ཁ་བ་སྙིང་ལྕགས་ལགས་ང་ཚོ་དང་གཏན་དུ་བྲལ་སོང་།

IMG_5052
ཁ་བ་སྙིང་ལྕགས་འམ་སྙིང་ལྕགས་འབུམ།

བོད་རིགས་ན་གཞོན་རྩོམ་པ་པོ་དང་བྱིས་སྒྲུང་གསར་རྩོམ་མཁན་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ་ཆེད་སྟབས་མ་ལེགས་པར་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་གཞོན་སྐྱེས་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་གྲོངས་པའི་དོན་རྐྱེན་ཐད་ཁོང་གི་ལས་གྲོགས་ཚོས་དྲྭ་རྒྱའི་སྟེང་བཀོད་པའི་གནས་ཚུལ་ལ་གཞིགས་ན།

སྤྱི་ཟླ6པའི་ཚེས26ཉིན་གྱི་མཚན་མོའི་ཆུ་ཚོད20:00ཡས་མས་ཤིག་གི་སྟེང་བོད་ཀྱི་ན་གཞོན་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་པོའི་ནང་དུ་ཉ་རྒྱ་ལེན་པར་བསྐྱོད་དེ་སྟབས་མ་ལེགས་པར་འདས་གྲོངས་སུ་གྱུར་བ་རེད་ཅེས་དང་། དེ་བཞིན་གྲོངས་རྐྱེན་ཐད་གནས་ཚུལ་ནང་འདི་ལྟར་བཀོད་འདུག   སྤྱི་ཟླ6པའི་ཚེས25ཉིན་ཁོང་གིས་ས་གནས་ན་གཞོན་སྐོར་ཞིག་དང་ལྷན་དུ“མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ”(འདི་ནི་ཁོང་སྐུ་མ་གཤེགས་ཡར་སྔོན་གྱི་ཆེས་མཐའ་མཇུག་གི་སྐད་ཆ་ཡིན)བྱ་ཆེད་གྲུ་བཏང་ནས་གསེར་ཉ་འཛིན་པའི“རྒྱ་ཉ་བདའ”སྐོར་ཞིག་བཀག་འགོག་བྱས་མོད།  དེ་དག་གིས་ཁས་བླངས་མ་བྱས་པར་བསྟེན་ཉིན་གཉིས་པར་ཁོང་གིས་ན་གཞོན་སྐོར་ཞིག་ཁྲིད་དེ་མཚོ་ནང་དུ་འཕངས་པའི་ཉ་རྒྱ་མང་བོ་བླངས་ཤིང་དེ་གར་ཉ་འཛིན་པའི་མི་ཡང་ཟིན་པ་རེད།  ད་དུང་བརྙན་པར་སོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་འཐུས་ཚང་ཅན་ཡང་ལོན།   འོན་ཏེ་ཆེས་མཐའ་མཇུག་གི་ཉ་རྒྱ་དེ་ལེན་ཕྱིར་མཚོ་ནང་དུ་གོམ་པ་ཉི་ཤུ་ཙམ་ཕྱིན་རྗེས་ལོ་ན་ཉེར་དྲུག་ཡིན་པའི་ཚེ་སྲོག་གཞོན་ནུ་དེ་ཧམ་སེམས་ཀྱི་གྲིབ་མར་འབྱར་ནས་ང་ཚོ་དང་དུས་གཏན་དུ་གྱེས་སོང་ཨང་། ཞེས་བཀོད་འདུག

རྩོམ་པ་པོ་དང་བྱིས་སྒྲུབ་གསར་རྩོམ་མཁན་ཁ་བ་སྙིང་ལྕགས་ལགས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་དང་ས་གནས་མི་རིགས་ཀྱི་རྩིས་ཐང་སྲུང་སྐྱོབ་ཆེད་གཅེས་པའི་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་དེ་དྲྭ་ལམ་དུ་ཐོན་མ་ཐག མི་མང་པོ་ཞིག་གིས་མྱ་ངན་དང་གུས་འདུད། ཕྱིར་དྲན་དང་རྗེས་སུ་ཡི་རངས་སོགས་ཞུས་ཡོད་པ་དང་། དེ་ཡང་བྱང་ཨ་རི་ན་གནས་སྡོད་ཤེས་ལྡན་པ་འཇིགས་མེད་ནུབ་པས་འདི་ལྟར་བྲིས་ནས་མྱ་ངན་ཞུས་འདུག “ངའི་མཐོང་སྣང་གི་ཁོང་ནི། ན་གཞིན་བློ་སྤོབས་ཅན་དང་རྣམ་དཔྱོད་ཅན་། ཁ་རུ་ཁ་ཐུག་གི་གཤིས་ཀ་ཅན། སྒྱུ་རྩལ་གྱི་ཕྱོགས་སྣ་མང་པོར་འཇུག་པ་ཡངས་པོ་ཅན། མ་འོངས་པར་རེ་བ་ཡོད་མཁན་ཞིག་གོ འོན་ཀྱང་། ཁོང་འདས་སོང་། གློ་བུར་དུ་འདས་སོང་། དེ་ཡིས་ངེད་གྱི་སེམས་ལ་སྐྱོ་སྣང་བརྩེགས། རིག་གནས་པ་གཅིག་འདས་གྲོངས་སུ་ཕྱིན་ན། རིག་གནས་དེ་སྐྱོར་མཁན་དང་སྲུང་མཁན་གཅིག་ཇེ་ཉུང་ལ་སོང་བ་ཡིན་། ཁ་བ་སྙིང་ལྕགས་ནི་བོད་ཀྱི་རིག་གནས་སྲུང་མཁན་མང་པོའི་ཁྲོད་ཀྱི་གཅིག་ཡིན། འབུར་དུ་ཐོན་པ་གཅིག་ཡིན། ཁོང་ལ་སེམས་གཏིང་ནས་མྱ་ངན་ཞུ།”ཞེས་དང་། དེ་བཞིན་ཁ་བ་སྙིང་ལྕགས་དང་སློབ་ཆེན་སློབ་གྲོགས་ཡིན་པ་འོད་ཐིག་ལགས་ཀྱིས་ཁོང་གིས་ཤེས་པའི་ཁ་བ་སྙིང་ལྕགས་དང་ད་ལྟའི་སེམས་ཚོར། གདེང་འཇོག་འདི་ལྟར་བྱས་བྱུང་། “ཁ་བ་སྙིང་ལྕགས་དང་ངེད་གཉིས་ཉིས་སྟོང་བཅུའི་ལོར་ངོ་ཤེས་ནས། དུས་རྒྱུན་དུ་སོ་སོའི་དགའ་ཕྱོགས་དང་ཕུགས་བསམ་གླེང་རོགས་གྲོགས་པོར་ཆགས་ཡོད། ཁོང་ལ་མཚོན་ན། སློབ་ཆེན་དུས་སྐབས་ནས་བཟུང་སྒྲིག་གཞིའི་འོག་ལས་དཀའ་ལ་མི་དགའ་ནས། ཡིག་རྒྱུགས་སྣ་ཚོགས་སྤྲད་ནས་གཞུང་ཞབས་ཤིག་བྱ་རྒྱུའི་འདོད་པ་དང་འཆར་གཞི་ཡེ་ནས་མེད་ཅིང་། རང་དབང་གི་འཚོ་བ་ལ་དགའ་བ། རང་ནུས་གང་ལྕོགས་དང་། དགའ་ཕྱོགས་ལྟར། རང་སྟེང་ནས་འགྲོ་རྒྱུའི་ཕུགས་བསམ་ཅན་ཞིག་དང་། སློབ་གྲོགས་གཞན་དང་བསྡུར་ན་དེ་འདྲའི་སྒེར་གཤིས་ཁྱད་པར་པ་ཡོད་མཁན་ཞིག་ཡིན། ཁོང་ནི་བསམ་ཐུབ་པ་སྒྲུབ་ཀྱང་ཐུབ་པའི་ན་གཞོན་ཕུགས་བསམ་ཅན་ཞིག་ཡིན། གློ་བུར་དུ་ཁོང་གྲོངས་པའི་གནས་ཚུལ་གོ་དུས། སེམས་སུ་སྡུག་བསྔལ་ཚད་མེད་པ་ཞིག་སྐྱེས། ཁ་བ་སྙིང་ལྕགས་ལ་མཚོན་ན། དེང་སང་གི་ན་གཞོན་ཁྲོད་ཀྱི་རེ་ལྟོས་ཅན། ཕུགས་བསམ་ཅན། དེ་མིན་ད་དུང་བྱ་བ་གང་ཞིག་བསྒྲུབ་ཀྱང་འཆར་གཞི་དང་ལྡན་པ། འཆར་གཞི་དེ་ལྟར་སྒྲུབ་ཐུབ་མཁན་ཞིག་ཡིན། དེའི་སྟབས་ཀྱིས། དེ་ལྟ་བུའི་ན་གཞོན་ཞིག་བོད་ན་མང་པོ་མེད་ལ། དེ་འདྲའི་ཕུལ་བྱུང་ན་གཞོན་ཞིག་གློ་བུར་དུ་མེད་སོང་ན། དེ་ནི་ང་ཚོའི་གྱོང་གད་ཚབས་ཆེན་ཞིག་རེད་། ང་རང་གིས་དེ་བསམ་གྱིན་ཡོད”། ཟེར།

ཁ་བ་སྙིང་ལྕགས་ལགས་ཀྱིས་དེ་སྔ་བཅར་འདྲི་ཞིག་གི་སྐབས“ངའི་ལས་ཀ་གཙོ་བོ་ནི་བྱིས་སྒྲུང་གསར་རྩོམ་བྱེད་རྒྱུ་དེ་ཡིན། ང་དང་གྲོགས་པོ་འགས་མཉམ་དུ་ཨ་ནུ་དཔེ་ཚོགས་ཞེས་པའི་བོད་ཀྱི་ན་ཆུང་སློབ་མའི་དཔེ་རིས་དེབ་ཅིག་བཟོ་བཞིན་ཡོད། ཁོམ་པ་ཡོད་དུས་སྙན་ངག་འབྲི་བ་དང་གློག་བརྙན་ལ་བལྟ་བཞིན་ཡོད།”ཅེས་རང་གི་ལས་ཀ་དང་དགའ་ཕྱོགས་ངོ་སྤྲོད་བྱས་པ་ནང་བཞིན། ཁ་བ་སྙིང་ལྕགས་ཀྱིས་གཙོས་པའི་ཁོ་ཚོ་མི་འགས་ན་ཆུང་བྱིས་པའི་ཀློག་དེབ༼ཨ་ནུ་དཔེ་ཚོགས༽ཞེས་པ་གསར་རྩོམ་གྱིས་བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་སྐྱེས་ཆེན་དག་མཛད་རྗེས་གོ་སླའི་བྱིས་སྒྲུང་གི་ལམ་ནས་རྩོམ་འབྲི་བྱས་ཏེ་བོད་རང་ཉིད་ཀྱི་འཚོ་བ་དང་ལོ་རྒྱུས་བརྗོད་བྱར་གྱུར་པའི་བྱིས་སྒྲུང་གསར་རྩོམ་བྱེད་བཞིན་ཡོད།

ཁོང་གི་བརྩམས་ཆོས་སུ་ལྷུག་རྩོམ་དེབ༼འབུ་མེ་ལྕེབས༽དང་། བྱིས་སྒྲུབ་དེབ༼འབུ་མེ་ལྕེབས༽། དངོས་བཤུས་གློག་བརྙན༼རྫ་ཆུ་ཁའི་བྱིས་པ༽གཞན་ད་དུང་དུས་དེབ་དང་དྲ་རྒྱའི་སྒང་དུ་འབོལ་རྩོམ་དང་སྙན་ངག་མང་ཙམ་སྤེལ་མྱོང་ཡོད། IMG_5068

བོད་རིགས་ན་གཞོན་རྩོམ་པ་པོ་དང་བྱིས་སྒྲུང་གསར་རྩོམ་མཁན་ཁ་བ་སྙིང་ལྕགས་ལགས་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། ཁོང་གི་དངོས་མིང་ལ་སྙིང་ལྕགས་འབུམ་ཟེར་ཞིང་། ཕྱི་ལོ ༡༩༨༩འི་ལོར་མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཅང་ཤེས་ཞེས་པའི་འབྲོག་སྡེ་རུ་སྐྱེས།  ༢༠༡༢ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་མཐར་ཕྱིན། ༢༠༡༣ལོའི་སྨད་ནས་བཟུང་ན་ཆུང་སློབ་མའི་ཀློག་དེབ༼ཨ་ནུ་དཔེ་ཚོགས༽ཀྱི་གསར་རྩོམ་ལས་ཀ་གཉེར་འདུག

གཤམ་དུ་ཁ་བ་སྙིང་ལྕགས་ལགས་ཀྱིས་ཕྱི་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ཏེ་སྐུའི་གྱ་སྟོན་གྱི་ཉིན་བྲིས་པའི་སྙན་ངག༼ཆར་གྱི་ཐིགས་པ༽ཞེས་པ་རྣམ་པ་ཚོར་ཕུལ་རྒྱུ་ཡིན་ལ། འདི་ནི་ཕལ་ཆེར་ཁོང་གི་མཐའ་མཇུག་གི་སྙན་ངག་དེའང་ཡིན་སྲིད།

ཆར་གྱི་ཐིགས་པ།

ཆར་གྱི་ཐིགས་པ་འདི་དག
རླངས་པས་དེད་ནས་ཡུན་རིང་ཕྱིན་མཐར
ཕ་ཡུལ་དྲན་པའི་སྐྱོ་གདུང་མ་ཐེག་པར
ལྷགས་རླུངས་ཞིག་ལྡང་པའི་གོ་སྐབས་དང་བསྟུན་ནས
ཕྱི་རང་ཡུལ་དུ་བབས་བྱུང

ཆར་ཐིགས་འདི་དག་ས་འདམ་གྱི་ཁྲོད་དུ་ལྷུང་རྗེས
ཟེགས་མ་མང་པོར་གྱེས་ཏེ
ཕྱིར་བར་སྣང་དུ་འཕྱོ་ཙམ་གནང་པ་ནི
ཕ་ཡུལ་དུ་ལོག་པའི་སྤྲོ་དགའ་མཚོན་བྱེད་དུ
གར་བྱེད་པ་དང་མཚུངས
ཁྱེད་ཀྱང་ཆར་ཐིགས་ཤིག་ཏུ་སྤྲུལ་ནས
གངས་རི་དང་འཁྱགས་ཀླུང་བརྒལ་ཏེ
ངའི་མགོ་ཐོག་གི་ནམ་མཁའ་རུ་ཕེབས་ཤིང
དེ་ནས་ཤག་ཤག་ཏུ་བབས་བྱུང་ན་ཅི་མ་རུང
གནས་འདི་རུ་ཁྱེད་ཀྱི་ཕ་གཞིས་ཀྱང་ཡོད་ཨང
༢༠༡༥/༦/༢༡