སྐད་གཉིས་སློབ་གསོ་ནི་ཡུ་གུར་བའི་སྐད་ཡིག་རྨེག་མེད་དུ་གཏོང་པའི་སྲིད་ཇུས་ཤིག

1273028063714161
ཡུ་གུར་བའི་བུ་མོ་ཆུང་ཆུང་ཞིག་གིས་རྒྱ་ཡིག་སློབ་བཞིན་པ།

ཉེ་བའི་ལོ་ཤས་ནས་བཟུང་། རྒྱ་ནག་གཞུང་གིས་ཡུ་གུར་བའི་ས་ཁུལ་ཁག་ཏུ་སྐད་གཉིས་སློབ་གསོ་ཞེས་པའི་སློབ་གསོའི་སྲིད་ཇུས་སྤེལ་རྒྱུ་དེ་ཞིན་ཅང་ས་ཁུལ་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐབས་ཇུས་ཤིག་ལ་ངོས་འཛིན་བྱས་ནས་བཙན་དང་དབང་གིས་ལག་ལེན་དུ་བསྟར་མུས་སུ་ཡིན། ཡིན་ན་ཡང་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་བཙན་དབང་གིས་སྤེལ་གྱིན་པའི་སློབ་གསོའི་སྲིད་ཇུས་དེ་དོན་གྱིས་ཡུ་གུར་བའི་སྐད་ཡིག་རྩ་མེད་གཏོང་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཕྱི་ཟླ ༦ ཚེས ༡༥ཉིན། ཨ་རིའི་ཡུ་གུར་བའི་མཐུན་ཚོགས་ཀྱིས་ཝ་ཞིན་ཊིན་ཏུ། ༼རྒྱ་ནག་གིས་མཚུངས་བསྒྱུར་དམིགས་ཡུལ་བྱས་པའི་ཡུ་གུར་ས་ཁུལ་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་སློབ་གསོའི་སྲིད་ཇུས༽ཞེས་པ་བརྗོད་གཞི་བྱས་ནས་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདིའི་སྟེང་ཡུ་གུར་བའི་གནད་དོན་ཆེད་མཁས་པ་དང་། ཡུ་གུར་བ་དགེ་རྒན་དང་སློབ་མ་སྐོར་ཞིག་གིས་ཁོང་ཚོའི་མྱོང་ཚོར་ཚོགས་ཞུགས་པ་ཚོར་ངོ་སྤྲོད་བྱས་འདུག

ནེ་གྷ་ལཱ་ནི་ད་ལྟ་ཨ་རིའི་སློབ་ཆེན་ཞིག་གི་སློབ་མ་དང་། དེ་སྔོན་ཞིན་ཅང་ན་ཡོད་དུས་རྒྱ་རིགས་སློབ་གྲྭར་ཞུགས་པའི་ཡུ་གུར་བའི་བུ་མོ་ཞིག་རེད། ནེ་གྷ་ལཱ་ཡིས་ཚོགས་ཐོག་ཏུ་སློབ་གྲྭའི་ཁྲིད་གཞི་ཡོངས་སུ་རྫོགས་པ་རྒྱ་ཡིག་ཡིན་སྟབས་ངའི་ཕ་སྐད་བཤད་རྒྱུའི་ནུས་པ་བརླགས་ཤིང་། ཡུ་གུར་བའི་ཡུལ་སྲོལ་གོམས་གཤིས་ཀྱང་བརྗེད་སོང་ཟེར།

དེ་བཞིན་ཁོང་མོས། སློབ་ཁྲིད་དང་པོའི་ཉིན་སློབ་དེབ་ཀྱི་ཁ་ཕྱིེས་ཚེ། ངའི་མིག་ལམ་དུ་ཐོན་པ་ནི་ང་ཚོའི་མི་རིགས་ཀྱི་སྐད་ཡིག་མིན་ལ། ཚང་མ་རྒྱ་ཡིག་རེད། ངའི་ཕ་སྐད་བཤད་པའི་ནུས་པ་ག་དུས་ཤིག་ལ་བརླགས་པ་མི་དྲན་མོད། སྐབས་དེར་ངས་ཐ་ན་ནམ་རྒྱུན་གྱི་ཟ་སྐོར་འཐུང་སྐོར་ཞིག་ཀྱང་བཤད་མི་ཤེས་པར་གྱུར། སྐད་གཉིས་སློབ་གསོས་ངའི་བསམ་བློའི་ཁ་ཕྱོགས་བསྒྱུར་བ་མ་ཟད། མི་རིགས་ཀྱི་ངོ་རྟགས་ཀྱང་བརླགས་སོང་། དེ་ནས་ང་ལོ ༡༧ ལ་བསླེབས་རྗེས་ངས་ད་གཟོད་ཡུ་གུར་བའི་སྐད་དང་ཡི་གེ་རང་སྦྱོང་བྱས་པ་ཡིན། ཞེས་བརྗོད་བྱུང་།
ནེ་གྷ་ལཱ་ནི་ཞིན་ཅང་དུ་སྐད་གཉིས་སློབ་གསོའི་སྲིད་ཇུས་འོག་ཚུད་པའི་ཡུ་གུར་བ་འབུམ་ཕྲག་མང་པོའི་ནང་གི་གཅིག་རེད། རྒྱ་ནག་གིས་ཕྱི་ལོ ༡༩༩༠འི་མགོ་སྟོད་ནས་ཞིན་ཅང་གི་སློབ་ཆེན་ཁག་ཏུ་ཡུ་གུར་བའི་སྐད་ཡིག་གིས་སློབ་ཁྲིད་བྱེད་སྲོལ་བཀག་ནས་སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་རེད། ཕྱི་ལོ ༢༠༠༤ལོ་ནས་བཟུང་ཞིན་ཅང་གི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་རྒྱ་སྐད་ནི་སློབ་ཁྲིད་སྐད་ཡིག་གཙོ་བོ་དང་ཡང་ན་ཁོ་ན་རུ་གྱུར་ཡོད།

ཕྱི་ལོ ༢༠༠༩ལོའི་ཨོ་རོམ་ཆི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་སྐད་གཉིས་སློབ་གསོའི་ཤེད་ཤུགས་ཇེ་ཆེར་བཏང་ནས། སྐད་གཉིས་སློབ་གསོ་དེ་ཞིན་ཅང་གི་བརྟན་བརླིང་ལ་སྲུབ་སྐྱོབ་དང་མི་རིགས་བར་མཐུན་སྒྲིལ་གྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱས་ཏེ་ལག་ལེན་བྱས་ཡོད།

ཕྱི་ལོ ༢༠༡༠ལོར་ཞིན་ཅང་རང་སྐྱོང་ལྗོངས་སྲིད་གཞུང་གིས༼རང་སྐྱོང་ལྗོངས་གྲངས་ཉུང་མི་རིགས་ཀྱི་སློབ་ན་མ་སོན་པ་དང་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་གསོའི་འཕེལ་རྒྱས་འཆར་བཀོད༽ཅེས་པ་བཀྲམས་ནས། ཕྱི་ལོ ༢༠༢༠འི་ལོར་སློབ་གྲྭ་ཆུང་འབྲིང་གི་གྲངས་ཉུང་མི་རིགས་ཀྱི་སློབ་མར་སྐད་གཉིས་སློབ་གསོ་ཡོངས་སུ་ཁྱབ་དགོས་ཞེས་གཏན་འབེབས་བྱས་ཡོད།

དེ་བཞིན། ཕྱི་ལོ ༢༠༡༢ལོའི་ཟླ ༥བར། སྲིད་འཛིན་ཞི་ཅིན་ཕེང་གིས་ཞིན་ཅང་དུ་གཟིགས་སྐོར་སྐབས། ཞིན་ཅང་ལས་དོན་བཞུགས་མོལ་ལྷན་ཚོགས་སྟེང་སྐད་གཉིས་སློབ་གསོ་དར་སྤེལ་བཏང་ནས་ཞིན་ཅང་གི་སློབ་གསོའི་ཐད་འགྲོ་སོང་ཁ་སྣོན་བྱེད་དགོས་ཞེས་བཀའ་ཕབས་ཡོད་པ་རེད།

ཨ་རིའི་ཡུ་གུར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨེལ་ཞཱ་ཐི ཧཱ་སན་གྱིས་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཟེར་བ་སྤེལ་ནས་ཡུ་གུར་བའི་མིང་ཐོབ་དང་། རིག་གཞུང་། སྲོལ་རྒྱུན། དད་མོས་སོགས་རྩ་མེད་དུ་གཏོང་འཆར་ཡོད་པ་མ་ཟད། མཐར་མཇུག་གི་དམིགས་ཡུལ་ནི་ཡུ་གུར་མི་རིགས་རྒྱ་མི་རིགས་སུ་མཚུངས་བསྒྱུར་བྱེད་རྒྱུ་དེ་རེད་ཅེས་བརྗོད་འདུག