ལྐོག་ཟ་རུལ་སུངས་གྱི་གནད་དོན་ཐག་གཅོད་ལ་ཐབས་ལམ་ཡོད་སྲིད། འདི་རྒྱ་ནག་གི་དེང་གི་ལམ་ལུགས་འོག་བསྒྲུབ་ཐུབ་པ་ཞིག་ཡིན་པས། དེ་འདྲ་བྱ་རྒྱུར་རྒྱ་ཆེ་བའི་དམངས་གཙོའི་འཕེལ་རིམ་ལའང་འབྲེལ་མི་དགོས།