
ཁཱ་ནཱ་ཌའི་བུད་མེད་རྐང་རྩེད་སྤོ་ལོའི་རྟིང་རྩོད་ཕྱེད་ཀ[2]འི་སྐབས། འཛམ་གླིང་ཨང་རིམ་དང་པོ་ཡིན་པའི་ཇེར་མཱ་ནེ་ཨང་རིམ་གཉིས་པ་ཡིན་པའི་ཨ་མེ་རི་ཀས་ཕམ་པར་བརྒྱབས་པ་དང་། རྩ་བའི་ཆ་ནས་ཨ་རི་དང་ཇེར་མཱ་ནེའི་རུ་ཁག་གཉིས་ལ་བཟང་ངན་འབྱེད་དཀའ་ཡང་། ཉེས་ཆད་རྡོག་འཕུལ་གཉིས་ཀྱིས་རྒྱལ་ཕམ་གྱི་དབྱེ་བ་འབྱེད།
ཇེར་མཱ་ནེའི་པྲོག་རབ་ཀྱི་རྨི་ལམ་ཨ་རིས་དཀྲོགས། རུ་གཙོ་སིལ་ཝེ་ཡ ནའི་ཌིས (Silvia Neid) སྣེ་ཁྲིད་པའི་ཇེར་མཱ་ནེའི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་དེ་ཕྱི་ཟླ ༦ ཚེས ༣༠ ཉིན། ལོན་ཌོན་ཨོ་ལམ་ཕེ་ཁི་རྩེད་འགྲན་ཚོགས་ཆེན་གྱི་པྲོག་རབ་རུ་ཁག་ཏེ་ཨ་རི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཕམ་པར་བརྒྱབས་པས། ད་ལྟ་པྲོག་མཐའ་རྩོད་རྒྱུའི་གོ་སྐབས་ལས་ལྷག་མེད།
མཚན་མོ་དེར། ཁཱ་ནཱ་ཌའི་མོན་ཊི་རོད (Montreal) ཨོ་ལམ་ཕེ་ཁི་རྩེད་ཐང་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་སྤོ་ལོ་ཞེན་པ་པོ ༥༡༠༠༠ ལྷག་གིས་ཨ་རི་དང་ཇེར་མཱ་ནེའི་རྒྱལ་དར་གདོང་དང་ལུས་སྟེང་དུ་བྲིས་ཤིང་ལག་ཏུ་བཟུང་ནས། སོ་སོ་དགའ་སའི་རུ་ཁག་ལ་རྒྱབ་སྐྱོར་དང་ལར་ཞེན་མཚོན་སླད་ངར་སྐད་སྒྲོག་གིན་འདུག
འགྲན་བསྡུར་མགོ་བརྩམས་ནས་སྐར་མ ༦༩འི་མཚམས་སུ། ཨ་རིའི་རུ་ཁག་ལ་ཉེས་ཆད་རྡོག་འཕུལ་གྱི་གོ་སྐབས་ཤིག་རེག་ཅིང་། ཨི་རིའི་སྤོ་ལོ་རྩེད་མཁན་ཁར་ལི ལི་ཡོ་ཌི (Carli Lloyd) མདུན་ལ་བུད་ནས་སྤོ་ལོའི་སྒོ་ནས་གོམ་པ་བཅུ་གཉིས་ཀྱི་སར་བཞག་པའི་སྤོ་ལོ་གཟས་ནས་དལ་མིན་མགྱོགས་མིན་ངང་འདུར་ནས་བརྒྱུགས། ལྟད་མོ་བ་ཁྲི་ལྔས་དབུགས་ཀྱི་རྒྱུ་བ་འགག་ཅིང་། དུས་ཀྱི་བགྲོད་པའང་ཆད་པ་ལྟ་བུའི་དུས་ཡུན་སྐར་ཆ་གཉིས་ཙམ་གྱི་རྗེས་སུ། སྤོ་ལོ་དེ་མདའ་བཞིན་རྒྱང་སེ་སྒོའི་རྒྱབ་ཀྱི་དྲྭ་ངོར་བརྒྱབས་པ་དང་མཉམ་དུ་གནམ་ས་འདར་བའི་འུར་སྒྲས་བར་སྣང་ཁེངས་ཤིང་། ཨ་རིའི་སྤོ་ལོ་རྩེད་མཁན་མཛེས་མ་ཚོ་གཅིག་གཅིག་ལ་འཐམ་ནས་དགའ་བསུའི་གར་ལ་རོལ། དེ་ལས་ལྡོག་དེ་ཇེར་མཱ་ནེའི་མཛེས་མ་ཚོ་ངོ་ཤོར་ཞིང་ཕར་འགྲོ་ཚུར་འགྲོ་བྱས་ནས་བསྡད། རྒྱལ་ཁའི་དགའ་བསུ་དང་ཕམ་པའི་ངོ་ཤོར་གྱི་སྐབས་ཏག་ཏག་དེར། རྩིག་ངོས་ཀྱི་འཆར་ཤེལ་ཆེན་པོའི་སྟེང་གི་བསྡུར་གྲངས་དེ་གོར་ཐིག་གཉིས་ནས 1:0 རུ་གྱུར། དེ་བཞིན་འགྲན་བསྡུར་དེ་སྐར་མ ༨༤ར་བསླེབས་དུས། ཨ་རིའི་ཚབ་བརྗེ་བྱས་པའི་མདུན་དཔུང་རྩེད་མཁན་ཁེ་ལེ ཨོ་ཧཱ་རཱས (kelley O’Hara) ཡང་སྤོ་ལོ་གཅིག་བླུགས་ནས། མཐའ་མའི་བསྡུར་གྲངས་དེ 2:0 རུ་ཆགས་ཤིང་། ཨ་རིའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐའ་མའི་རྟིང་རྩོད་ཀྱི་ཐོབ་ཐང་རེག
སྐར་མ ༦༠འི་མཚམས་སུ། ཇེར་མཱ་ནེ་ལའང་ཉེས་ཆད་རྡོག་འཕུལ་གྱི་གོ་སྐབས་ཤིག་ཐོབ་ཀྱང་། མདུན་དཔུང་རྩེད་མཁན་སེ་ལེ་ཡ སཱ་སེ་ཆི (Celia Sasic ) ཡིས་སྤོ་ལོ་སྒོའི་ནང་མ་རྒྱོབ་པས། ཇེར་མཱ་ནེའི་པྲོག་རབ་གྱི་གོ་སྐབས་ཡག་ཤོས་དེ་ཤོར་བ་རེད།
བཞི་ཆའི་གཅིག་རྟིང་རྩོད་དང་མི་འདྲ་བར། ཇེར་མཱ་ནེའི་རུ་གཙོ་ནའི་ཌིས་རྩེད་སྟངས་ལ་འགྱུར་བ་བཏང་ནས། དེ་སྔོན་བྱང་བུ་སེར་པོའི་ཉེས་ཆད་ཕོག་ནས་ཞུགས་སྐལ་ཆད་པའི་སཱ་སི་ཁེ་ཡ བྷར་ཐུ་སེ་ཡ་ཁི་ཡིས (Saskia Bartusiak) བྷ་བྷི་ཊི ཕེ་ཊིར (Babett Peter) གྱིས་ཚབ་བྱས། དེ་བཞིན་ཨ་རིའི་རུ་གཙོ་རྗེད ཨེ་ལི་སི་ཡིས་ཀྱང (Jill Ellis) བྱང་བུ་སེར་པོ་རེག་ནས་ཞུགས་སྐལ་བཅད་ནས་ཉེས་ཆད་དུས་ཡུན་ལོང་པའི་ལའོ་རན ཧའོ་ལི་ཌེ་དང (Lauren Holiday) མེ་གྷན ར་ཕི་ནོ་གཉིས་ཀྱིས (Megan Rapinoe) ཨེ་མེ རའོ་ཌི་རེ་གྷུ་ཙེ (Amy Rodriguez) དང་ཨོ་ཧཱ་རཱའི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས།
འགྲན་བསྡུར་མགོ་བརྩམས་དུས། རུ་ཁག་གཉིས་ཀས་དཔུང་འཇུག་དྲག་པོ་བྱས་ཤིང་། སྤོ་ལོ་སྒོ་རུ་འཇུག་རྒྱུའི་གོ་སྐབས་ཀྱང་རུ་ཁག་གཉིས་ཀར་མང་པོ་འདུག ལྷག་པར་དུ་ཨ་རིར་སྤོ་ལོ་སྒོར་འཇུག་རྒྱུའི་གོ་སྐབས་མང་པོ་རག གྲུ་ཟུར་གྱི་གོ་སྐབས་བཟུང་ནས་ཨ་རིའི་རྩེད་མཁན་དྲག་ཅན ཇུ་ལི རྗང་སི་ཊོན (Julie Johnston) གྱིས་མགོས་བརྒྱབས་ནས་སྤོ་ལོ་སྒོར་འཇུག་ཐབས་བྱས་ཀྱང་། ཇེར་མཱ་ནེའི་སྒོ་སྲུང་ནཱ་ཌིན ཨན་གྷི་རེར (Nadine Angerer) གྱིས་མགྱོགས་མྱུར་ངང་རྐང་པས་བཀག དེ་ནས་ཅུང་མ་འགོར་བར། སྒོ་སྲུང་ཨན་གྷི་རེར་གྱིས་ཨ་རིའི་རྩེད་མཁན་ཨ་ལེ་ཁི་སི མོར་གྷན (Alex Morgan) གྱི་སྤོ་ལོ་ཡང་བཀག
ཆུ་ཚོད་ཕྱེད་ཀའི་མཚམས་སུ། ཇེར་མཱ་ནེའི་ཨ་ལེ་ཁི་སི་ཟན་ཌི་ར ཕབ (Alexandra Popp) དང་ཨ་རིའི་མོར་གྷན བྷི་རན (Morgan Brine) གཉིས་མགོ་ཐུག་བརྒྱབས་ནས་གཉིས་ཀ་རྨས་ཀྱང་། སྨན་བཅོས་ཀྱི་རྗེས་སུ། གཉིས་ཀ་ཡང་བསྐྱར་འགྲན་བསྡུར་ནང་ཞུགས།
འགྲན་སྐོར་ཕྱི་མའི་སྐབས། ཇེར་མཱ་ནེ་ལ་གོ་སྐབས་ཡག་པོ་ཞིག་ཐོབ། ཨ་རིའི་རྗང་སི་ཊོན་གྱིས་སྦས་ལུང་གི་ནང་དུ་ཁྲིམས་འགལ་བྱས་རྐྱེན་རའོ་མཱ་ནེའི་ཁྲུན་གཅོད་ཊེ་ཌོ་ར ཨལ་པོན (Teodora Albon) གྱིས་ཉེས་ཆད་རྡོག་འཕུལ་དུ་ཐག་གིས་བཅད་ཀྱང་། ནམ་རྒྱུན་བརྟན་ཞིང་ལྷོད་པའི་ས་སེ་ཆི་ཡིས་མ་བསམ་ས་ནས་སྤོ་ལོ་སྒོར་འཇུག་མི་ནུས།
མཇུག་མཐར། ཇེར་མཱ་ནེའི་རྩེད་མཁན་ཚོ་ཟུངས་ཟད་ཤུགས་རྫོགས་ནས། གནས་སྟངས་ལ་ཁ་ལོ་བསྒྱུར་མ་ནུས། ཕྱི་ལོ ༢༠༠༣ ལོར་རྟིང་རྩོད་ཕྱེད་ཀའི་སྐབས་ཇེར་མཱ་ནེ་ཡིས་ཨ་རི་ཕམ་པར་བརྒྱབས་པ་རེད། ད་ཐེངས་ཨ་རིས་ལོ ༡༢ ལ་ཁུར་བའི་ཕམ་ཁའི་སྙིང་ནད་དེ་རྩོད་ཐུབ་སོང་།
ཇེར་མཱ་ནེའི་སྒོ་སྲུང་ཨན་གྷི་རེར་གྱིས། “ཡིད་ཆད་དང་བློ་ཕམ་པའི་ཚོར་བ་ཡོད་དང་ཡོད། ཡིན་ན་ཡང་། ཐེངས་འདིའི་འགྲན་བསྡུར་ཡོངས་ལ་བསམ་ཚེ། ང་ཚོས་གྲུབ་འབྲས་ཆེན་པོ་བླངས་ཡོད།” ཅེས་དང་། དེ་བཞིན་ཇེར་མཱ་ནེའི་རུ་གཙོ་ཡིས་ཀྱང “ང་ཚོ་ཕམ་རྐྱེན་གཙོ་བོ་ནི་དཔུང་འཇུག་ཡག་པོ་བྱེད་ཐུབ་མེད” ཞེས་བརྗོད་འདུག ཁེ་ར་ཨིན་གྱིས་བློ་ཕམ་ཞིང་ཡིད་ཆད་པའི་ངང “ཁྲུན་གཅོད་གྱི་ཐག་གཅོད་དེ་རྩོད་གཞི་ཡོད་ཀྱང་། ངས་སྦས་ལུང་ནང་ཁུལ་དུ་སྒྲིག་འགལ་དེ་བྱེད་མི་དགོས་བཞིན་དུ་བྱས་པ་རེད” ཞེས་འགྱོད་བཤད་བྱས་འདུག
ཨ་རིའི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་དེ་མཐའ་མའི་རྟིང་རྩོད་ནང་སླེབས་ཡོད་ལ། པྲོག་རབ་ཐོབ་རྒྱུའི་རེ་བ་ཤིན་ཏུ་ཆེ།
ཇེར་མཱ་ནེའི་རུ་ཁག་གིས་ཕྱི་ཚེས་བཞིའི་ཉིན། པྲོག་མཐའ་རྩོད་དགོས་ཤིང་། འགྲན་ཡ་ནི་ཉི་ཧོང་དང་དབྱིན་ཇི་གཉིས་ལས་སུ་ཕམ་ན་དེ་ཡིན།
དེ་བཞིན་དུ་ཕྱི་ཚེས་དྲུག་ཉིན་ཨ་རིས་དབྱིན་ཇི་དང་ཉི་ཧོང་རུ་ཁག་གཉིས་ལས་སུ་རྒྱལ་ན་སུ་དང་མཉམ་དུ་ཐེངས་འདིའི་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོའི་པྲོག་རབ་རྩོད་དགོས་པ་རེད།
ངས་པྲོག་རབ་ཨ་རི་ལ་ཐོབ་རྒྱུ་ཁག་ཐེག་བྱས་པ་ཡིན། རྣམ་པ་ལྷན་རྒྱས་ཚོའི་དགོངས་ཚུལ་ག་འདྲ་ཡིན་ནམ།
[1] པྲོག་ནི་རྩེ་མོའི་དོན་ལ་མཇུག་པ་དང་། ཨང་དང་པོར་གོ་ཆོག དེ་བཞིན་རང་རེའི་བོད་ལ་རབ་འབྲིང་མཐའ་མའི་དབྱེ་སྲོལ་ཡོད་པ་ལྟར། ཨང་དང་པོ། གཉིས་པ། གསུམ་པ་ལ་པྲོག་རབ། པྲོག་འབྲིང་། པྲོག་མཐའ་ཞེས་བཏགས་ན་དོན་དང་མཐུན་ལ་ཚིག་ཀྱང་བདེ་བར་སྙམ།
[2] མཐའ་མའི་རུ་ཁག་བཞིས་ཨང་གཉིས་པ་སྟེ་པྲོག་འབྲིང་རྩོད་ཀྱིན་པས། རྟིང་རྩོད་པྱེད་ཀ་ཞེས་བཏགས་པ་ཡིན།